༄༅། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པའི་དོན་རྣམ་པར་བཤད་པ་དབུ་མའི་སྣང་བ་གསལ་བ་ཞེས་བྱ་བ་བཞུགས་སོ།།[1]
༼བླ་ཁོ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་ (1866-1948) མཛད།༽
༄༅། །ན་མོ་དྷརྨ་ཀཱ་ཡ་ཡ། སྟོང་ཉིད་ཟབ་མོའི་ང་རོ་ཡིས། །སྨྲ་ངན་རི་སྐྱེས་འདེགས་བྱེད་པ། །བཅོམ་ལྡན་སྨྲ་བའི་སེང་ཆེན་གྱིས། །དགེ་ལེགས་སྣང་བ་དམ་པས་སྐྱོངས། །ཉོན་མོངས་རྩུབ་རེག་དང་བྲལ་བས། །འཇམ་པའི་དཔལ་ཞེས་རབ་གྲགས་པ། །གསུང་གི་དབང་ཕྱུག་སྨྲ་བ་ཆེས། །ཤེས་རབ་སྣང་བའི་མཆོག་སྦྱིན་མཛོད། །ལྟ་ངན་བུད་ཤིང་ཀུན་བསྲེགས་ཤིང་། །འཁོར་བའི་དགྲ་སྡེ་ལས་རྒྱལ་བ། །ཟབ་མོའི་མཛོད་ལྡན་ཀླུའི་དབང་པོ། །སངས་རྒྱས་གཉིས་པ་དེ་ལ་འདུད། །
ཟབ་གསང་གནད་དོན་ཀུན་གསལ་བའི། །བློ་བཟང་རྒྱལ་བའི་ཉིན་བྱེད་དབང་། །གྲགས་པའི་འོད་སྣང་རབ་འབར་བ། །བསྟན་པའི་སྒྲོན་མེ་དེ་ལ་འདུད། །གཉིས་སྤངས་དབུ་མའི་ལམ་ཡངས་པོ། །གསལ་བར་སྣང་བའི་ཟབ་བརླིང་གཞུང་། །ཆ་ཙམ་བཀྲོལ་བའི་ཟླ་ཚེས་ནི། །ཕྲ་ཡང་ཕན་འདོད་གོ་ལས་དྲངས།།
དེ་ཡང་འཇིག་རྟེན་ཀུན་དང་མི་མཐུན་པའི་གཏམ་གྱི་གཞིར་གྱུར་པ་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་ཐུགས་རིན་པོ་ཆེ་རྒྱུད་ལ་འཁྲུངས་ཤིང་། འགྲོ་ལ་གཅིག་ཏུ་མཉེས་གཤིན་པའི་བྱམས་པ་དང་སྙིང་རྗེས་དྲངས་པའི་ཚོགས་གཉིས་ཀྱི་སྤྱོད་པ་མཐར་ཕྱིན་ཏེ་གྲུབ་པའི་གོ་འཕང་མཐོན་པོ་བརྙེས་པའི་རྒྱལ་སྲས་བདག་ཉིད་ཆེན་པོ། རྒྱལ་བའི་བསྟན་པ་ལ་རྒྱལ་བའི་མཛད་པ་ཉེ་བར་སྒྲུབ་པར་རྒྱལ་བས་ལུང་བསྟན་ཅིང་། དམ་པའི་ཆོས་ཀྱི་སྒྲ་ཆེན་པོ་ལན་གསུམ་དུ་བསྒྲགས་པ༌མཐའ་དག་བསྟན་པའི་དཔལ་དུ་གྱུར་ཏེ། ཕྱི་མར་བདེ་བ་ཅན་དུ་གཤེགས་ནས་མཐར་གྱིས་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་དེ་བཞིན་བཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་མངོན་པར་འཚང་རྒྱ་བ། མཐའ་གཉིས་སྤངས་པའི་དབུ་མའི་ལམ་སྲོལ་གསར་དུ་ཕྱེ་བས་ཤིང་རྟའི་སྲོལ་འབྱེད་ཆེན་པོ་ཞེས་འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་ཅིང་། གྲགས་སྙན་གྱི་བ་དན་དཀར་པོ་ས་གསུམ་མངོན་པར་གཡོ་བ་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དབུ་མའི་སྣང་བ་ཞེས་གྲགས་པ་དེ་ཉིད་འཆད་པ་ལ། མཚན་དོན་དང་། གཞུང་དངོས། མཇུག་གི་རིམ་པ་དང་གསུམ།
དང་པོ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་དབུ་མའི་སྣང་བ་ཞེས་བྱ་བ་ཞེས་བྱུང་། དེ་ཡང་དོན་གཉིས་ཕུན་སུམ་ཚོགས་པའམ་ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང་། འགྲོ་བ་རྣམས་སྡུག་བསྔལ་གསུམ་སོགས་ཉམ་ཐག་པའི་གནས་ལས་འདྲེན་པར་མཛད་པས་ན་དཔལ་མགོན་དང་། ཚིག་གསལ་ལས། གང་ཞིག་མཐའ་གཉིས་གནས་ལ་གནས་བསལ་ཞིང་། །རྫོགས་སངས་རྒྱས་བློ་རྒྱ་མཚོར་སྐྱེ་བ་བརྙེས། །དམ་ཆོས་མཛོད་ཀྱི་ཟབ་མོ་ཉིད་ཇི་ལྟར། །རྗེས་སུ་རྟོག་ཅིང་ཐུགས་རྗེས་སྟོན་པར་མཛད། །གང་ཞིག་ལྟ་བའི་མེ་དག་གིས། །ད་དུང་ཕས་རྒོལ་གཞུང་ལུགས་ཀྱི། །བུད་ཤིང་དང་ནི་འཇིག་རྟེན་གྱི། །ཡིད་ཀྱི་མུན་རྣམས་འཇོམས་པར་མཛད། །ཅེས་པ་ལྟར། གཉིས་སྤངས་ཟབ་མོའི་བློ་མངའ་བ། དམ་ཆོས་ཟབ་མོའི་མཛོད་དང་ལྡན་པ། ལྟ་བ་ངན་པའི་བུད་ཤིང་བསྲེག་པ། འཇིག་རྟེན་ཡིད་ཀྱི་མུན་པ་སེལ་བ་བཞིས་ཀླུ་དང་འདྲ་མཚུངས་ཡོད་པ་དང་།
གང་ཞིག་གཉིས་མེད་གསུང་བ་མཛད་པའི་ཚོགས། །
ལྷ་དང་བཅས་པའི་གདུལ་བྱའི་འཇིག་རྟེན་ལ། །
ཁམས་གསུམ་དག་ཏུ་རྒྱལ་ཐབས་ལེགས་མཛད་པ། །
སྲིད་པའི་དགྲ་སྡེ་མ་ལུས་འཇོམས་མཛད་པ། །
ཀླུ་སྒྲུབ་ཅེས། ཆོས་ཀྱི་རྒྱལ་སྲིད་སྐྱོང་བ་དང་། འཁོར་བའི་དགྲ་སྡེ་འཇོམས་པར་མཛད་པ་སོགས་ཀྱིས་སྲིད་སྒྲུབ་དང་ཆོས་མཚུངས་པས་ཀླུ་སྒྲུབ་ཅེས་མཚན་གསོལ་བ་དེ་ཉིད་ལ། ཆེས་ཆེར་གུས་བསྟོད་པས་ཞབས་ཞེས་གསུངས། དེ་ཡང་སྙན་ངག་མཁན་གྱི་རབ་བཏགས་དང་། གཅམ་བུ་དང་ཟོལ་བསྟོད་ལྟ་བུ་མིན་པར་ཡོན་ཏན་རང་བཞིན་བརྗོད་པའི་སྒོ་ནས་བསྟོད་པས་ན་བསྟོད་པ་དང་། བསྟན་བཅོས་ཀྱི་མཚན་འདོགས་ལུགས་ལ་རྩོམ་པ་པོ་དང་། ཞུ་བ་པོ་དང་། གང་དུ་གསུང་བའི་གནས་ཀྱིས་དང་། བརྗོད་བྱའི་སྒོ་ནས་ཏེ་སྣ་ཚོགས་ཡོད་པ་ལས་བརྗོད་བྱའི་སྒོ་ནས་བཏགས་པ་སྟེ། ལེགས་ལྡན་གྱིས། དབུས་ཉིད་དབུ་མའོ། །ཞེས་གསུངས་པ་ལྟར། རང་བཞིན་གྱིས་ཡོད་པའི་རྟག་མཐའ་དང་། ཐ་སྙད་ཙམ་དུའང་མེད་པའི་ཆད་མཐའ་རྣམས་བསལ་བའི་དབུ་མའི་ལམ་བཟང་པོ་དེ་ཉིད་ཚིག་གིས་གསལ་བར་སྟོན་པས་སྣང་བ་ཞེས་མཚན་གསོལ་ཏོ།།
གཉིས་པ་ལ་བསྟན་བཅོས་ལ་འཇུག་པའི་ཡན་ལག་དང་། འཇུག་བྱ་བསྟན་བཅོས་ཀྱི་ལུས་དངོས་གཉིས་ལས། དང་པོ་ལ་བཞི། སྟོང་པ་ཉིད་ལ་བརྟེན་ནས་རྟོགས་པ་ཡེ་ཤེས་སྐྱེས་ཚུལ་གྱི་སྒོ་ནས་མཆོད་པར་བརྗོད་པ། དེ་ལས་སྤང་བྱ་མི་མཐུན་ཕྱོགས་འཇོམས་ཚུལ་གྱི་སྒོ་ནས་མཆོད་པར་བརྗོད་པ། བསྟན་བཅོས་ཀྱི་ཆེ་བ་བརྗོད་པའི་སྒོ་ནས་མཆོད་པར་བརྗོད་པ། བཅུ་ཕྲག་ཤེས་བྱའི་གནས་ལ་མཁྱེན་པ་ཕུལ་དུ་ཕྱིན་པས་སངས་རྒྱས་གཉིས་པར་གྲགས་པའི་མཚན་དོན་གྱི་སྟེང་ནས་མཆོད་པར་བརྗོད་པའོ། །དང་པོ་ནི།
རྒྱལ་བས་ཆོས་ཚུལ་གང་བསྟན་པ། །འགྲོ་བ་མུན་པས་ཁེབས་པ་ལ། །
འོད་གསལ་བ་ཡི་ཕྱིར་ཡིན་པས། །སྒྲོན་མ་ཀླུ་སྒྲུབ་རྒྱལ་གྱུར་ཅིག །
ཅེས་བྱུང་། དེ་ལ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ནི། གདུལ་བྱ་འཁོར་བ་ལས་དྲངས་པའི་ཆེད་འབའ་ཞིག་ཡིན་ལ། དེ་ཡང་སྡིག་པ་ཆུས་འཁྲུ་བ་དང་། སྡུག་བསྔལ་ཕྱག་གིས་སེལ་བ་སོགས་བྱར་མེད་པས། གསུང་རྗེས་བསྟན་གྱི་ཆོ་འཕྲུལ་གྱི་སྒོ་ནས་གྲོལ་བར་བྱ་དགོས་ཏེ།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །
ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ། །
ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །
ཅེས་གསུངས། དེས་ན་གང་གསུངས་ཐམས་ཅད་ཀྱང་ཐར་པ་ཐོབ་པའི་ཐབས་སུ་མ་གྱུར་པ་མེད་དེ། རྗེ་ཐམས་ཅད་མཁྱེན་པས།
ཁྱོད་ཀྱི་ཇི་རྙེད་བཀའ་སྩལ་པ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །
དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །
ཅེས་གསུངས། དེ་ལྟ་ནའང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། མི་རྟག་སྡུག་བསྔལ་སྟོང་པ་ཞེས། །བྱ་བ་གསུམ་པོ་སེམས་སྦྱོང་བྱེད། །མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་གསུངས་པ་ལྟར། ངེས་ལེགས་ཐར་པ་སྒྲུབ་པ་ལ་མེད་མི་རུང་བའི་ལམ་གྱི་གཙོ་བོ་ནི། ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་ཉིད་ཡིན་ཏེ། མདོ་ལས།
སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །
མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །
དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །
རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །
ཅེས་དང་། ལེགས་བཤད་སྙིང་པོ་ལས། ཆོས་རྣམས་ཀྱི་དེ་བཞིན་ཉིད་ནི་ཤིན་ཏུ་རྟོགས་པར་དཀའ་བ་དང་། མ་རྟོགས་ན་འཁོར་བ་ལས་མི་གྲོལ་བར་གཟིགས་ནས་ཐུགས་རྗེ་ཅན་གྱིས་སྟོན་པས་ཐབས་ཀྱི་ཚུལ་དང་། རིགས་པའི་སྒོ་དུ་མ་ཞིག་གིས་དེ་ཁོང་དུ་ཆུད་པ་ལ་འཛུད་པར་གསུངས་སོ། །ཞེས་གསུངས། དེ་ཡང་རྒྱུ་མཚན་གང་གི་ཕྱིར་ན། རིགས་པ་དྲུག་ཅུ་པར།
འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །
ཞེས་དང་། རྩ་ཤེས་ལས། མ་རིག་སྒྲིབ་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ། །ཞེས་གང་ཟག་དང་ཆོས་ལ་དམིགས་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བདེན་འཛིན་གྱི་མ་རིག་པའི་མུན་པ་དེ་ཉིད་ཀྱིས་དེ་ཁོ་ན་ཉིད་མཐོང་བ་ལ་བསྒྲིབས་པའི་དབང་གིས་སྒོ་གསུམ་གྱི་འདུ་བྱེད་མངོན་པར་འདུ་བྱས་པས་འགྲོ་བ་སྟེ་རིགས་དྲུག་གི་འཁོར་བར་འཁྱམས་པར་གསུངས་པའི་ཕྱིར་ན། འཁོར་བ་ལྡོག་པ་ལ་དེ་ཁོ་ན་ཉིད་མཐོང་བའི་ཡེ་ཤེས་ཀྱི་སྣང་བ་ངེས་པར་བསྐྱེད་པར་བྱ་དགོས་ཏེ། དཔལ་ལྡན་དཔའ་བོས།
འཇིག་རྟེན་གཉིས་ཀར་སྨན་གདགས་སླད། །འཇིག་རྟེན་ལས་ནི་འདའ་སླད་དུ། །
མུན་པར་གྱུར་པའི་འཇིག་རྟེན་ལ། །ཁྱོད་ཀྱིས་ཤེས་རབ་སྣང་བར་མཛད། །
ཅེས་དང་། ལམ་རིམ་ལས་ཀྱང་། དེ་ཁོ་ན་ཉིད་ཤེས་པའི་སྣང་བ་མ་བྱུང་བར་དུ་རྨོངས་པའི་མུན་པ་མི་ལྡོག་ཅིང་། བྱུང་ན་ལྡོག་པས་སེམས་རྩེ་གཅིག་པའི་ཞི་གནས་ཙམ་གྱིས་ཡེ་ཤེས་དག་པར་མི་འགྱུར་ལ། རྨོངས་པའི་མུན་པ་ཡང་མི་ལྡོག་པ་དེའི་ཕྱིར། དེ་ཁོ་ན་ཉིད་བདག་མེད་པའི་དོན་ངེས་པའི་ཤེས་རབ་བཙལ་བར་བྱའོ། །ཞེས་གསུངས་སོ།།
དོན་འདི་དག་ལ་དགོངས་ནས་འདིར་ཡང་། མུན་པས་ཁེབས་པའི་འཇིག་རྟེན་ལ། །འོད་གསལ་བ་ཡི་ཕྱིར་ཡིན་པས། །ཞེས་གསུངས་ལ། འོད་གསལ་ནི་བཤད་རྒྱུད་རྡོར་ཕྲེང་ལས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱབ། །མདོར་བསྡུས་ཆོས་ཀྱི་ཕྱག་རྒྱའོ། །ཞེས་པ་ལྟར་སྔགས་ཀྱི་ཐུན་མོང་མ་ཡིན་པའི་འོད་གསལ་ཡང་ཡོད་མོད། འདིར་གཉིས་ཀའི་ཐུན་མོང་གི་འོད་གསལ་དང་སྦྱར་ཏེ་འཆད་ན། མདོ་ལས།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །
སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །
མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །
ཞེས་གསུངས་པ་ལྟར། དག་པ་གཉིས་ལྡན་གྱི་ཆོས་སྐུར་མ་ཟད། སློབ་པའི་རང་བཞིན་རྣམ་དག་གི་ཆོས་ཉིད་ཡུལ་ཅན་དང་བཅས་པ་ལ་ཡང་འོད་གསལ་གྱི་སྒྲ་འཇུག་ལ། དེ་ཡང་རྩ་ཤེས་ལས།
གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །
རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །
ཞེས་འཕགས་པ་རྣམས་ཀྱིས་རང་གིས་ཟག་པ་མེད་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ལས་གཞན་གྱིས་བསྟན་པ་ཙམ་གྱིས་རྟོགས་པར་བྱ་བ་མིན་པས་གཞན་ལས་ཤེས་མིན་ཏེ་ཟབ་པ་དང་། ངོ་བོ་ཉིད་ཀྱིས་ཡོད་པའི་རང་བཞིན་དང་བྲལ་བས་ཞི་བ་དང་། དོན་རྣམས་སྤྲོ་བར་བྱེད་པའི་ངག་གིས་མ་སྤྲོས་པ་སྟེ་མ་བརྗོད་པས་སྤྲོས་བྲལ་དང་། སེམས་ཀྱི་རྣམ་རྟོག་དང་བྲལ་བས་འོད་གསལ་དང་། ཆོསརྣམས་ཀྱི་དབྱིངས་ལ་མི་འདྲ་བ་མེད་པས་ཐ་དད་མེད་པ་སྟེ། མཚན་ཉིད་ལྔ་གསུངས་པའི་རྣམ་རྟོག་མེད་པའི་དོན་མཉམ་བཞག་གི་ཚེ་སེམས་ཀྱི་རྒྱུས་རྣམ་རྟོག་བྲལ་བ་ལ་གསུངས་ཀྱང་། རྣམ་འགྲེལ་ལས།
སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་རྣམས་ནི་གློ་བུར་བ། །
ཞེས་དྲི་མ་སེམས་ཀྱི་རང་བཞིན་ལ་མ་ཞུགས་པའི་ཆ་ནས་གསུངས་པ་དགག་བྱའི་ཁྱད་ཙམ་མ་གཏོགས་འདིར་ཡང་འདྲའོ། །དེས་ན་ཏིང་འཛིན་རྒྱལ་པོ་ལས།
སངས་རྒྱས་ཀུན་གྱི་ཆོས་མང་པོ། །ཇི་སྙེད་རབ་ཏུ་བསྟན་པ་རྣམས། །
ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །
ཞེས་དང་། ཀ་མ་ལ་ཤཱི་ལས་ཀྱང་། བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུངས་པ་སྟེ། མངོན་སུམ་དུའམ་བརྒྱུད་པས་དེ་ཁོ་ན་མངོན་དུ་གསལ་བར་བྱེད་པ་དང་། དེ་ཁོ་ན་ལ་གཞོལ་བ་ཉིད་དོ། །ཞེས་དང་། ཇོ་བོ་ཆེན་པོས་ཀྱང་།
ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གསུངས་པ་ཐམས་ཅད་ནི། །
ཆོས་ཉིད་འདི་ལ་གཞོལ་ཞིང་འབབ། །
ཅེས་གསུངས་པ་དང་། འདིའི་རྒྱལ་བས་ཆོས་ཚུལ་གང་བསྟན་པ། །འོད་གསལ་བ་ཡི་ཕྱིར་ཡིན་པས། །ཞེས་པ་རྣམས་མཐུན་པས་ཆོས་ཉིད་གསར་རྟོགས་ཀྱི་དོན་དུ་སྦྱར་ན་འབྲེལ་ཆེ་སྟེ། རྩ་ཤེས་ལས།
ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་ནུས། །
དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་ནུས། །
ཞེས་དང་། བརྒྱ་པ་ལས།
ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །
འཇིག་རྟེན་པ་ཡི་མ་རྟོགས་པར། །འཇིག་རྟེན་བཟུང་བར་ནུས་མ་ཡིན། །
ཞེས་གསུངས་པ་ལྟར། དེ་ཁོ་ཉིད་རྟོགས་པ་ལ་ཐོག་མར་རྒྱུད་སྣོད་རུང་དུ་སྒྲུབ་པ་ཞིག་གལ་ཆེ་བས། རྒྱལ་བས་དྲང་དོན་གྱི་མདོ་སྡེ་སྣ་ཚོགས་པ་ཞིག་བཀའ་སྩལ་ཏོ། །གཞན་དུ། རྒྱུད་བླ་མ་ལས།
འདུས་མ་བྱས་ཤིང་རྣམ་དབྱེ་མེད། །མཐའ་གཉིས་དག་ནི་རྣམ་པར་སྤངས། །
ཉོན་མོངས་ཞེས་བྱ་སྙོམས་འཇུག་གི །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །
དྲི་མེད་རྣམ་པར་རྟོག་མེད་དང་། །རྣལ་འབྱོར་རྣམས་ཀྱི་ཡུལ་ཡིན་ཕྱིར། །
ཆོས་དབྱིངས་ངོ་བོ་ཉིད་ཀྱིས་ནི། །དག་པའི་ཕྱིར་ན་འོད་གསལ་བ། །
ཞེས་ངོ་བོ་ཉིད་སྐུ་མཚན་ཉིད་ལྔ་ལྡན་དུ་གསུངས་པ་དང་སྦྱར་ནའང་རུང་ངོ་།།
དེ་ལྟར་བཀའ་ཐམས་ཅད་དངོས་དང་བརྒྱུད་པས་དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཡིན་པ་དེ་ལྟ་ནའང་། དེའི་རྒྱུ་མཚན་གྱིས་སློབ་དཔོན་ལ་མཆོད་བརྗོད་བྱེད་པར་ཇི་ལྟར་འབྲེལ་སྙམ་ན། ཆེས་མཆོག་ཏུ་ཟབ་པའི་གནས་འདི་ནི་ས་འོག་གི་གཏེར་བཞིན་དུ་སྣང་མེད་དུ་གྱུར་པ་ན། སློབ་དཔོན་ཆེན་པོ་འདི་ཉིད་ཀྱིས་གསུང་གི་འོད་ཟེར་གྱིས་གསལ་བར་བྱས་པའི་བཀའ་དྲིན་ཁོ་ནས་མིན་ན། སྔོན་དང་ད་ལྟར་དང་། ཕྱིས་ཀྱི་གདུལ་བྱ་རྣམས་ཀྱིས་ཐེ་ཚོམ་གྱི་སྣང་བ་ཙམ་ཡང་བསྐྱེད་དཀའ་བས་ན། འདིའི་གསུང་གི་འཕྲིན་ལས་ནམ་ཡང་ཉམས་པ་མེད་པར་རྒྱལ་བའམ་རྒྱས་པར་གྱུར་ཅིག །ཅེས་སྨོན་པ་གནང་བས་དགོངས་པ་མཆོག་ཏུ་ཟབ་སྙམ་མོ། །འདིས་ནི་སློབ་དཔོན་གྱི་སྐུའི་ཆེ་བའི་ཡོན་ཏན་སྟོན་པས་བསྟོད་ཕྱག་ཀྱང་ཡིན་ལ།
ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། །ངེས་པར་བསྟན་པའང་དེ་ཡི་སྒོ། །
ཞེས་གསུངས་པ་ལྟར་གྱི་ཤིས་བརྗོད་དངོས་དང་། ཕྱག་བྱ་བ་དོན་གྱིས་དང་། བརྗོད་བྱ་མཐའ་དག་གི་སྡོམ་ལྟ་བུར་ཡོད་པས་ངོ་བོ་ངེས་བསྟན་ཏེ་གསུམ་ཆར་ཚང་ངོ་།།
གཉིས་པ་ནི། དམིགས་པས་དམིགས་པ་རྣམ་མང་བས། །འགྲོ་བ་དུབ་པར་གྱུར་པ་རྣམས། །དམིགས་པ་མེད་པ་ཞི་བའི་བདེར། །འཁྲིད་པ་ཁྱོད་ནི་དེད་དཔོན་ལགས། །ཞེས་གསུངས། འདི་ནི་སྤྱོད་འཇུག་ལས། ནམ་ཞིག་དམིགས་པ་མེད་ཚུལ་དུ། །གུས་པས་བསོད་ནམས་ཚོགས་བསགས་ཏེ། །དམིགས་པ་ཕུང་བར་གྱུར་རྣམས་ལ། །སྟོང་པ་ཉིད་ནི་སྟོན་པར་འགྱུར། །ཞེས་དང་། འཇུག་པ་ལས། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་བ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་གསུངས་པ་རྣམས་དང་དོན་འདྲ་ཞིང་། འདིའི་དམིགས་པའམ་དམིགས་བྱེད་དེ་སྔ་མ་བདེན་འཛིན་དང་། ཕྱི་མ་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ལ་གོ་དགོས་ལ། དེ་ཡང་ཕྱེད་སྔ་མས་འཁོར་བར་འཇུག་ཚུལ་དང་། ཕྱི་མས་འཁོར་བ་ལས་ལྡོག་པའི་ཚུལ་སྟོན་ཏེ། ཚིག་དོན་མདོར་བསྡུ་ན། ཆོས་རྣམས་རང་བཞིན་གྱིས་མེད་པ་ལ་རང་བཞིན་དུ་དམིགས་པའི་ཕྱིན་ཅི་ལོག་གི་བདེན་འཛིན་གྱི་ཤེས་པ་དེ་ལས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཤེས་པ་དང་། ཤེས་བྱ། བརྗོད་བྱ། བརྗོད་བྱེད་དང་། སྐྱེ་བ་བུད་མེད་དང་། རྙེད་མ་རྙེད་ལ་སོགས་པ་བདེན་པར་ཞེན་པའི་དམིགས་པའི་སྤྲོས་པ་སྣ་ཚོགས་པ་མང་པོ་ཐོག་མེད་དང་གོམས་པའི་དབང་གིས་སྐྱེ་ལ། དེ་ལས་བསོད་ནམས་དང་བསོད་ནམས་མིན་པའི་ལས་སྣ་ཚོགས་པས་སྦགས་ཏེ་འགྲོ་བ་རིགས་དྲུག་ཏུ་སྐྱེ་འཆི་ལ་སོགས་སྡུག་བསྔལ་མི་ཟད་པ་དུ་མས་ངལ་ཞིང་དུབ་པར་གྱུར་པ་རྣམས། གང་ཞིག་ཟབ་མོ་རྟེན་ཅིང་འབྲེལ་འབྱུང་གི་གཏམ་གྱིས་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་བླ་མེད་ཞི་བ་མཆོག་གི་གོ་འཕང་དམ་པར་འཁྲིད་པར་མཛད་པའི་དེད་དཔོན་ཆེན་པོ་ཞེས་བསྟོད་ཅིང་བསྔགས་ཏེ། སྤྱོད་འཇུག་ལས།
གང་ཕྱིར་ལུང་ལས་ལམ་འདི་ནི། །མེད་པར་བྱང་ཆུབ་མེད་པར་གསུངས། །
ཞེས་དང་། འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་འགྱུར་ལ་ཞི་བའི་ཐབས་མེད་དོ། །ཞེས་གསུངས་པ་ལྟར། ཐེག་པ་གསུམ་པོ་གང་གིས་འགྲོ་ཡང་བགྲོད་བྱེད་ཀྱི་ཐབས་འདི་ལས་གཞན་ན་མེད་དོ། །ཞེས་འདོམས་པའང་ཡིན་ནོ།།
གསུམ་པ་ནི། ཤེས་རབ་ཕར་ཕྱིན་ཤེས་རབ་བསླབ། །ཤེས་རབ་མདོ་སྡེའི་མཆོག་གྱུར་ཕྱིར། །ཤེས་རབ་གཞུང་མཆོག་མཛད་པ་ཁྱོད། །བསྟན་འཛིན་ཀུན་ལས་བླ་མར་གྱུར། །ཅེས་གསུངས། བླ་ན་མེད་པའི་བྱང་ཆུབ་ཏུ་བགྲོད་པ་ལ་རྒྱུའི་གཙོ་བོ་ཤེར་ཕྱིན་ཏེ་ཤེས་རབ་མེད་ན་སྦྱིན་པ་ལ་སོགས་པའི་ཐབས་ཀྱི་སྤྱོད་པ་རླབས་ཆེན་དག་ཀྱང་སངས་རྒྱས་ཀྱི་རྒྱུར་མི་འགྱུར་བས། སྡུད་པར། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས། འོན་ཀྱང་ཤེར་ཕྱིན་དུ་འགྲོ་བ་ནི་སྦྱིན་སོགས་ཐབས་ཀྱི་ཆ་ལ་རག་ལས་པས། སྤྱོད་འཇུག་ལས།
ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །
ཞེས་གསུངས། དེས་ན་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྩ་བ་ཅན་གྱི་ལམ་ཐབས་ཤེས་ཟུང་དུ་འཇུག་པ་ནི་དུས་གསུམ་དུ་རྒྱལ་བ་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་པོ་ཆེ་སྟེ། སྡུད་པར། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུ་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་སོ།།
ཤེས་རབ་བསླབ་ཅེས་པའི་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཚང་ལས་ཀྱང་ཤེས་རབ་ཀྱི་བསླབ་པ་མཆོག་ཏུ་བསྔགས་ཏེ། སེམས་མ་དུལ་བ་དུལ་བར་བྱེད་པ་ཚུལ་ཁྲིམས་དང་། མ་ཞི་བ་ཞི་བར་བྱེད་པ་སེམས་ཀྱི་དང་། མ་གྲོལ་བ་གྲོལ་བར་བྱེད་པ་ཤེས་ཀྱི་བསླབ་པར་གསུངས་པས། སྡུག་ཀུན་ཕྲ་རགས་ཞི་བ་ཤེས་རབ་ལ་རག །ཉོན་མོངས་སུན་འབྱིན་པ་དང་། མངོན་གྱུར་ཉམས་སྨོད་པ་དང་། རྩ་བ་ནས་སྤོང་བ་གསུམ་ལས། རྩ་བ་ནས་སྤོང་བ་ཤེས་རབ་ལ་རག །དེས་ན་ཐེག་པ་གསུམ་གྱི་འབྲས་བུ་བྱང་ཆུབ་གསུམ་གང་དུ་བགྲོད་ཀྱང་ཤེས་རབ་ཀྱི་བསླབ་པ་ཉིད་གཙོ་བས།
སངས་རྒྱས་རང་སངས་རྒྱས༌རྣམས་དང་། །ཉན་ཐོས་རྣམས་ཀྱིས་ངེས་བསྟེན་པའི། །
ཐར་པའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་ངེས། །
ཞེས་གསུངས། ཤེས་རབ་ཀྱི་རང་བཞིན་ནམ་ངོ་བོ་ལ། ཚངས་པས་ཞུས་པ་ལས། བཞི་པོ་དག་ནི་རྣམ་པ་བཞི། །ཞེས་མི་རྟག་སོགས་བཅུ་དྲུག་པོ་དེ་རྟོགས་པའི་རྣམ་པ་བཅུ་དྲུག་ནི་ཤེས་རབ་ཀྱི་བསླབ་པར་གསུངས། དེ་ཡང་རགས་པ་ཙམ་མཐོང་ཟིན་གོམས་པར་བྱས་ཀྱང་འཁོར་བའི་རྩ་བ་བདེན་འཛིན་མི་ལྡོག་པས་ཕྲ་བ་དང་ཆོས་རྣམས་ཀྱི་ཤིས་ལུགས་སྟོང་པ་ཉིད་ཐོས་བསམ་གྱིས་གཏན་ལ་ཕབ་སྟེ་བསྒོམས་པས་གསལ་སྣང་ཐོབ་པ་ཞིག་དགོས་སོ། །འོན་ཀྱང་ཤེས་རབ་དེ་ཉིད་སྲིད་པའི་རྩ་བ་གཅོད་བྱེད་དུ་འགྲོ་བས།
མི་རྟག་སྡུག་བསྔལ་སྟོང་པ་ཞེས། །བྱ་བ་གསུམ་པོ་སེམས་སྦྱོང་བྱེད། །
མཆོག་ཏུ་སེམས་ནི་སྦྱོང་བྱེད་པའི། །ཆོས་ནི་རང་བཞིན་མེད་པ་ཡིན། །
ཞེས་གསུངས་པ་ལྟར། ཐོག་མར་རགས་པའི་མི་རྟག་པ་བསྒོམས་པས་ཚེ་འདིའི་སྣང་ཤས་ལྡོག་སྟེ་ཚེ་འདི་ལ་ཞེན་པ་བཅད། འདི་དང་ཕྱི་མའི་ངན་སོང་གི་སྡུག་བསྔལ་བསྒོམས་ཏེ་ལས་འབྲས་ལ་ངེས་པ་བསྐྱེད་དེ་བསོད་ནམས་མིན་པའི་ལས་དང་། འཁོར་བ་དེ་དོན་གཉེར་གྱི་བསམས་པ་སྤངས་ཏེ་ཕྱི་མའི་སྣང་ཤས་ལྡོག་པ་སོགས་ལྟ་བ་བསྐྱེད་པའི་རྒྱུ་ཚོགས་ཚང་བར་བསྒྲུབས་ནས་ལྟ་བ་དེ་ཉིད་སྲིད་རྩ་གཅོད་བྱེད་ཀྱི་ཐབས་དམ་པར་སྒྲུབ་པ་ནི་གནད་དམ་པའོ།།
ཤེས་རབ་མདོ་སྡེ་མཆོག་གྱུར་ཕྱིར། །
ཞེས་པ་ཚིག་གསལ་བཞིན་མདོ་སྡེ་ཀུན་ལས་རབ་དང་ཕུལ་དང་རྩེ་མོར་གྱུར་པ་ནི་ཤེར་ཕྱིན་གྱི་མདོ་སྟེ། དེའང་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་བསྟན་པའི་ཤུགས་ཀྱིས་སྦས་དོན་མངོན་རྟོགས་ལམ་གྱི་རིམ་པ་སྟོན་པས་བརྗོད་བྱ་ཟབ་རྒྱས་གཉིས་ཆར་ཚང་བས་རྩེ་མོར་བཤད་པ་ཡོད་ཀྱང་། གཙོ་ཆེར་བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོགས་བཞིན་ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་ཀུན་འདི་ལས་འབྱུང་བས་ཡོན་ཏན་རིན་པོ་ཆེའི་འབྱུང་ཁུངས་དང་། ཤེར༌ཕྱིན་གང་དུ་སྤྱོད་པ་དེར་སངས་རྒྱས་བཞུགས་ཤིང་ཆོས་སྟོན་པ་དང་། དགེ་འདུན་འདུ་བ་སོགས་འབྱུང་བས་ན་མདོ་སྡེ་ཀུན་ལས་རབ་ཏུ་གསུངས་ལ། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་། ཞེས་སོགས་ལྟར་ཐེག་པ་གསུམ་ཆར་གྱི་ལམ་འབྲས་བུ་དང་བཅས་པ་དངོས་དང་ཞར་ལ་སྟོན་པས་མདོ་སྡེའི་མཆོག་ཏུ་གྱུར་པའོ། །
ཤེས་རབ་གཞུང་མཆོག་མཛད་པ་ཁྱོད། །
ཅེས་སློབ་དཔོན་ཉིད་ཀྱིས་མཛད་པའི་བསྟན་བཅོས་ལ་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསལ་བར་བྱེད་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་གསལ་བར་བྱེད་པ་གཉིས་སུ་ཡོད་པའི་དང་པོ་ལའང་ལྟ་བའི་ཆ་གསལ་བར་བྱེད་པ་རིགས་ཚོགས་དྲུག་དང་། སྤྱོད་པའི་ཆ་གསལ་བར་སྟོན་པ་བྱང་ཆུབ་ཀྱི་ཚོགས་དང་། མདོ་ཀུན་ལས་བཏུས་པ་དང་། བཤེས་པའི་སྤྲིངས་ཡིག་རྣམས་སུ་ཡོད་ལ། དང་པོ་ལ། ཡོད་མེད་རྟག་ཆད་ཀྱི་མཐའ་སྤང་བའི་རྟེན་འབྱུང་གི་དེ་ཁོ་ན་ཉིད་གཙོ་བོར་སྟོན་པ་དང་། ཡོད་མེད་ཀྱི་མཐའ་ལ་མི་ལྟ་བའི་ལམ་གྱིས་འཁོར་བ་ལས་གྲོལ་བ་གཙོ་བོར་སྟོན་པ་གཉིས་ལས། དང་པོ་ལ། སྒྲུབ་བྱ་བདེན་དངོས་འགོག་པ་རྩ་ཤེས། དངོས་པོ་རང་བཞིན་མེད་ན་རང་བཞིན་ཚད་མས་གྲུབ་པ་དང་འགལ་ཞེས་རིགས་པ་ཅན་གྱིས་བཏགས་པའི་ཚད་མ་གཞལ་བྱ་སོགས་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་སྟེ།
རྟོག་གེ་ཤེས་པའི་ང་རྒྱལ་གྱིས། །གང་ཞིག་རྩོད་པར་མངོན་འདོད་པ། །
དེ་ཡི་ང་རྒྱལ་སྤང་བའི་ཕྱིར། །ཞིབ་མོ་རྣམ་འཐག་བཤད་པར་བྱ། །
ཞེས་གསུངས། རྩ་ཤེས་རབ་བྱེད་དང་པོར། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པར་ཡོད་མ་ཡིན། །ཞེས་དངོས་པོ་རྣམས་གཞན་འགྱུར་གྱི་སྐྱེ་བ་མེད་པས་རང་བཞིན་མེད་ཅེས་པ་ལ།
གལ་ཏེ་དངོས་པོ་ཐམས་ཅད་ཀྱི། །རང་བཞིན་ཀུན་ལ་ཡོད་མིན་ན། །
ཁྱོད་ཀྱི་ཚིག་ཀྱང་རང་བཞིན་མེད། །རང་བཞིན་བཟློག་པར་མི་ནུས་སོ། །
ཞེས་རང་བཞིན་འགོག་པའི་དམ་བཅའང་མི་འཐད་པའི་ཚིག་གིས་ཀྱང་རང་བཞིན་བཟློག་པར་མི་ནུས་སོ། །ཞེས་རྒོལ་བའི་ལན་དུ་རྩོད་ཟློག་གསུངས་པས། དེ་ནི་རབ་བྱེད་དང་པོའི་གཞུང་གི་ལྷག་མའོ། །རབ་བྱེད་བདུན་པར།
རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །
དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་གསུངས། །
ཞེས་སྐྱེ་གནས་འཇིག་པའི་རང་བཞིན་བཀག་པ་ལ། སྤྲིན་ཆེན་པོའི་མདོ་ལས། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་དེ། འདུས་བྱས་ནི་སྐྱེ་བ་དང་འཇིག་པ་དང་གནས་པ་གཞན་དུ་གྱུར་པར་མངོན་ནོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན།
གནས་པའམ་སྐྱེ་འཇིག་ཡོད་མེད་དམ། །དམན་པའམ་མཉམ་པར་ཁྱད་པར་ཅན། །
སངས་རྒྱས་འཇིག་རྟེན་སྙད་དབང་གིས། །གསུང་གིས་ཡང་དག་དབང་གིས་མིན། །
ཞེས་དེ་དག་རང་བཞིན་གྱི་ཡོད་པར་གསུང་མིན་པས། རང་བཞིན་བཀག་པ་ལ་མི་གནོད་ཅེས་སྟོན་པ་སྟོང་ཉིད་བདུན་ཅུ་པ་སྟེ་རབ་བྱེད་བདུན་པའི་འཕྲོས། རིགས་པ་དྲུག་ཅུ་པར།
ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། །
དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །
ཞེས་ཡོད་མེད་ཀྱི་མཐར་ལྷུང་བ་ལ་གྲོལ་བ་མེད་པ་དང་། དངོས་པོ་དངོས་མེད་ཀྱི་དེ་ཉིད་ཤེས་པས་སྲིད་པ་ལས་གྲོལ་བར་གསུངས། རིན་ཕྲེང་ལས་ནི། ཕུང་པོ་བདེན་འཛིན་མ་ཟད་འཁོར་བ་མི་ལྡོག་ཅིང་། ཕུང་པོ་བདེན་མེད་དུ་ཤེས་ན་ངར་འཛིན་ཟད་པས། ཡོད་མེད་ཀྱི་མཐའ་ལ་མི་བརྟེན་པའི་ཡང་དག་པའི་དོན་ཤེས་པས་འཁོར་བ་ལས་གྲོལ་བར་གསུངས། ཡང་དག་པའི་དོན་ཡང་།
སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །
རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང་། །
སྐྱེས་བུ་ཁམས་དྲུག་འདུས་པའི་ཕྱིར། །ཡང་དག་མ་ཡིན་ཇི་ལྟ་བར། །
དེ་བཞིན་ཁམས་ནི་རེ་རེ་ཡང་། །འདུས་ཕྱིར་ཡང་དག་ཉིད་དུ་མིན། །
ཞེས་གང་ཟག་ཁམས་དྲུག་འདུས་པ་ལ་བཏགས་པའི་ཕྱིར་དེ་དག་དང་གཅིག་དང་ཐ་དད་གང་དུའང་མ་གྲུབ་པས་ཡང་དག་པར་མ་གྲུབ་པའོ། །དོན་དེ་མཐོང་བ་ལ། མངོན་མཐོ་སྒྲུབ་བྱེད་ཡིད་ཆེས་ཀྱི་དད་པ་སྔོན་དུ་སོང་བ་སོགས་ངེས་ལེགས་ཐར་པ་སྒྲུབ་པའི་སྣོད་རུང་དུ་བྱེད་པའི་ཚུལ་སོགས་སྟོན་ནོ། །འདི་དང་རིགས་པ་དྲུག་ཅུ་པ་གཉིས་ཀར་རང་བཞིན་བཀག་པའི་རྟེན་འབྱུང་གི་དེ་ཉིད་བསྟན་པ་མང་མོད་ཀྱི། མཐའ་གཉིས་ལ་མི་བརྟེན་པའི་ཡང་དག་པའི་དོན་ཤེས་པ་ནི་འཁོར་བ་ལས་གྲོལ་བའི་ལམ་ལ་ངེས་པར་དགོས་སོ། །ཞེས་གཙོ་བོར་སྒྲུབ་པས་འདི་གཉིས་ཀྱིས་བདེན་པ་གཉིས་ཀྱི་ཚུལ་དེ་ལྟར་རྟོགས་པ་སངས་རྒྱས་ཐོབ་པ་ལྟ་ཅི། འཁོར་བ་ལས་གྲོལ་བ་ལའང་མེད་དུ་མི་རུང་བར་སྟོན་པས་ཕྱི་མའོ། །ལ་ལ་དག་རྣམ་བཅད་དགག་པའི་སྒོ་ནས་རང་བཞིན་སྟོང་པ་ཉིད་དུ་སྟོན་པ་རྩ་ཤེས། ཐ་སྙད་ཡོངས་གཅོད་སྒྲུབ་པའི་སྒོ་ནས་རང་བཞིན་སྟོང་པ་ཉིད་དུ་སྟོན་པ་རིགས་པ་དྲུག་ཅུ་པ་སྟེ། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གཉིས་ཞེས་ཀྱང་གསུངས་སོ།།
གཞན་རིམ་ལྔ་དང་། བྱང་ཆུབ་སེམས་འགྲེལ། མདོར་བྱས་གཉིས་སོགས་རྡོ་རྗེ༌ཐེག་པའི་གནད་དོན་གསལ་བར་བྱེད་པའི་བསྟན་བཅོས༌མང་དུ་གསུངས་པས།
བསྟན་འཛིན་ཀུན་ལས་བླ་མར་གྱུར། །
ཅེས་ཡོན་ཏན་དེ་དག་དང་། སྒྲོན་གསལ་ལས། སྐྱེ་བ་དང་འགག་པ་བྲལ་བའི་དེ་བཞིན་གཤེགས་པའི་སྐུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། སྐུ་ལྟ་བས་ཆོག་མི་ཤེས་པ། སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སངས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་པ་བརྙེས་ནས་བདེ་བ་ཅན་དུ་བཤེགས་ཏེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པར་བཞུགས་སོ། །ཞེས་སྐུ་ཚེ་དེ་ཉིད་ལ་མངོན་པར་སངས་རྒྱས་པ་སོགས་ཀྱི་ཡོན་ཏན་གྱི་ཚོགས་ཀྱིས་བླ་མ་སྟེ་གོང་མར་གྱུར་པའོ། །བསྟན་འཛིན་ཀུན་གྱི་ཞེས་པའི་དོན་ནི། གཅིག་ཏུ་ན་ལངྐར་གཤེགས་པ་ལས། བློ་གྲོས་ཆེན་པོས།
བདེ་གཤེགས་མྱ་ངན་འདས་གྱུར་ནས། །བསྟན་པ་སུ་ཡིས་འཛིན་པར་འགྱུར། །
ཞེས་ཞུས་པའི་ལན་དུ།
བདེ་གཤེགས་མྱ་ངན་འདས་གྱུར་ནས། །བསྟན་པ་འཛིན་པར་འགྱུར་བ་ནི། །
དུས་དག་འདས་ཏེ་འབྱུང་བ་ནི། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །
ཞེས་པའི་ལུང་གི་ཚིག་དོན་བསྡུས་པའང་ཡིན་མོད། གཙོ་ཆེར་ལུང་རྟོགས་ཀྱི་བསྟན་པ་བཤད་པ་དང་སྒྲུབ་པས་ཇི་ལྟར་བཟུང་བའི་ཚུལ་ལས་བསྔགས་པ་སྟེ་བསྔགས་པའི་སྒོ་དམ་པའོ།།
བཞི་པ་ནི།
རིག་གནས་ཤེས་བྱར་སྲིད་ཀུན་ལ། །མུན་སངས་བློ་གྲོས་རབ་རྒྱས་པས། །
སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཅེས། །དངོས་པོར་སྨྲ་བ་རྣམས་ཀྱང་འདུད། །
ཅེས་གསུངས། དེ་ཡང་ནང་རིག་པའི་སྡེ་སྣོད་ཀྱི་གཙོ་བོ་ཐེག་པ་མཆོག་གི་ཟབ་རྒྱས་ཀྱི་ལམ་བཟང་གསལ་བར་མཛད་པར་མ་ཟད། གྲུབ་མཐའ་ཐུན་མོང་གི་དབང་དུ་བྱས་པའི་གཞི་བདེན་གཉིས་ཀྱི་རྣམ་གཞག་གཏན་ལ་འབེབས་ཚུལ། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་དུ་བྱ་ཚུལ་ལ་སོགས་པ་ཡང་ཅི་རིགས་པར། ས་ལུ་ལྗང་པའི་མདོ་འགྲེལ། རྟེན་འབྲེལ་གྱི་མདོ་འགྲེལ། རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་དང་། སྦྱིན་པའི་གཏམ། སྲིད་པ་ལས་འདས་པའི་གཏམ། ཤེས་པའི་སྤྲིངས་ཡིག་ལ་སོགས་པས་རྒྱས་པར་བསྟན་ལ། ཕྱི་ནང་ཐུན་མོང་གི་རིག་གནས་ལ་ཡང་། སྦྱོར་བ་བརྒྱ་པ་དང་། སྨན་འཚོ་བའི་མདོ། སྨན་ཨ་བའི་ཆོ་ག་སོགས་གསོ་བ་རིག་པའི་སྐོར་དང་། གསེར་འགྱུར་གྱི་བསྟན་བཅོས་བཟོ་རིག་ཀྱང་མང་ལ། སྙན་ངག་ལ་ཡང་བསྟོད་ཚོགས་ཀྱི་སྐོར་མཐའ་ཡས་ཤིང་། གཞན་ཡང་རྒྱལ་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། རྗེ་བོ་ལ་གདམས་པ་ཤེས་རབ་སྡོང་བུ། དམངས་ཕལ་པ་ལ་གདམས་པ་སྐྱེ་བོ་གསོ་ཐིགས་སོགས་ལུགས་ཀྱི་བསྟན་བཅོས་སུ་གྲགས་པ་སོགས་མང་དུ་མཛད་དོ།།
མདོར་ན། ལུགས་གཉིས་ཀྱི་ཤེས་པར་བྱ་བའི་གནས་ལ་འདི་མི་མཁྱེན་བྱ་བ་མེད་པས། འཕགས་པའི་ཡུལ་གྱི་སྐྱེ་བོ་མཐའ་དག་ལ་སངས་རྒྱས་གཉིས་པ་ཞེས་གྲགས་ཤིང་། ཁྱད་པར་དུ་སློབ་དཔོན་ཆེན་པོ་ཤནྟ་དེ་བས།
བྱམས་པ་ཐོགས་མེད་ཀྱིས་བཤད་ཅིང་། །ཀླུ་སྒྲུབ་ཀྱང་ནི་བཞེད་པ་ཡི། །
ཚད་མའི་ལུང་དང་ལྡན་པ་ཡི། །བདེན་པ་གཉིས་པོ་འདིར་བཤད་བྱ། །
ཞེས་དང་། ཀླུ་སྒྲུབ་དང་ནི་ཐོགས་མེད་གཉིས། །གྲུབ་པའི་མཐའ་ཡང་མཚུངས་སོ་ཞེས། །རིན་ཆེན་འབྱུང་གནས་ཞི་བ་སྨྲ། །ཞེས་གསུངས་པ་ལྟར། དངོས་པོར་སྨྲ་བ་རྣམས་ཀྱིས་ཀྱང་གཙུག་གི་རྒྱན་དུ་འཛིན་པས་ན། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །གསུངས་པ་ལྟར་དོན་གནས་ཀྱི་བསྔགས་པ་ཁོ་ནའོ།།
གཉིས་པ་འཆད་བྱ་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ། སྟོང་པ་དང་རྟེན་འབྱུང་ཟུང་དུ་འཇུག་པའི་དོན་བཤད་པ། དེ་ཉིད་ངེས་པ་ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་བྱེད་ཀྱི་ལམ་གྱི་གཙོ་བོར་བསྟན་པ། རྒྱུ་མཚན་དེས། མཐའ་བྲལ་དབུ་མའི་ལམ་བཟང་གསལ་བར་བྱེད་པར་ལུང་བསྟན་པ། ཆོས་སྒྲ་ཆེན་པོ་གསུམ་གྱི་སྒོ་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་བཞི། དང་པོ་ལ། རྟེན་འབྱུང་གི་དོན་རྟོགས་མ་རྟོགས་ཀྱིས་འཁོར་བར་ལྡོག་འཇུག་བྱེད་པ་བསྟན་པ། སྟོང་དང་རྟེན་འབྱུང་དོན་གཅིག་པའི་ཚུལ་བསྟན་པ། སྟོང་པའི་དོན་གཏན་ལ་ཕབ་པ་དང་གསུམ། དང་པོ། ལུགས་འབྱུང་ལྡོག་གི་རྟེན་འབྲེལ་བསྟན་པ། འཁོར་རྩ་ངེས་བཟུང་ནས་འགོག་ཚུལ་བསྟན་པ་དང་གཉིས། དང་པོ་ནི།
མ་རིག་འགགས་པས་ཡན་ལག་ཀུན། །འགག་པར་མདོ་སྡེ་ཀུན་གསུངས་ཀྱང་། །
ཞེས་པས་བསྟན་ལ། གཉིས་པ་ནི།
གབ་པ་སྲིད་པའི་སྲོག་རྩ་ནི། །གསལ་བར་གཅོད་པའི་རིགས་པ་བྱིན། །
ཞེས་པས་བསྟན་པར་བྱས་ཏེ་སོ་སོར་བཀྲལ་ནའང་རུང་བར་མངོན་ལ། འོན་ཀྱང་དཀྱུས་ཡིག་ཏུ་འགྲེལ་བ་འཇུག་པ་བདེ་བས། དེ་ཡང་སློབ་དཔོན་འདི་ལ་བསྟོད་པའི་སྒོ་ཁྱད་པར་དུ་གྱུར་པ་མང་དུ་སྣང་ནའང་གཙོ་བོ་ནི། བཅོམ་ལྡན་འདས་ཉིད་ཀྱིས་མགུར་ལས།
ཡོད་དང་མེད་པའི་ཕྱོགས་འཇིག་པ། །
ཞེས་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པའི་གཞུང་ལྟ་བ་ཤེས་རབ་དང་མཐུན་པར་བསྟོད་ཅིང་། ཞར་བྱུང་རིགས་ཚོགས་གཞན་དག་དང་སྔགས་ཀྱི་ཚུལ་གསལ་བར་བྱེད་པས་ཀྱང་བསྟོད་པ་འདི་མཛད་དོ། །དེ་ཡང་ཇི་སྐད་དུ། རྗེ་ཐམས་ཅད་མཁྱེན་པས། གང་ཞིག་རྟོགས་ན་ཉེས་ཀུན་དྲུང་འབྱིན་པ། །དེ་ནི་ཟབ་མོ་རྟེན་ཅིང་འབྲེལ་འབྱུང་གཏམ། །རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་དང་། །མཐའ་བྲལ་དབུ་མའི་ལམ་དུའང་ཡང་དག་བསྒྲགས། །ལམ་འདི་གསུང་རབ་ཀུན་ལས་རབ་བསྔགས་མོད། །རང་གཞན་སྡེ་པའི་མཐར་འཛིན་ལྟ་བ་ཡིས། །ཀུན་ནས་བསྒྲིབས་བསགས་གསལ་བར་མ་གྱུར་པ། །གཟིགས་ནས་རྒྱལ་བ་གཉིས་པ་ཀླུ་སྒྲུབ་ཀྱིས། །འདྲེན་པས་མདོ་རྒྱུད་དུ་མར་ལུང་བསྟན་ཞིང་། །སྟོན་པའི་བསྟན་པའི་སྙིང་པོ་སྟོང་པ་ཉིད། །ཡོད་མེད་མཐའ་བྲལ་བཀྲལ་བའི་གཞུང་གི་མཆོག །དེ་ནི་དཔལ་ལྡན་རྩ་བ་ཤེས་རབ་བོ། །ཞེས་གསུངས་སོ།།
དེ་ནས་རྩ་ཤེས་ཀྱི་བརྗོད་བྱ་དང་མཐུན་པར་ཚུལ་ཇི་ལྟར་བསྟོད་པ་ནི། གང་ཟག་གཅིག་འཚང་རྒྱ་བའི་ཉམས་ལེན་གྱི་རིམ་པ་དང་མཐུན་པར་བསྒྲིགས་པ་སྟེ། རབ་བྱེད་ཉེར་དྲུག་པར། ཡན་ལག་དང་པོ་མ་རིག་པའི་དབང་གིས་འཁོར་བར་འཇུག་རིམ་དང་།
མ་རིག་འགག་པར་གྱུར་པ་ནི། །ཤེས་པས་དེ་ཉིད་བསྒོམ་པས་སོ། །
ཞེས་གནས་ལུགས་ཡང་དག་པའི་དོན་མཐོང་བས་འཁོར་བའི་རྩ་བ་མ་རིག་པ་ལྡོག་པར་གསུངས་པས། མདོར་དྲིལ་ན། དེ་ཁོ་ན་ཉིད་ཀྱི་དོན་རིག་པ་དང་མ་རིག་པས་འཁོར་བ་ལྡོག་པ་དང་འཇུག་པར་གསུངས་སོ། །འདིར་དངོས་ཟིན་ལ་མ་རིག་པ་འགགས་པས་ཡན་ལག་ལྷག་མ་འགག་པ་ལུགས་ལྡོག་འཁོར་བ་འགག་པ་ཉིད་བཤད་མོད་ཀྱང་། ལུགས་འབྱུང་མ་རིག་པའི་རྐྱེན་གྱིས་འཁོར་བ་འགྲུབ་ཚུལ་ཡང་ཤེས་དགོས་པས། དེ་ནི་ཚིག་འདིས་ཞར་ལ་བསྟན་པ་གོ་དགོས་སོ།།
དེ་ལ་མ་རིག་པའི་ངོས་མ་ཟིན་ན་དེ་དང་རྣམ་པ་འགལ་བའི་ལམ་ཅི་འདྲ་བསྒོམས་པས། སློབ་པ་མི་ཤེས་པས་ངོས་ཟིན་པ་གལ་ཆེའོ། །ས་སྡེ་རྗེས་འབྲང་དག་རྨོངས་ཙམ་གྱི་མ་རྟོག་པའི་བློ་ལ་བཞེད་ཀྱང་། རྣམ་འགྲེལ་རྗེས་འབྲང་དང་དབུ་མ་ཐལ་འགྱུར་བ་རྣམས་འཛིན་ཚུལ་ཅན་གྱི་བློ་དང་ཕྱིན་ཅི་ལོག་ཏུ་འཛིན་པའི་བདེན་འཛིན་གྱི་མ་རིག་པ་ལ་བཞེད་པས། སྟོང་ཉིད་བདུན་ཅུ་པར།
རྒྱུ་དང་རྐྱེན་ལས་སྐྱེ་དངོས་རྣམས། །ཡང་དག་པར་ནི་རྟོག་པ་གང་། །
དེ་ནི་སྟོན་པས་མ་རིག་གསུང་། །དེ་ལས་ཡན་ལག་བཅུ་གཉིས་འབྱུང་། །
ཞེས་གསུངས་སོ། །མ་རིག་པ་དེ་ལ་ཆོས་བདག་ཏུ་འཛིན་པ་དང་། གང་ཟག་གི་བདག་ཏུ་འཛིན་པའི་མ་རིག་པ་གཉིས་སུ་ཡོད་ལ། གཉིས་པོ་དེའི་འཛིན་ཚུལ་ནི། བཞི་བརྒྱ་པའི་འགྲེལ་པ་ལས། གང་ཞིག་དངོས་པོ་རྣམས་ཀྱི་རང་བཞིན་ནི། གཞན་ལ་རག་མ་ལས་པའི་དངོས་པོའི་རང་བཞིན་ཏེ། དེ་མེད་པ་ནི་བདག་མེད་པའོ། །ཞེས་གསུངས་པ་ལྟར། ཕུང་པོ་དང་མིག་རྣ་ལ་སོགས་པ་ལ་དམིགས་ནས་རྣམ་པ་རང་བཞིན་གྱིས་གྲུབ་པར་འཛིན་པ་ཆོས་ཀྱི་བདག་འཛིན་དང་། ཕུང་པོ་བརྟེན་ནས་བཏགས་པའི་ང་དང་། མིག་རྣ་སོགས་ཀྱི་ཁྱད་པར་དུ་བྱས་པའི་ང་ཡི་བ་ལ་དམིགས་ཏེ་རྣམ་པ་རང་མཚན་གྱིས་གྲུབ་པར་འཛིན་པ་གང་ཟག་གི་བདག་འཛིན་ནོ། །རང་རྒྱུད་ཀྱི་ང་ལ་དམིགས་པའི་གང་ཟག་གི་བདག་འཛིན་དང་འཇིག་ལྟ་གཉིས་ཀ་ཡིན་གྱིས། གཞན་རྒྱུད་ཀྱི་ང་ལ་དམིགས་པ་འཇིག་ལྟ་མིན་ནོ།།
ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །
ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །
ཞེས་ཕུང་པོ་བདེན་འཛིན་གྱི་ཆོས་ཀྱི་བདག་འཛིན་ཡོད་ན། ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་བདེན་འཛིན་གྱི་གང་ཟག་གི་བདག་འཛིན་འབྱུང་ལ། དེ་བྱུང་ན་རང་དང་གཞན་སོ་སོར་ལྟར་སོ་སོ་བར་རིས་སུ་བཅད་ནས་ཆགས་སྡང་སོགས་འབྱུང་ཞིང་། དེས་ཡང་སྲིད་མངོན་པར་འདུ་བྱེད་པའི་འདུ་བྱེད་བསོད་ནམས་དང་བསོད་ནམས་མིན་པ་དང་། མི་གཡོ་བའི་སྒོ་གསུམ་གྱི་ལས་དག་མངོན་པར་འདུ་བྱེད་པ་སྟེ། བསྐྱེད་པའི་ལས་དེ་དག་གིས་འགྲོ་བ་རྣམས་སུ་འཇུག་པར་འགྱུར་ཞིང་། རྣམ་ཤེས་ཞུགས་པར་གྱུར་ན་མིང་གཟུགས་དང་སྐྱེ་མཆེད་དྲུག་དང་རེག་པ་ཡང་དག་པར་འབྱུང་ཞིང་། དེ་ལས་ཚོར་བ་དང་། ཚོར་བའི་རྐྱེན་གྱིས་སྲེད་པ་འབྱུང་ལ། དེ་བྱུང་ན་ཉེ་བར་ལེན་པ་རྣམ་པ་བཞི་དང་། སྲིད་པར་རབ་ཏུ་འབྱུང་བར་འགྱུར་ཞིང་། དེ་ལས་སྐྱེ་བ་དང་རྒ་ཤི་དང་མྱ་ངན་དང་སྨྲེ་ངག་འདོན་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་དང་འཁྲུག་པ་རྣམས་འབྱུང་བའི་ཕྱིར། སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་ཀུན་མ་རིག་པ་ལ་བརྟེན་ནས་འབྱུང༌། ཉོན་མོངས་ཅན་མིན་པའི་མ་རིག་པའི་དབང་གིས་འཁོར་བ་ཕྲང་འགྲུབ་ཚུལ། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་སོགས་ཐལ་འགྱུར་བ་རང་གི་ཐུན་མོང་མིན་པའི་ཁྱད་ཆོས་སྤྱོད་འཇུག་སོགས་ཀྱི་དོན་བཞིན་རྗེ་ཉིད་ཀྱིས་གསལ་བར་མཛད་པའི་ཚུལ་ཡང་རིག་པར་བྱའོ།།
མ་རིག་པ་འགག་པར་གྱུར་ན་འདུ་བྱེད་རྣམས་ཀྱང་མི་འབྱུང་ལ། སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདི་ཡང་དག་པར་འགག་པར་འགྱུར་བ་ནི། ས་ལུ་ལྗང་པའི་མདོ་ལས། འདི་ཡོད་པས་འདི་འབྱུང་། འདི་སྐྱེ་བས་འདི་སྐྱེ་བ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། ཅེས་བྱ་བ་ལ་སོགས་པ་དང་། འདི་འགགས་པས་འདི་འདི་འགག་པའང་། འདི་ལྟ་སྟེ། སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་བྱ་བ་ལ་སོགས་པ་དང་། སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས། འཇིག་རྟེན་ལས་ཀྱིས་བྱས་པ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་འཇུག་པ་དང་ལྡོག་པ་མ་གཏོགས་པ་བྱེད་པ་པོའམ་བྱེད་དུ་འཇུག་པ་པོའམ་འཇོག་པ་པོ་གང་ཡང་མེད་དེ། ལས་དང་ཉོན་མོངས་པ་དང་སྡུག་བསྔལ་ཟད་པ་ཙམ་མྱ་ངན་ལས་འདས་པར་འཇོག་པའོ། །ཞེས་པ་ལ་སོགས་པ་མདོ་སྡེ་ཀུན་ལས་གསུངས་ཀྱང་། མ་རིག་པ་ཡང་དག་པར་རྗེས་སུ་མཐོང་། མ་རིག་འགག་པ་ཡང་དག་པར་རྗེས་སུ་མི་མཐོང་། ཞེས་པ་ལྟ་བུས་སྐབས་ཀྱི་གདུལ་བྱ་དེ་ཀུན་གྱིས་རྟེན་འབྲེལ་སྟོང་པའི་དོན་དུ་གོ་སྟེ་འབྲས་བུ་ཐོབ་པར་ནུས་ཀྱང་། གདུལ་བྱ་དག་བློའི་མཐུ་རིམ་པར་བྲི་བས་དེ་ཙམ་གྱིས་རྟོགས་པར་མ་ནུས་པས། ཤཱ་རིའི་བུས་རབ་འབྱོར་ལ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་ཐོབ་བམ། སྐྱེས་པའི་ཐོབ་པ་ཐོབ་ཅེས་དགག་བྱ་ལ་གཏུགས་ཏེ་དཔྱད་ནས་དྲིས་པ་ལ་དེ་གཉིས་ཀ་མི་འདོད་དོ་གསུངས་པ་ལ། འོ་ན་ཅི་ཐོབ་པ་དང་མངོན་པར་རྟོགས་པ་མེད་དམ་ཞེས་ཐ་སྙད་འགག་པ་འདི་གཉིས་ཡོད་མོད་ཀྱི་གཉིས་ཀྱི་ཚུལ་གྱིས་ནི་མིན་ནོ། །ཞེས་རང་བཞིན་གྱིས་ཐོབ་པ་མིན་ཡང་མིང་རྐྱང་བཏགས་ཡོད་ཙམ་ལ་ཐོབ་པ་འཇོག་པར་གསུངས་པ་ལྟ་བུ་རིགས་པས་དཔྱད་པ་མང་མོད་ཀྱིས་ཆེས་ཤིན་ཏུ་བརླིང་བས། གདུལ་བྱ་རྣམས་ཀྱིས་མ་རྟོགས་པ་ལ་སློབ་དཔོན་གྱིས་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གསལ་ཞིང་རྒྱས་པར་མཛད་པ་ནི། སྲིད་པའི་སྲོག་རྩ་སྟེ་སྲོག་དབང་གནས་ན་དབང་པོ་གཞན་རྣམས་གནས་པ་དང་། སྲོག་དབང་འགགས་ན་དབང་པོ་གཞན་ཀུན་ཀྱང་འགག་པ་དང་མཚུངས་པར་སྲིད་པའི་རྩ་བ་གཅིག་པུ་མ་རིག་པ་གཅོད་པའི་ཐབས་སུ་རྩ་ཤེས་སོགས་སུ་རིགས་པ་དང་། མདོ་ཀུན་བཏུས་སུ་ཤེར་ཕྱིར་འབུམ་པ་དང་བྱང་སེམས་ཀྱི་སྡེ་སྣོད་ཀྱི་ལུང་གིས་བསྒྲུབས་ཏེ་རྗེས་འཇུག་ཐར་པ་འདོད་པ་དག་ལ་དམིགས་བུར་བྱིན་ཞེས་པའོ། །འདིས་ནི་སློབ་དཔོན་གྱིས་ཆོས་བསྟན་པའི་ཀུན་སློང་དག་པ་ཡང་བསྟན་ཏོ།།
གཉིས་པ། སྟོང་པ་དང་རྟེན་འབྱུང་དོན་གཅིག་ཏུ་བསྟན་པ་ལ། སྟོང་པ་དང་རྟེན་འབྱུང་དོན་གཅིག་ཏུ་མ་གོ་བས་གཞན་རྟག་ཆད་ཀྱི་མཐར་ལྷུང་བར་བསྟན་པ་དང་། སྟོང་པ་དང་རྟེན་འབྱུང་ཟུང་དུ་འཇུག་པ་ཤེས་པས་མཐའ་གཉིས་སྤོང་བར་བསྟན་པ། རྟེན་འབྱུང་སྟོང་པ་དང་སྟོང་པ་རྟེན་འབྱུང་གི་དོན་དུ་བཤད་པ་དང་གསུམ་ལས། དང་པོ་ནི།
གཞན་དག་སྟོང་ཞེས་བཀག་པ་དང་། །བརྟེན་ཞེས་སྒྲུབ་པ་ཉིད་གོ་བས། །
ཐག་མཁན་སྟབས་བཞིན་ཕྱོགས་སུ་ལྷུང་། །
ཞེས་བསྟན་པ་ལ། གཉིས་པ་ནི། ཁྱོད་ཀྱིས་བཟློག་སྟེ་བདེ་བར་བཞུགས། །ཞེས་པས་སྟོན་པས་དཀྱུས་གཅིག་ཏུ་འགྲེལ་ན། དེ་ཡང་དཔལ་ཕྱོགས་ཀྱི་གླང་པོ་དང་ཆོས་ཀྱི་གྲགས་པ་ལ་སོགས་པ་དཔང་དུ་གྱུར་པའི་སྐྱེས་ཆེན་དམ་པ་མཁས་པའི་དབང་པོ་མང་དུ་བྱོན་མོད་ཀྱི། གཞན་སྡེ་ལྟ་ཅི་རང་སྡེ་དངོས་པོར་སྨྲ་བ་ནས་དབུ་མ་རང་རྒྱུད་པ་ལ་ཐུག་གི་བར་ཐམས་ཅད་ཀྱིས་ཡོད་ན་རང་བཞིན་གྱིས་ཡོད་པ་དང་། རང་བཞིན་གྱིས་མེད་ན་མེད་པ་ཁོ་ནར་བཟུང་སྟེ། རང་བཞིན་གྱིས་མེད་པའི་ཚུལ་འདི་ལ་བརྒལ་ཞིང་བརྟག་པར་བྱེད་པས། དེ་དག་གི་འདོད་པའི་ཚུལ་ནི། རྩ་བ་ཤེས་རབ་ཀྱི་རབ་བྱེད་སོ་སོར་དེ་དག་སོ་སོར་བཀོད་དེ་འགོག་པར་བྱེད་ནའང་འདིར་ཚིག་ཚོགས་སྐྱུང་བའི་ཕྱིར་དཀྱུས་གཅིག་ཏུ་རྐང་པ་དང་པོ་གསུམ་གྱིས་བཤད་དེ། བསྡུ་བ་ལས། ཐེག་པ་ཆེན་པོ་བ་ལ་ལ་རང་གིས་ཉེས་པར་བཟུང་བས་འདི་སྐད་ཅེས་ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད་ལ། དོན་དམ་པར་ནི་ཐམས་ཅད་མེད་དོ། །ཞེས་ཟེར་རོ། །ཞེས་དང་། བྱང་ས་ལས། དོན་དམ་པར་ཡོད་པ་ཡང་དག་པའི་དངོས་པོ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་དོ། །ཞེས་བསྐུར་བ་འདེབས་ཤིང་ཆུད་གཟོན་པར་བྱེད་པ་གང་ཡིན་པ་འདི་གཉིས་ནི་ཆོས་འདུལ་བ་འདི་ལས་རབ་ཏུ་ཉམས་པ་ཡིན་པར་རིག་པར་བྱའོ། །ཞེས་ཆོས་རྣམས་རང་བཞིན་མེད་པ་སྐུར་འདེབས་ཀྱི་མཐར་ཐུག་ཏུ་གསུངས། ཆོས་འདུལ་བ་ལས་ཉམས་ཚུལ། རྩ་ཤེས་ལས།
གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །
འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པའང་ཐལ་བར་འགྱུར། །
ཞེས་པ་ནས། འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལ་གནོད་པ་བྱེད་པ་ཡིན། །ཞེས་རང་བཞིན་མེད་པའི་དོན་གཏན་མེད་དུ་བཟུང་སྟེ་ཆོས་རྣམས་རང་བཞིན་གྱིས་མེད་ན་འབྱུང་འཇིག་དང་། བདེན་པ་བཞི་མེད་པར་ཐལ་ཞིང་། དེ་མེད་པས་ཡོངས་སུ་ཤེས་པ་དང་སྤོང་བ་དང་སྒོམ་པ་དང་མངོན་དུ་བྱ་བ་མེད་པས་འབྲས་བུ་ལ་གནས་པ་དང་ཞུགས་པ་དག་མེད་ལ། དེ་མེད་ན། དགེ་འདུན་དང་ཆོས་དང་སངས་རྒྱས་ཀྱང་མེད་པར་འགྱུར་ལ། ཆོས་དང་ཆོས་མ་ཡིན་པ་མེད་པས་ལས་འབྲས་མེད་པ་སོགས་འཇིག་རྟེན་པའི་ཐ་སྙད་ཀུན་ལ་གནོད་པར་བྱེད་པའོ། །ཞེས་རང་བཞིན་གྱིས་སྟོང་ཞེས་པས་འཁོར་འདས་ཐམས་ཅད་བཀག་པར་གཟུང་བ་དང་། ཆོས་རྣམས་རང་བཞིན་གྱིས་ཡོད་པའི་སྒྲུབ་བྱེད་མདོ་སྡེ་ལས་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་། །ཞེས་དང་། གསུམ་འདུས་པ་ལས་རེག་པའོ། །རེག་པ་དང་ལྷན་ཅིག་འབྱུང་བ་ནི་ཚོར་བའོ། །ཞེས་རྒྱ་ཆེར་འབྱུང་བས། བལྟ་བྱ་གཟུགས་དང་ལྟ་བྱེད་མིག་དང་ལྟ་བ་པོ་རྣམ་ཤེས་གསུམ་པོ་དེ་དག་དུས་གཅིག་ཏུ་ཕན་ཚུན་ཕྲད་པ་ཡོད་པས་རང་བཞིན་ཡོད་དོ། །ཞེས་དང་། ཡང་མྱུ་གུ་དང་འདུ་བྱེད་པ་ལ་སོགས་པ་རྣམས་བསྐྱེད་པར་བྱེད་པའི་རྒྱུ་དང་རྐྱེན་ས་བོན་དང་མ་རིག་པ་ལ་སོགས་པ་ཉེ་བར་ལེན་པ་ཡོད་པའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་ཡོད་དོ། །ཞེས་དང་། སུ་ཞིག༌འགྲོ་བ་སྔ་མ་ནས་ཕྱི་མར་འགྲོ་ཞིང་འཁོར་བས༌འགྲོ་བ་ནས་འགྲོ་བར་འཁོར་བས་འཁོར་བ་རང་བཞིན་གྱི་ཡོད་དོ། །ཞེས་པ་དང་། འཁོར་བ་རང་བཞིན་གྱིས་ཡོད་པས་འགལ་ཟླ་མྱང་འདས་རང་བཞིན་གྱིས་ཡོད་པའི་ཕྱིར་སོགས། གང་ཞིག་བརྟེན་ནས་འབྱུང་བ་ཉིད་རང་བཞིན་གྱིས་ཡོད་པའི་གཏན་ཚིགས་སུ་བཟུང་སྟེ། དངོས་པོ་ལ་རང་བཞིན་བསྒྲུབས་ཏེ་རྟག་ཆད་ཀྱི་མཐའ་ལ་ཞེན་པ་ཐག་མཁན་གྱི་རྐང་པའི་འདེགས་འཇོག་ལྟར་ཕྱོགས་སུ་ལྷུང་ཞིང་། སྣང་སྟོང་གཅིག་གྲོགས་སུ་གཅིག་འཁྱེར་མ་ནུས་པར། འགལ་འདུ་རང་རོང་གིས་བདེ་བའི་གོ་སྐབས་འཕྲོག་པར་གྱུར་པ། ཁྱོད་ནི་དེ་ལས་ལྡོག་སྟེ་སྣང་སྟོང་གྲོགས་སུ་ཤར་བས་མིང་རྐྱང་བཏགས་ཡོད་ཙམ་ལ་འཁོར་འདས་བྱ་བྱེད་ཀུན་བསྙོན་མེད་དུ་འཇོག་པས་མཐའ་གཉིས་སྤངས་པའི་དབུ་མའི་ལམ་སྲོལ་དེར་བདེ་བར་བཞུགས་པ་སྟེ། རང་མཚན་ཐ་སྙད་དུའང་མི་བཞེད་པས་ཐལ་འགྱུར་བ་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད་སོགས་གཞི་དང་ལམ་དང་འབྲས་བུའི་སྐབས་གང་དུའང་ཀླན་ཀའི་གོ་སྐབས་ཕྲ་མོ་ཙམ་ཡང་མེད་པར་གཅིག་ལ་གཅིག་ངེས་པ་སྟེར་བྱེད་དུ་འགྲོ་བའི་ཕྱིར། དཀའ་གནད་བརྒྱད་ཀྱི་ཟིན་བྲིས་ལས། གཞིའི་སྐབས་སུ་ཐ་སྙད་དུའང་རང་མཚན་དང་ཀུན་གཞི་ཁས་མི་ལེན་ཞིང་། ཕྱི་དོན་ཁས་ལེན་པ་དང་། ལམ་གྱི་སྐབས་ལ་དེ་ཁོ་ན་ཉིད་རྟོགས་པའི་ཐབས་སུ་རང་རྒྱུད་དང་རང་རིག་ཁས་ལེན་ཞིང་། སྒྲིབ་གཉིས་ཀྱི་འཇོག་ཚུལ་དང་། ཉན་རང་ལ་འཁོར་འདས་རང་བཞིན་མེད་པར་རྟོགས་པ་ཁས་ལེན་པའི་ཚུལ་དང་། འབྲས་བུའི་སྐབས་སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཚུལ་ཏེ་ཁས་ལེན་པའི་དམ་བཅའ་བཞི་དང་མི་ལེན་པའི་ཕྱོགས་བཞིའོ། །ཞེས་དང་། སྔར་བཤད་པ་དེ་རྣམས་ཀྱི་དགོངས་པ་ནི། སྟོང་དང་རྟེན་འབྱུང་གོ་དོན་དུ་རྟོགས་ནས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་རྟོགས་པའི་ཤེས་རབ་ཀྱིས་མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་བཤིག་པ་དང་། བྱ་བྱེད་ཐམས་ཅད་དེ་ཁོ་ན་ལ་འབད་པའི་གཉིས་ཚོགས་ལ་མཁས་པར་བྱའོ། །ཞེས་གསུངས་པའི་ཕྱིར།
སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པའི་ཞབས་ཀྱིས། རྩ་ཤེས་ཀྱི་འགྲེལ་བྱེད་གཞན་དང་མི་མཐུན་པའི་ཁྱད་པར་མཐའ་ཡས་པ་གསུངས་ཀྱང་གནད་དུ་ཆེ་བ་དེ་བརྒྱད་དང་། ཀུན་མཁྱེན་གྱིས་ཁྱད་པར་ཐུན་མོང་མིན་པ་བརྒྱད་སོགས་མང་། ཞེས་གསུངས་པས་དེ་བརྒྱད་ཀྱི་གྲངས་ན་མེད་པའང་། བདེན་སྣང་གིས་མ་བསླད་པ་མེད་པས་སོ་སྐྱེས་ཤེས་པ་ཀུན་འཁྲུལ་ཤེས་སུ་འདོད། བཏགས་དོན་དཔྱད་ནས་མི་འཇོག་པས་བཅད་ཤེས་ཚད་མར་བཞེད། རྟོག་པར་གྱུར་པའི་ཡིད་ཀྱི་མངོན་སུམ་དང་། བདེན་རྣམ་བཅུ་དྲུག་རགས་པ་མངོན་སུམ་དུ་རྟོགས་པའི་སོ་སྐྱེ་བཞེད། ཞིག་པ་དངོས་པོར་འདོད༌པས་དུས་གསུམ་འཇོག་ཚུལ་མི་འདྲ་ཞིང་། མངོན་སུམ་གཙོ་བོ་ཡུལ་དང་ཡུལ་ཅན་གཉིས་ལས་སྔ་མ་ལ་འདོད། ལྷག་བཅས་ལྷག་མེད་འཁྲུལ་སྣང་ཟད་མ་ཟད་དང་། ཉོན་མོངས་ཀྱི་བག་ཆགས་ཤེས་སྒྲིབ་དང་ཉོན་མོངས་མིན་པའི་མ་རིག་པ་བཞེད། ཉོན་མོངས་མ་ཟད་པར་ཤེས་སྒྲིབ་སྤང་བ་མི་རྩོམ་པ་སོགས་རང་མཚན་མི་བཞེད་པའི་གནད་ཀྱིས་ཁྱད་པར་ཕྲ་མོའང་མང་ངོ་།།
གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །
གལ་ཏེ་འགགས་ན་འགག་གྱུར་པས། །ཅི་ལྟར་འབྲས་བུ་སྐྱེད་པར་འགྱུར། །
ཞེས་པ་རྟག་པ་གཉིས་བྱས་པའི་སྔ་མ་མི་འདོད་ལ། ཕྱི་མའི་ལན་དུ་དངོས་པོ་སྨྲ་བ་ལས་འབྲས་ཀྱི་རྟེན་དུ་ཀུན་གཞི་དང་རྒྱུན་དང་ཐོབ་པ་དང་ཆུ་མི་ཟ་བ་ལ་སོགས་པ་བཞག་པ་ལས། མདོ་སྡེ་པ་དང་ཁ་ཆེ་བས་རྒྱུན་ཁས་བླངས་ནས། སེམས་ཀྱི་རྒྱུན་གང་ཡིན་པ་སེམས་ལས་མངོན་པར་འབྱུང༌ལ། དེ་ལས་འབྲས་བུ་འབྱུང་ཞིང་སེམས་ལྟ་ཞིག་མེད་ན་རྒྱུན་དེའང་འབྱུང་བར་མི་འགྱུར་བའི་ཕྱིར། སེམས་ལས་རྒྱུན་དང་རྒྱུན་ལས་འབྲས་བུ་འབྱུང་བར་འགྱུར་ཞིང་། ལས་ནི་འབྲས་བུའི་སྔོན་འགྲོ་བས་ཆད་པ་དང་རྟག་པ་མིན་པ། ས་མྱུག་གི་དཔེ་དང་བཅས་པ་བཀོད་པ་ལ་དེ་ལྟ་ན་ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་དང་། དེ་ལས་ནས་ཀྱི་འབྲས་བུ་ཁོ་ན་སྐྱེ་བ་བཞིན། དགེ་མི་དགེ་ལས་རིགས་མཐུན་ཁོ་ན་སྐྱེ་བ་དང་། ལྷ་ནས་ལྷ་ཁོ་ནར་སྐྱེ་བར་ཐལ་བས་བཀག་གོ།
བྱེ་སྨྲ་གཞན་དག་དགེ་མི་དགེའི་ལས་བྱས་མ་ཐག་ཏུ་འཇིག༌ཀྱང་འབྲས་བུ་མེད་པར་མི་འགྱུར་བ་བུ་ལོན་གྱི་དབང་རྒྱ་བཞིན་ལས་འཇིག་ཀྱང་ཆུད་མི་ཟ་བ་གནས་པས་ལས་བྱེད་པ་པོས་ལས་ཀྱི་འབྲས་བུ་མྱོང་བར་འགྱུར། ཞེས་འདོད་པ་ལ། ལས་རང་བཞིན་གྱིས་ཡོད་ན་རྟག་ཅིང་མ་བྱས་པར་ཐལ་ལ། དེ་ལྟ་ན་རྣམ་སྨིན་ཐུག་མེད་དུ་འབྱིན་པར་ཐལ་བས་བཀག །རྒྱུ་ཉོན་མོངས་རང་བཞིན་གྱིས་ཡོད་པས་ལས་རང་བཞིན་གྱིས་ཡོད་པར་སྨྲས་པའང་མི་རིགས་ཏེ། ཉོན་མོངས་ནི་རྒྱུ་ཚུལ་མིན་ཡིད་བྱེད་ལས་བྱུང་བས་ཡང་དག་པ་མིན་པས་དེས་བསྐྱེད་པའི་ལས་རང་བཞིན་གྱིས་ཅི་སྟེ་ཡོད་ཅེས་བཀག །འབྲས་བུ་ལུས་དང་ཟ་བ་པོ་ཡོད་པས་རང་བཞིན་ཡོད་དོ། །ཞེས་ཀྱང་མི་རིགས་ཏེ། ཉོན་མོངས་དང་ལས་དང་ལུས་རྣམས་དང་བྱེད་པ་པོ་དང་འབྲས་བུ་ལ་སོགས་པ་རྨི་ལམ་དང་རྨིག་རྒྱུ་དང་དྲི་ཟའི་གྲོང་ཁྱེར་དང་འདྲ་བའི་ཕྱིར་རང་བཞིན་མེད་དོ་ཞེས་བཀག་གོ །ལས་འབྲས་ཀྱི་འབྲེལ་བའི་རྟེན་དུ།
ཀུན་གཞི་འདོད་པ་དག་གིས་ནི། །བརྟན་ལུང་མ་བསྟན་བསྒོ་བྱ་བ། །
བསྒོ་བར་བྱེད་དང་འབྲེལ་བ་དང་། །མཐའ་གཅིག་རྟེན་དུ་གྱུར་པ་སྟེ། །
ཞེས་རང་སྟོབས་ཀྱིས་ལས་ཀྱི་བག་ཆགས་ཀྱི་བསྒོ་གཞིར་གྱུར་པར་འདོད་པས། དེ་ལྟ་ན་རང་བཞིན་གྱིས་ཡོད་པར་འགྱུར་བ་དག་གཞན་ཡང་། དོན་དང༌སེམས་ཅན་བདག་རྣམ་གཅེས་ནང་ཀུན་གཞིའི་སྟེང་གི་བག་ཆགས་སྨིན་པའི་སྟོབས་ཀྱིས་དོན་དང་སེམས་ཅན་ལ་སོགས་པ་འཇོག་གི་ཕྱི་རོལ་ན་མེད་པར་བཤད་པས་སྔ་མ་རང་མཚན་འགོག་བྱེད་ཀྱི་རིགས་པས་ཁེགས་པ་ཕྱི་མ་ནི་ཕྱི་དོན་བཞེད་པའི་གནད་ཀྱིས་ཁེགས་ཤིང་། ཐ་སྙད་པའི་བློ་གནོད་མེད་ཀྱིས་མི་འགྲུབ་པ་སོགས་ཀྱིས་ཀུན་གཞི་མི་བཞེད་དོ། །འོ་ན་ལས་ཀྱི་རྣམ་སྨིན་ཇི་ལྟར་འབྱིན་ཞེ་ན། འཇུག་པ་ལས།
གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །
དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །
ལ་ལར་ལས་འགག་ཡུན་རིང་ལོན་ནས་ཀྱང་། །
འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། །
ཞེས་ལས་འགགས་ཀྱང་རང་བཞིན་གྱིས་འགག་པ་མིན་པས་དེ་ཞིག་པ་ཐ་སྙད་ཙམ་དུ་ཡོད་པས། དེ་ལས་འབྲས་བུ་འབྱུང་བ་འགལ་བ་མེད་པས་ལུགས་འདིས་ལས་འབྲས་ཆུད་མི་ཟ་བ་འཇོག་ཚུལ་ཐུན་མོང་མ་ཡིན་པ་འདི་ཡིན་ཏེ། རྩ་ཤེས་ལས།
གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ནི་ཆུད་པར་མི་འགྱུར་རོ། །
ཞེས་རང་བཞིན་གྱིས་མ་སྐྱེས་པས་རང་བཞིན་གྱིས་མི་འགག་པའི་ཕྱིར། ཆུད་མི་ཟ་བ་འགྲུབ་པའི་ཕྱིར་གསུངས་སོ། །ཞིག་པ་དངོས་པོར་གྲུབ་པས་མ་འོངས་པ་ཡང་དངོས་པོར་འགྲུབ་པས་དུས་གསུམ་བཞེད་ཚུལ་ཐུན་མོང་མིན་པའང་། རབ་བྱེད་བདུན་པར།
འགག་པ་རང་གི་བདག་ཉིད་ཀྱིས། །ཡོད་མིན་འགག་པ་གཞན་གྱིས་མིན། །
ཞེས་སོགས་ཀྱིས་བསྒྲུབས་པར་ཊཱིཀ་ཆེན་གསུངས་སོ། །ཞིག་པ་དངོས་པོར་སྒྲུབ་ཚུལ་ཤིང་ཟད་པ་མེ་ཤི་བའི་རྒྱུ་དང་། སྣང་བ་དགག་པས་མུན་པ་བསྐྱེད་པས་རྒྱུ་དང་འབྲས་བུར་བཅས་པས་དངོས་པོ་གྲུབ་པ་རག་གསུངས་སོ།།
གསུམ་པ་ལ་གཉིས་ལས། རྟེན་འབྱུང་སྟོང་པའི་དོན་བཤད་པ་ནི།
རྒྱུ་རྐྱེན་ཡན་ལག་དུ་མ་ཞིག །ཚོགས་ནས་ཕར་ལ་འཇོག་དགོས་པ། །
ཚུགས་ཐུབ་རང་དབང་བྲལ་བའི་རྟགས། །དེས་ནི་རྟེན་འབྱུང་སྟོང་པར་བཤད། །
ཅེས་གསུངས། དེ་ཡང་འདུས་བྱས་ཀྱི་ཆོས་རྣམས་རང་རང་གི་རྒྱུ་རྐྱེན་དང་འདུས་མ་བྱས་ཀྱི་ཆོས་རྣམས་རང་འདོགས་བྱེད་ཀྱི་སྒྲ་དང་རྟོག་པ་ལ་ལྟོས་དགོས་པའི་རྟོག་བཏགས་དང་། གང་ཟག་ལ་སོགས་པ་ཡན་ལག་ཚོགས་པ་ལས་ཤིང་རྟ་ལྟར་ཕུང་པོ་ལྔ་དང་ཁམས་དྲུག་ཚོགས་པ་ལ་ལྟོས་ནས་ཕར་འཇོག་དགོས་པ་ནི་ཚུགས་ཐུབ་དང་རང་དབང་དང་བྲལ་བའི་རྟགས་ཏེ། ཚུགས་ཐུབ་དང་རང་དབང་བ་དོན་གཅིག་ཡིན་མོད་ཀྱང་། འདིར་གཉིས་ཀ་བཀོད་པ་བསྡུ་བའི་ཚིག་ཡིན་པས་ཡིན་ལ། འོན་ཀྱང་སོ་སོར་བཤད་ན་རང་དབང་བའི་བདག་མེད་པར་རྟོགས་པ་ལ་སྔོན་དུ་གདགས་གཞི་ལ་མི་ལྟོས་པའི་རང་རྐྱ་བའི་བདག་རགས་པ་ཁེགས་དགོས་པས་ཚུགས་ཐུབ་པ་རང་རྐྱ་ཐུབ་པའི་དོན་ཏེ། དཔེར་ན་གང་ཟག་ཕུང་པོ་ལ་ལྟོས་པར་ཕུང་པོ་ལ་དབང་སྒྱུར་བ་པོ་རྗེ་བོ་ལྟ་བུ་དང་། ཕུང་པོ་རྣམས་དེའི་ཁོལ་པོ་ལྟ་བུར་འཛིན་པ་གཞན་སྡེས་བདག་ཏུ་བཏགས་པ་ལྟ་བུའོ། །འདིར་ཡན་ལག་ཚོགས་པ་ལ་བརྟེན་ནས་ཕར་འཇོག་པར་གསུངས་པས་ཕུང་པོ་ལས་རང་རྐྱ་བར་མེད་པར་བསྟན་པས་བྱེ་མདོ་སེམས་ཙམ་རང་རྒྱུད་ཀུན་གྱིས་གང་ཟག་གི་བདག་མེད་ཕྲ་མོར་འདོད་པ་ལུགས་འདིས་བདག་མེད་རགས་པ་དང་། དེ་རྟོགས་པ་བདག་མེད་ཕྲ་མོ་རྟོགས་པའི་ཐབས་སམ་སྣོད་རུང་དུ་སྒྲུབ་པའོ། །འོན་ཀྱང་ཚུགས་ཐུབ་རང་དབང་བྲལ་བ་ནི། ལྷག་མཐོང་ཆེན་མོར། འོན་ཀྱང་རྒྱུ་རྐྱེན་གཞན་ལ་རག་མ་ལས་ལ་བྱས་ནས་དེ་བཀག་ན་རང་སྡེ་ལ་སྒྲུབ་མི་དགོས་པ་དང་། དེ་ཁེགས་ཀྱང་དབུ་མའི་ལྟ་བ་རྙེད་པར་འཇོག་མི་ནུས་པས། ཡུལ་སྟེང་དུ་རང་གི་ངོ་བོའི་སྒོ་ནས་རང་ཚུགས་ཐུབ་པའི་སྡོད་ལུགས་ལ་རང་དབང་བར་བྱའོ། །དེས་ན་རང་བཞིན་གྱིས་སྟོང་པའི་དོན་ནི། རང་དབང་བའི་ངོ་བོ་དང་བྲལ་བ་ལ་བྱེད་ཀྱི་ཞེས་གསུངས་པས། རང་དབང་བའི་དོན་ནི་ཚུགས་ཐུབ་ཡིན་ནོ། །དེར་གྲུབ་པ་ནི་རྒྱུ་རྐྱེན་ཡན་ལག་དུ་མ་ཞིག་ཚོགས་ནས་ཕར་ལ་འཇོག་དགོས་ཞེས་གང་གིས་འཇོག་ན།
མིང་གི་སྔ་རོལ་བློ་མེད་ཕྱིར། །
ཞེས་པ་ལྟར་མིང་རྟོག་གིས་ཕར་མ་བཏགས་པར་འདི་དང་འདི་ཞེས་བློས་བཟུང་དུ་མེད་ལ། སྒྲ་རྟོག་གིས་བཏགས་པ་ན་དེ་དང་དེ་ཞེས་ཐ་སྙད་པའི་བློ་གནོད་མེད་ཀྱིས་འཛིན་ཅིང་བཟུང་བ་ལྟར་བྱ་བྱེད་ཀུན་ཀྱང་བསྙོན་མེད་དུ་འཇོག་ཐུབ་པས་དེ་ཐ་སྙད་དུ་ཡོད་ཚུལ་དང་། དེའང་སྒྲ་རྟོག་གིས་བཏགས་པ་ན་ཡུལ་ཁོ་རང་གི་ངོས་ནས་ཚུར་གྲུབ་གྲུབ་ལྟར་འཆར་བ་ནི་དགག་བྱའི་སྣང་ཚུལ་ཕྱིན་ཅི་ལོག་ཡིན་པས། དེ་ལྟར་མིན་པར་མིང་བརྡས་ཕར་ལ་འཇོག་གསུངས། རྒྱུ་འདི་ལས་འབྲས་བུ་འདི་འབྱུང་དང་། ཡན་ལག་ལ་བརྟེན་ནས་ཡན་ལག་ཅན་སོགས་ཐམས་ཅད་དེ་ལྟར་འཇོག་པ་ནི། དངོས་པོ་ལ་རང་དབང་བྲལ་བའི་རྟགས་སོ། །འདི་རྟེན་འབྲེལ་གྱི་རྟགས་ཀྱིས་དངོས་པོ་ལ་རང་བཞིན་འགོག་པས་རྟེན་འབྱུང་སྟོང་པའི་དོན་དུ་གོ་བྱེད་དོ།།
ཚུགས་ཐུབ་རང་དབང་བྲལ་བའི་རྟགས། །
ཞེས་པས་ཞར་ལ་དགག་བྱའི་གྲུབ་ཚད་ཀྱང་གསུངས་ལ། རྒྱུ་རྐྱེན་ཡན་ལག་ཚོགས་པས༌འཇོག་པར་གསུངས་པས། བདེན་པ་གཉིས་ཐབས་ཐབས་བྱུང་དུ་འཇོག་ཚུལ་དང་། ཐ་སྙད་ལ་བརྟེན་ནས་དོན་དམ་ལ་ངེས་པ་བསྐྱེད་ཚུལ་ཡང་བསྟན་ཏོ།།
བདག་སྐྱེ་ཡང་རྒྱུ་རྐྱེན་ཚོགས་པ་ལ་མི་ལྟོས་པར་ཐལ་བས་གྲངས་ཅན་གྱིས་བདག་ལས་སྐྱེ་བ་འདོད་པའང་འགོག་ལ། དེ་ལས་སྤྲོས་ཏེ་ལེགས་ལྡན་གྱིས་རང་རྒྱུད་ཁས་བླངས་པ་ལ་ཟླ་བས་སྐྱོན་བསྟན་ཚུལ་སོགས་ཀྱང་དྲང་དུ་ཡོད་དོ། །དེ་ནི་མ་དྲོས་པས་ཞུས་པ་ལས།
གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་སྐྱེས། །
དེ་ལ་སྐྱེས་པའི་རང་བཞིན་ཡོད་མ་ཡིན། །
རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །
གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །
ཞེས་རྒྱུ་རྐྱེན་ལས་སྐྱེ་བ་རང་བཞིན་ཕྱི་མ་སྐྱེས་པའི་དོན་དུ་བཤད་པ་དེའི་ཕྱིར། རང་བཞིན་གྱིས་སྐྱེས་པ་ལ་རྒྱུ་རྐྱེན་རྟེན་འབྲེལ་གྱི་རྣམ་གཞག་འཇོག་ཚུལ་ནི། གཉིས་པ་སྟོང་པ་རྟེན་འབྱུང་གི་དོན་དུ་བཤད་པ།
རང་དབང་ངོ་བོས་མ་དམིགས་ཀྱང་། །སྣ་ཚོགས་སྣང་བ་མི་འགག་པས། །
རྐྱེན་ཚོགས་འཇའ་ཚོན་སྣང་ཙམ་དང་། །འདྲ་བར་སྟོང་པས་རྟེན་འབྱུང་གསུངས། །
ཞེས་བྱུང་། འདི་ནི་ལམ་རིམ་ཆེན་མོ་ལས། གང་ཟག་ལ་རང་བཞིན་མེད་དོ་སྙམ་པའི་ངེས་པ་བརྟན་པོ་བྱ་སྟེ། སྟོང་ཕྱོགས་ལ་དེ་འདྲ་མང་དུ་སྦྱངས། དེ་ནས་གང་ཟག་གི་ཐ་སྙད་པ་སྙོན་མི་ནུས་པར་སྣང་བ་རྣམས་བློའི་ཡུལ་དུ་འཆར་དུ་བཅུག་ལ། དེ་ལས་གསོག་པ་པོ་དང་འབྲས་བུ་མྱོང་བ་པོར་འཇོག་པའི་རྟེན་འབྲེལ་གྱི་ཕྱོགས་རྣམས་ཡིད་ལ་བྱ་ཞིང་། རང་བཞིན་མེད་པ་ལ་རྟེན་འབྲེལ་འཐད་པའི་འཐད་ལུགས་རྣམས་ལ་ངེས་པ་རྙེད་པར་བྱའོ། །ཞེས་སྣང་སྟོང་འགལ་མེད་གྲོགས་སུ་འཆར་བ་སྟོང་པས་སྣང་བ་དང་། སྣང་བས་སྟོང་པ་ལ་ངེས་པ་བསྐྱེད་དགོས་པས་རང་བཞིན་གྱིས་སྟོང་པ་ལ་འབྱུང་འཇིག་དང་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་རུང་བའི་ཚུལ་ལ་ངེས་པ་ཅི་སྐྱེ་བྱ་བར་གསུངས་པས། འདི་ལ་རང་དབང་བ་ནི། བཞི་བརྒྱ་པ་ལས།
གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །
འདི་ཀུན་རང་དབང་མེད་པ་སྟེ། །དེས་ན་བདག་ནི་ཡོད་མ་ཡིན། །
ཞེས་དང་། འགྲེལ་པར། དངོས་པོ་གང་ལ་བརྟེན་ནས་འབྱུང་བ་ཡོད་པ་དེ་ནི་རང་དབང་དུ་མི་འགྱུར་ཏེ། རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བའི་ཕྱིར། ཞེས་གསུངས་པས། སེམས་ཅན་རྣམས་ཀྱིས་མྱོང་སྣང་གི་ཆོས་ཀུན་དེ་ལྟར་སྣང་བའི་བློའི་དབང་གིས་བཞག་པ་མིན་པར། ཇི་ལྟར་སྣང་བ་ལྟར་རང་གི་ངོ་བོའི་སྒོ་ནས་ཡུལ་སྟེང་དུ་ཡོད་པར་འཛིན་པ་ཇི་བཞིན་དུ་སྒྲོ་བཏགས་ཚུལ་དང་། དེའི་ཡུལ་གྱི་རང་བཞིན་དེ་འདྲ་ནི་རང་གི་ངོ་བོ་དང་རང་བཞིན་དང་རང་དབང་བའི་དོན་ཏེ་དེ་འདྲ༌བ་གཏན་མེད་པས་མ་དམིགས་ཀྱང་ཞེས་གསུངས་ཏེ། དེ་འདྲ་ཡོད་ན་རྒྱུ་རྐྱེན་ལ་རག་ལས་པ་འགལ་བའི་ཕྱིར་རོ། །དེས་ན་རང་དབང་མེད་པའི་དོན་རྟེན་འབྲེལ་གྱི་དོན་ཡིན་པས་ཡུལ་སྣང་སྣ་ཚོགས་པའི་སྣང་བ་མི་འགག་པར་རང་བཞིན་མེད་པ་ཉིད་ལ་ཐམས་ཅད་བཞག་པས་ཆོག་སྟེ། རྩ་ཤེས་ལས།
གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །
གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །
ཞེས་གསུངས། རུང་མི་རུང་ནི་ཡོད་པ་དང་མེད་པ་ལ་གོ་བར་བྱ་ཞེས་གསུངས། རང་དབང་བའི་ངོ་བོ་སྟེ་རང་བཞིན་མེད་པ་ཉིད་ལ་བསྐྱེད་བྱ་སྐྱེད་བྱེད་དང་། རྟེན་འབྲེལ་བཅུ་གཉིས་དང་། བདེན་བཞི་སོགས་ཐམས་ཅད་ཤིན་ཏུ་འཐད་པས་བསྙོན་མེད་དུ་འཇོག་ཐུབ་ཅིང་། སྒྲ་རྟག་པ་དང་། གང་ཟག་རྫས་ཡོད་ལྟ་བུ་སྐབས་ཀྱི་ཤེས་པ་འཁྲུལ་བའི་བཟུང་བ་རྣམས་ནི་ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པར་འཇོག་མི་ནུས། ཐ་སྙད་པའི་ཚད་མ་གཞན་གྱིས་གནོད་པ་མི་འཇུག་པའི་ཀུན་བྱང་གི་ཆོས་ཐམས་ཅད་འཇོག་ནུས་པས། སྟོང་པས་སྣང་བ་མི་འགོག་པའོ། །དེའི་གནད་ཀྱིས་ཕྱི་དོན་སྨྲ་དག་གི་འདོད་པ་དང་གཏན་མི་མཐུན་པའི་ཚུལ་གྱིས་ཞལ་གྱིས་བཞེས་ཏེ། དོན་སྨྲ་བ་རྣམས་རྡུལ་ཕྲན་བསགས་པའི་བེམ་པོ་ཡུལ་ཁོ་རང་གི་ངོས་ནས་ཚུར་རྣམ་པ་གཏོད་པའི་ཚུགས་ཐུབ་ལིང་ངེ་བ་ཞིག་འཇོག་པ། འདིར་དེ་འདྲ་མིན་པར་ཕྱི་རོལ་སྣང་ཙམ་པ་དེ་ཉིད་ཀྱིས་འཇོག་པས་ཁྱད་ཆེ། རྣམ་རིག་པས་ཕྱི་དོན་དེ་འདྲ་བ་མི་འདོད་པ་ཙམ་འདི་དང་མཐུན་མོད། བཏགས་དོན་བཙལ་བས་ནང་སེམས་ཀྱི་སྟེང་གི་བག་ཆགས་དེའི་རང་མདངས་ཤིག་དེར་ཤར་བར་འདོད་པས་འདི་དང་མི་མཐུན་ནོ།།
ཀུན་མཁྱེན་གྱིས་ཐ་སྙད་དཔྱོད་བྱེད་ཀྱི་བློས་མི་ཁེགས་པས་ཕྱི་དོན་བཞེད་པར་གསུངས་པས། སྣང་ཙམ་བཏགས་ཙམ་གྱིས་འཇོག་པ་དེ་ཡང་རྒྱུ་རྐྱེན་ཚོགས་པས་འཇོག་མོད་ཀྱི། རྐྱེན་ཚོགས་ཀྱང་ནམ་མཁའི་འཇའ་ཚོན་རེག་པ་དང་བཟུང་དུ་མེད་ཀྱང་སྔོ་སེར་ལ་སོགས་པའི་ཁ་དོག་མ་འདྲེས་པར་སོ་སོར་འཆར་བས་སྣང་ཙམ་པོ་དེས་མཚར་མོ་བསྐྱེད་པ༌བཞིན་རང་དབང་གིས་མེད་ཀྱང་བཏགས་ཙམ་པོས་བྱ་བྱེད་ཀུན་བསྐྱེད་པས་སྟོང་པ་རྟེན་འབྱུང་གི་དོན་དུ་གསུངས་སོ།།
སྟོང་པས་ཞེས་བྱེད་ཚིག་གིས་སྟོང་པའི་རྒྱུ་མཚན་གྱིས་རྟེན་དགོས་པར་བསྟན་པ་སྟོང་པ་རྟེན་འབྱུང་གི་དོན་དུ་དང་། སྔ་མས་རྟེན་འབྱུང་སྟོང་པའི་དོན་དུ་བཤད་དེ།
ནམ་ཞིག་རེ་འཇོག་མེད་པར་ཅིག་ཅར་དུ། །
རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །
ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །
དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །
ཞེས་པའི་ལྟ་བའི་དཔྱད་པ་རྫོགས་ཚད་དང་། སྣང་སྟོང་འགལ་མེད་གྲོགས་སུ་འཁྱེར་བ་མཐའ་གཉིས་སྤངས་པའི་དབུ་མའི་ལམ་དུ་ཡང་བཤད་དོ།།
གསུམ་པ་སྟོང་པའི་དོན་རྒྱས་པར་གཏན་ལ་ཕབ་པ་ལ། རང་བཞིན་གྱིས་གྲུབ་པ་འགོག་པར་བསྟན་པ་དང་། རང་བཞིན་མེད་པ་ལ་བཅིང་གྲོལ་སོགས་འཐད་པར་བསྟན་པ་གཉིས། དང་པོ་ལ། གང་ཟག་གི་བདག་མེད་གཏན་ལ་ཕབ་པ་དང་། ཆོས་ཀྱི་བདག་མེད་གཏན་ལ་ཕབ་པ་གཉིས། དང་པོ་ནི།
མ་ཚོགས་པ་ལ་གནས་མེད་ཅིང་། །བརྒྱ་སྟོང་ཚོགས་ལ་གཅིག་པ་མེད། །
གཅིག་མེད་པ་ལ་དུ་མ་མེད། །གཅིག་དང་གཞན་མིན་ཅི་ཡང་མེད། །
ཅེས་གསུངས། དེ་ཡང་ལེགས་བཤད་སྙིང་པོ་ལས། གང་ལ་ངའོ་སྙམ་པ་སྐྱེ་བའི་དམིགས་པ་གང་ཟག་དང་དེའི་རྒྱུད་ཀྱི་ཆོས་ཉིད་གཉིས་བདག་གཉིས་སུ་མངོན་པར་ཞེན་པའི་འཆིང་བྱེད་ཀྱི་གཙོ་བོ་ཡིན་པས། རིགས་པ་གང་དུ་བདག་ཏུ་འཛིན་པ་འགོག་པའི་གཞིའི་གཙོ་བོ་ཡང་དེ་གཉིས་ཡིན་ནོ། །དེའི་ཕྱིར་རིགས་པ་རྣམས་ཀྱང་བདག་གཉིས་འགོག་པར་འདུ་ཞིང་། ཞེས་གསུངས་པ་ལྟར། དབུ་མའི་གཞུང་ལས་བདག་མེད་གཏན་ལ་འབེབས་པའི་རིགས་པའི་རྣམ་གྲངས་མཐའ་ཡས་པ་གསུངས་པ་རྣམས། གང་ཟག་དང་ཆོས་ཀྱིས་བདག་མེད་གཏན་ལ་འབེབས་པའི་རིགས་པ་གཉིས་སུ་འདུ་ལ། དེ་གཉིས་ཀྱི་ནང་ནས་ཀྱང་འཇུག་པ་ལས།
དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །
རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །
རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །
རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །
ཞེས་ཤིང་རྟ་རང་གི་ཡན་ལག་དང་། གཅིག་དང་ཐ་དད་དང་ལྡན་པ་དང་། ཕན་ཚུན་བརྟེན་པའི་ཚུལ༌གཉིས་དང་། ཚོགས་ཙམ་དང་ཚོགས་པའི་དབྱིབས་ཏེ་བདུན་དུ་བཙལ་བས་མི་རྙེད་ཀྱང་། རང་གི་ཡན་ལག་ལ་བརྟེན་ནས་བཏགས་པའི་བཏགས་ཡོད་དུ་འཇོག་པ་བཞིན་དུ་གང་ཟག་ཀྱང་འཇོག་པར་གསུངས་པ་ཉིད། ཟབ་མོའི་ལྟ་བ་བདེ་བླག་ཏུ་རྙེད་པའི་ཐབས་སུ་གསུངས་པས། ཐོག་མར་གང་ཟག་གི་བདག་མེད་གཏན་ལ༌འབེབས་པ་ཉིད་གནད་དུ་ཆེ་སྟེ། ལེགས་བཤད་སྙིང་པོ་ལས། ཐོག་མར་གང་ཟག་ལ་རྣམ་པ་བདུན་དུ་བཙལ་ན་མི་རྙེད་པ་དང་། རང་གི་ཕུང་པོ་ལ་བརྟེན་ནས་འདོགས་པ་འདི་གོ་སླ་བས་འཁྲིད་པའི་རིམ་པའང་དེ་བཞིན་ནོ། །ཞེས་དང་། ལམ་རིམ་ཆུང་ངུ་ལས་ཀྱང་། དེ་ལྟར་དགོས་པའི་རྒྱུ་མཚན་ནི། གཞི་གང་ཟག་དང་ཆོས་ཀྱི་སྟེང་དུ་ངེས་རྒྱུའི་བདག་མེད་ལ་ཕྲ་རགས་མེད་ཀྱང་། ཁྱད་གཞིའི་གནད་ཀྱིས་གང་ཟག་གི་སྟེང་དུ་ངེས་སླ་ལ། ཞེས་གསུངས། དེས་ན་འདིར་ཡང་གང་ཟག་གི་བདག་འགོག་པ་ཐོག་མར་བྱས་སོ། །དེ་ནི་རྩ་ཤེས་ལས།
ཕུང་མིན་ཕུང་པོ་ལས་གཞན་ཡིན། །དེ་ལ་ཕུང་མེད་དེར་དེ་མེད། །
དེ་བཞིན་གཤེགས་པ་ཕུང་ལྡན་ཡིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །
ཞེས་དང་།
མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་ལེན་པའི་རིམ་པ་ཀུན། །
བུམ་སྣམ་སོགས་དང་ལྷན་ཅིག་ཏུ། མ་ལུས་པར་ནི་ཐམས་ཅད་བཤད། །
ཅེས་སོགས་ཀྱིས་རྣམ་ལྔ་གསུངས་ལ། འཇུག་པར། འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་ཚོགས་པ་དང་དབྱིབས་བདག་ཡིན་པ་འགོག་པ་གཉིས་བསྣན་ཏེ། རྣམ་བདུན་གྱི་རིགས་པས་གཙོ་བོར་དགག་པར་མཛད་ལ། དེ་ཡང་གཞན་སྡེ་དང་རང་སྡེ་བདག་རང་མཚན་གྱིས་གྲུབ་པར་འདོད་པ་དག་གིས་གང་ལ་བདག་ཏུ་མངོན་པར་ཞེན་པའི་གཞིའི་དམིགས་པ་བཏགས་ཚུལ་དང་། ལྷན་སྐྱེས་ཀྱི་བདག་འགོག་པའི་ཡན་ལག་མཐའ་གཅོད་པའི་ཕྱིར་འདི་ལྟར་གསུངས་ཀྱང་། རབ་བྱེད་བཅོ་བརྒྱད་པ་ལས་རབ་བྱེད་གཞན་ཐམས་ཅད་ཀྱི་རིགས་པའི་གནད་གཅིག་དང་ཐ་དད་བཀག་པ་གཉིས་ལ་འདུས་པར་དགོངས་ནས།
གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེས་དང་འཇིག་པ་ཅན་དུ་འགྱུར། །
གལ་ཏེ་ཕུང་པོ་རྣམ་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །
ཞེས་གསུངས་པ་ལྟར། གཅིག་དུ་བྲལ་ཉིད་ཀྱི་རིགས་པས་བདག་རང་བཞིན་གྱིས་གྲུབ་པ་འགོག་པར་མཛད་པ་བཞིན། ཤོ་ལོ་ཀ་འདིས་ཀྱང་གཙོ་ཆེར་རབ་བྱེད་འདིའི་དོན་གཏན་ལ་འབེབས་པར་བྱེད་པས་ན། ཐོག་མར་གཅིག་དང་དུ་བྲལ་གྱི་རིགས་པས་བདག་རང་བཞིན་གྱིས་གྲུབ་པ་དགག་པར་མཛད་དོ། །འདི་ལ་གནད་བཞི་ཡོད་པས། ཚོགས་པ་ལ་གནས་མེད་ཅིང་ཞེས་པས་ཆ་བཅས་བསྟན་ལ། བརྒྱ་སྟོང་ཚོགས་ལ་གཅིག་པ་མེད། །ཅེས་པས་དམ་བཅའ་སྒྲུབ་བྱེད་དེ་གཉིས་ཀ་སྡོམ་པས་གཅིག་བྲལ་ངེས་པའི་གནད་བསྟན་ཏེ། ཆོས་གང་ལའང་ཆ་དུ་མ་ཚོགས་པའམ་མ་འདུས་པ༌མི་སྲིད་དེ། བརྒྱ་པ་ལས།
གང་ལ་ཕྱོགས་ཀྱི་ཆ་ཡོད་པ། །དེ་ལ་ཤར་གྱི་ཆ་ཡང་ཡོད། །
ཅེས་གསུངས་པ་ལྟར། རྡུལ་ཕྲན་ལའང་ཤར་གྱི་ཆ་ལ་སོགས་པ་ཡོད་ལ། གཞན་ཡང་ངར་འཛིན་གྱི་བློའི་ཡུལ་ཡིན་པ་དང་། སྤྱི་བྱེ་བྲག་དང་གཞན་ལས་ལྡོག་པ་སོགས་ཀྱི་ཆ་དུ་མ་དང་མི་ལྡན་པ་ནི་ཤེས་བྱ་བ་ལ་མི་སྲིད་པས་ཆོས་གང་ལ་ཡང་ཆ་བཅས་གྲུབ་སླ་ལ། ཆ་བཅས་ལ་བདེན་གྲུབ་ཀྱི་གཅིག་ཁེགས་པ་ནི་ཆ་དང་ཆ་ཅན་བདེན་པའི་གཅིག་ཏུ་གྲུབ་ན་ལྡོག་པ་ཙམ་ཡང་ཐ་དད་མེད་པའི་གཅིག་པ་དགོས་ཏེ། གནས་ཚུལ་ངོ་བོ་གཅིག་ཀྱང་། སྣང་ཚུལ་ཐ་དད་དུ་སྣང་བ་རྫུན་པའི་སྡོད་ལུགས་ཡིན་པའི་ཕྱིར་རོ།།
སྣང་ཚུལ་ཙམ་ཡང་ཐ་དད་མེད་པའི་གཅིག་ཡིན་ན། ཆ་དང་ཆ་ཅན་ཡིན་པ་འགལ་ཏེ། གཅིག་ཉིད་རང་ལ་ལྟོས་ཏེ་ཆ་དང་ཆ་ཅན་དུ་འཇོག་པ་མི་རིགས་པའི་ཕྱིར་ན། བརྒྱ་སྟོང་ཚོགས་ལ་གཅིག་པ་མེད་པ་གྲུབ་བོ། །དེ་གྲུབ་ན་དུ་མ་ནི་ཡ་གྱལ་ཚོགས་པས་འཇོག་དགོས་པས། ཡ་གྱལ་བདེན་པའི་གཅིག་ཁེགས་ན་དེའི་དུ་མ་མེད་པའང་གོ་ནུས་ལ། སྤྱིར་ཡོད་ན་གཅིག་དང་དུ་མ་གང་རུང་དུ་ཡོད་དགོས་པས། བདེན་ཡོད་ལ་ཡང་དེའི་གཅིག་དང་དུ་མ་གང་རུང་གིས་ཁྱབ་པ་གོ་སླའོ། །དེས་ན་གཅིག་མེད་པ་ལ་དུ་མ་མེད་ཅེས་པས་བདེན་གྲུབ་ཀྱི་གཅིག་མེད་པའི་རྟགས་ཀྱང་དེའི་དུ་མ་མེད་པར་སྒྲུབ་ལ། འདིས་དུ་བྲལ་ངེས་པའི་གནད་བསྟན་ཏེ་ཕྱོགས་ཆོས་ངེས་པའི་གནད་གཉིས་སོ།།
གཅིག་དང་གཞན་མིན་ཅི་ཡང་མེད། །
ཅེས་པས་བདེན་གྲུབ་ཀྱི་གཅིག་དང་དེའི་དུ་མ་གང་རུང་དུ་མ་གྲུབ་ན་བདེན་པར་མེད་པས་ཁྱབ་པ་བསྟན་ཏེ། འདི་ནི་གནད་གསུམ་པའོ། །དགག་བྱ་ངེས་པའི་གནད་ནི་འདིར་ཤུགས་ལ་བསྟན་ཅིང་། གཞན་དག་ཅེས་སོགས་ཀྱི་སྐབས་སུ་དངོས་སུ་བསྟན་པར་བྱས་ཀྱང་རུང་ངོ༌། །འདི་ནི་སྤྱིར་གཅིག་དུ་བྲལ་གྱི་རྟགས་ཀྱི་ཚུལ་ཡིན་ལ། བྱེ་བྲག་གང་ཟག་ཕུང་པོ་དང་གཅིག་ཐ་དད་དུ་མེད་པའི་ཚུལ་ནི་གོང་དུ་དྲངས་པ་ལྟར་མེ་དང་བུད་ཤིང་བརྟག་པ་དང་། དེ་བཞིན་གཤེགས་པ་བརྟག་པར་རྣམ་ལྔས་དཔྱད་པ་མཛད་པ་དང་། རབ་བྱེད་བཅོ་བརྒྱད་པར། དེ་དག་གཅིག་དུ་བྲལ་དུ་བསྡུས་ནས་རྒྱ་ཆེར་གཏན་ལ་ཕབ་པ་ལྟར་དགོས་ཏེ། མེ་དང་བུད་ཤིང་བརྟག་པ་ལས།
བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །
ཞེས་དང་།
གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །
ཞེས་སྔ་མས་ནི་ལྡོག་པ་ཙམ་ཡང་ཐ་དད་དུ་མེད་ན་བསྲེག་བྱ་སྲེག་བྱེད་དུ་མི་འཐད་པ་དང་། ཕྱི་མས་ཐ་དད་པའི་ཚུལ་བློ་ངོ་ལ་ལྟོས་ནས་མ་ཡིན་པར་རང་གི་ངོས་ནས་ཡིན་ན་འབྲེལ་མེད་ཀྱི་ཐ་དད་དུ་འགྱུར་བས། བུད་ཤིང་མེད་པར་ཡང་མེ་འབྱུང་བར་ཐལ་བས་བཀག །དེ་ལྟར་གཅིག་པ་ཐ་དད་པའི་ཕྱོགས་བཀག་པ་ཉིད་ཀྱི། ལྡན་པ་དང་། རྟེན་བརྟེན་པའི་ཕྱོགས་གཉིས་ཀྱང་དོན་གྱིས་བཀག་སྟེ། ལྷས་བྱིན་བློ་དང་ལྡན་པ་ལྟ་བུའི་ངོ་བོ་གཅིག་པའི་ཕྱོགས་ནི་གཅིག་པ་བཀག་པས་ཁེགས་ལ། ལྷས་བྱིན་བ་ལང་དང་ལྡན་པ་ལྟ་བུའི་ངོ་བོ་ཐ་དད་པའི་ཕྱོགས་ནི། ཐ་དད་བཀག་པས་ཁེགས་སོ། །རྟེན་བརྟེན་པའི་ཚུལ་གཉིས་ནི་མཁར་གཞོང་དང་རྒྱ་ཤུགས་ལྟར་ངོ་བོ་ཐ་དད་པའི་ཕྱོགས་ཡིན་པས་ཐ་དད་བཀག་པར་འདུས་ལ། དེས་ན་རྣམ་ལྔ་དང་རྣམ་བདུན་གཅིག་དང་ཐ་དད་དུ་འདུ་ཚུལ་ཡང་དེས་ཤེས་སོ། །དེ་བཞིན་དུ་དེ་བཞིན་གཤེགས་པ་བརྟག་པར་ཡང་།
རྣམ་པ་ལྔས་ནི་བཙལ་བྱས་ན། །གང་ཞིག་དེ་ཉིད་གཞན་ཉིད་དུ། །
མེད་པའི་དེ་བཞིན་གཤེགས་པ་དེ། །ཉེ་བར་ལེན་པས་ཇི་ལྟར་གདགས། །
ཞེས་དང་། རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དེ་བཞིན་གཤེགས་དེ་གང་། །ཞེས་སོགས་གསུངས་པ་རྣམས་ཀྱི་རིགས་པའི་གནད་བསྡུས་ཏེ་རབ་བྱེད་བཅོ་བརྒྱད་པར།
ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །
ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །
ཞེས་དང་།
བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །
གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །
ཅེས་སོགས་ཀྱིས་རྒྱ་ཆེར་གཏན་ལ་ཕབ་པ་ལྟར་གོ་དགོས་ན་ཡང་མངས་བས་འཇིགས་ཏེ། འདིར་རྒྱས་པར་མ་བཀོད་དེ་རྩ་འཇུག་གི་རྣམ་བཤད་སོགས་ལས་ཤེས་པར་བྱའོ།།
གཞན་ཡང་རབ་བྱེད་ཉི་ཤུ་པ་ཚོགས་པ་བརྟག་པ་ལས། དེ་ཕྱིར་ཚོགས་པས་བྱས་པ་མེད། །ཚོགས་མིན་བྱས་པའི་འབྲས་བུ་མེད། །འབྲས་བུ་ཡོད་པ་མ་ཡིན་ན། །རྒྱུ་རྐྱེན་ཚོགས་པ་ག་ལ་ཡོད། །ཅེས་སོགས་ལྟར། རྒྱུ་འབྲས་ངོ་བོ་གཅིག་པ་དང་ཐ་དད་པའི་ཕྱོགས་དགག་པས་མཚོན་རབ་བྱེད་གཞན་ཕལ་ཆེ་བ་ཞིག་ལའང་སྦྱར་དུ་རུང་བར་མངོན་ཏེ། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གསུངས་པ་ལྟར། རིགས་པ་ཕལ་ཆེ་ཞིག་གི་མཐའ་གཅིག་ཐ་དད་ལ་གཏུགས་ནས་འགོག་པར་མཛད་པའི་ཕྱིར་རོ།།
གཉིས་པ། ཆོས་ཀྱི་བདག་མེད་གཏན་ལ་ཕབ་པ་ལ། གྲུབ་མཐའ་འོག་མའི་འདོད་པ་དགག་པ་དང་། ཆོས་ཀྱི་བདག་མེད་གཏན་ལ་ཕབ་པ་དངོས་གཉིས། དང་པོ་ནི།
དངོས་པོ་རྫས་དང་ལྡོག་པ་ལས། །གཅིག་དང་ཐ་དད་རྣམ་འབྱེད་པ། །
གཉིས་ལ་ལྕེ་གཉིས་སྨྲ་བའི་ཚིག །ཇི་བཞིན་བདེན་པར་ག་ལ་འགྱུར། །
ཞེས་གསུངས། དེ་ཡང་དོན་བྱེད་ནུས་ཀྱི་དངོས་པོ་ཙམ་དང་། རྫས་ཙམ་ཞིག་ནི་འདིར་ཡང་ཁས་ལེན་དགོས་མོད། འདི་ནི་རབ་བྱེད་བཅོ་ལྔ་པ་རང་བཞིན་བརྟག་པ་ལས།
གང་དག་རང་བཞིན་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །
དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །
ཞེས་གསུངས་པ་ལྟར། བདེན་དངོས་སམ། རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་དངོས་པོ་ལ་བྱ་ལ། རྫས་ཀྱང་རྣམ་བཤད་རིགས་པའི་རྒྱ་མཚོ་ལས།
གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །
གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །
ཞེས་སོགས་དབུ་མ་རིན་ཆེན་ཕྲེང་བའི་ལུང་དྲངས་ཏེ། གང་ཟག་ཙམ་དུ་སྨྲ་བ་ནི། རང་སྡེ་གང་ཟག་རྫས་ཡོད་དུ་སྨྲ་བའི་ཕུང་པོ་ཙམ་དུ་སྨྲ་བ་ནི་རང་གི་སྡེ་པ་གང་ཟག་རྫས་སུ་མེད་ལ། ཕུང་པོ་རྫས་སུ་ཡོད་པར་སྨྲ་བའོ། །ཞེས་གསུངས་པ་ལྟར་རང་དབང་བ་དང་། ཚུགས་ཐུབ་ཀྱི་རྫས་སོགས་ལ་བྱ་དགོས་སོ།།
དེས་ན་རང་སྡེ་སེམས་ཙམ་མན་ཆད་ནི། བདེན་དངོས་ཞལ་གྱིས་བཞེས་པས་དངོས་པོར་སྨྲ་བ་ཞེས་གྲགས་ཆེ་ལ། རང་རྒྱུད་པ་རྣམས་ནི་བདེན་གྲུབ་དངོས་སུ་ཁས་མ་བླངས་ཀྱང་ལུགས་འདིར་རང་གི་མཚན་ཉིད་ཀྱིས་གྲུབ་ན་བདེན་པར་གྲུབ་དགོས་པའི་གནད་ཀྱིས་དེ་དག་གིས་ཀྱང་བདེན་དངོས་དང་རྫས་ཡོད་དོན་གྱིས་ཁས་བླངས་སོ།།
དེས་ན་རང་གི་ངོ་བོས་གྲུབ་པའི་རང་བཞིན་མ་ཁེགས་པར་རང་རང་གིས་བློས་བྱས་ཀྱི་གང་ཟག་དང་། ཆོས་ཀྱི་བདག་གིས་སྟོང་པ་རེ་གཏན་ལ་ཕབ་སྟེ་རྟག་ཆད་ཀྱི་མཐའ་གཉིས་སྤོང་ཁུལ་བྱས་ཀྱང་རྟག་ཆད་ཀྱི་མཐར་ལྷུང་བ་ལས་མི་འདའ་སྟེ། རྣམ་བཤད་རིགས་པའི་རྒྱ་མཚོ་ལས། མདོར་ན། ཇི་སྲིད་དུ་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་པ་ལ་ལས་འབྲས་དང་འཆིང་གྲོལ་ལ་སོགས་པ་ཡོད་པར་འཇོག་མི་ཤེས་པ་དེ་སྲིད་དུ། རྟག་ཆད་ཀྱི་ལྟ་བ་སྤོང་ཚུལ་ཇི་འདྲ་ཞིག་བྱས་ཀྱང་མཐའ་གཉིས་ལས་མི་འདའ་སྟེ། ཆད་ལྟ་སྤོང་བ་ན་ཡོད་མཐའ་ཁས་བླང་དགོས་ལ། རྟག་ལྟ་སྤོང་བ་ན་མེད་མཐའ་ཁས་བླང་དགོས་པའི་ཕྱིར་རོ། །ཞེས་དང་། རྣལ་འབྱོར་སྤྱོད་པ་བ་དག་གཞན་དབང་སེམས་དང་སེམས་བྱུང་ཙམ་ཞིག་རང་གི་མཚན་ཉིད་ཀྱིས་གྲུབ་པའི་མེད་ལྟ་དང་། གཞན་དབང་ལ་ཀུན་བཏགས་པ་མེད་པས་རྟག་ལྟ་སྤོང་བར་འདོད་པ་ནི། ཕྱི་རོལ་ལ་བལྟས་པའི་གཟུང་འཛིན་ཐ་སྙད་དུ་ཡོད་པ་ལ་བསྐུར་བ་བཏབ་ཅིང་། གཞན་དབང་བདེན་པར་མེད་པ་ལ་སྒྲོ་བཏགས་པས་རྟག་ཆད་ཀྱི་མཐར་ལྷུང་བས། དབུ་མ་པའི་ལྟ་བ་ཁོ་ན་ལ་ཡོད་མེད་ཀྱི་མཐར་མ་ལྷུང་བ༌དང་། རྟག་ཆད་ཀྱི་སྐྱོན་དང་བྲལ་བ་ཡོད་ཀྱི་གཞན་ལ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །དེ་བཞིན་དུ་རང་བཞིན་གྱིས་གྲུབ་པའི་སྐྱེ་འཇིག་སོགས་ཁས་བླངས་པས་ཀྱང་རྟག་ཆད་ཀྱི་ལྟ་བ་གཉིས་ཀ་སྐྱེད་ཚུལ།
གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །
སྔོན་བྱུང་ད་ལྟར་མེད༌ཅེས་པ། །དེས་ན་ཆད་པ་ཐལ་བར་འགྱུར། །
ཞེས་གསུངས་པ་ལྟར་རོ། །གཞན་ཡང་རབ་བྱེད་བཅུ་བཞི་པ་ལས།
བལྟ་བྱ་ལ་སོགས་འབའ་ཞིག་ལ། །གཞན་ཉིད་མེད་པར་མ་ཟད་ཀྱི། །
གང་ཡང་གང་དང་ལྷན་ཅིག་ཏུ །གཞན་པ་ཉིད་དུ་མི་འཐད་དོ། །
ཞེས་རྒྱུ་འབྲས་ལ་ངོ་བོ་ཉིད་ཀྱིས་གཞན་མི་འཐད་པར་མ་ཟད་ལྷན་ཅིག་པའི་བུམ་སྣམ་སོགས་པ་ཡང་ངོ་བོས་གྲུབ་པའི་གཞན་མེད་པར་གསུངས་ལ། དེའི་རྒྱུ་མཚན་ཡང་།
གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །
ཅེས་དང་། བརྒྱ་པ་ལས། གང་ལ་བརྟེན་ནས་འབྱུང་ཡོད་པ། །དེ་ནི་རང་དབང་མི་འགྱུར་རོ། །ཞེས་གསུངས་པ་ལྟར། དེ་དག་གི་གཞན་ནི་ཕན་ཚུན་ལྟོས་དགོས་པས་ན་རང་དབང་བར་མི་འགྱུར་ཞེས་པ་ཡིན་ལ། འདི་ནི་གོང་འོག་ཀུན་ཏུ་དགོས་པའི་རིགས་པའི་དཀའ་གནས་གལ་ཆེ་བ་ཡིན་ཞེས་རིགས་པའི་རྒྱ་མཚོར་གསུངས་སོ། །དེས་ན་འདིར་ཡང་།
གཅིག་དང་ཐ་དད་རྣམ་འབྱེད་པ། །གཉིས་ལ་ལྕེ་གཉིས་སྨྲ་བའི་ཚིག །
ཇི་བཞིན་བདེན་པར་ག་ལ་འགྱུར། །
ཞེས་གསུངས་ཤིང་། གཞན་དུའང་རྗེ་འདི་ཉིད་ཀྱིས་བདེན་གྲུབ་ལ་ངོ་བོ་གཅིག་ན་ལྡོག་པའང་གཅིག་ལ། རྫས་དང་ནུས་པ་མིང་དོན་ཐམས་ཅད༌གཅིག་དགོས་ཏེ། ངོ་བོ་གཅིག་ཏུ་སྣང་བ་ལ་ལྡོག་པ་ཐ་དད་དུ་གནས་པ་ནི་སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ཡིན་ཞིང་། དེ་རྫུན་པའི་རྫུན་ཚུལ་ཡིན་པའི་ཕྱིར། ཞེས་དང་། བདེན་པའི་ཐ་དད་ཡིན་ན་དཔྱད་བཟོད་ཀྱིས་ཐ་དད་ཡིན་དགོས། དེ་ལྟར་ན་ངོ་བོ་དང་རྫས་དང་བྱེད་ལས་སོགས་སྒོ༌ཐམས་ཅད་ནས་ཐ་དད་པས་འབྲེལ་མེད་དོན་གཞན་དུའང་འགྱུར་ཏེ། སྒོ་གཅིག་ནས་ཐ་དད་ཀྱང་། གཅིག་ནས་ཐ་མི་དད་པ་ནི་སྣ་ཚོགས་སུ་སྨྲ་བའི་མི་བཞིན་རྫུན་པའི་རྣམ་གཞག་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ།།
འདི་ལྟར་ན་ཚིགས་བཅད་སྔ་མའི་དོན་བསྡུ་ལ་སྦྱར་ཡང་རུང་བར་མངོན་ལ། གཉིས་པ་ལྕེ་གཉིས་སྨྲ་བ་ནི། སྨྲ་ཡུལ་ཐ་དད་པ་གཉིས་ལ་ཡིན་མིན་དང་ཡོད་མེད་སོགས་ཀྱི་ཚིག་གཉིས་སྨྲ་བའི་གཅིག་བདེན་ན་གཅིག་མི་བདེན་དགོས་པ་བཞིན་ཐ་དད་བདེན་ན་གཅིག་རྫུན་དགོས་ལ། གཅིག་པ་བདེན་ན་ཐ་དད་པ་རྫུན་དགོས་གསུངས་པ་ཡིན་ནོ།།
གཉིས་པ། ཆོས་ཀྱི་བདག་མེད་གཏན་ལ་ཕབ་པ་དངོས། མཐའ་བཞིའི་རྒྱུ་མེད་ལས་སྐྱེ་བ་དགག་པ་དང་། གཞན་སྐྱེ་དགག་པ། བདག་སྐྱེ་དགག་པ་གསུམ་ལས། དང་པོ་ནི།
དེ་བཞིན་ལ་ལར་སྐྱེ་དང་ཡོད། །གཞན་འགར་འགག་དང་མེད་པ་སོགས། །
རེས་འགའ་བ་ཀུན་རྫུན་པ་སྟེ། །བདེན་པ་གཅིག་ལས་འགྱུར་བ་མེད། །
ཅེས་གསུངས། དེ་ཡང་ལེགས་བཤད་སྙིང་པོ་ལས། ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པའི་གཙོ་བོ་ནི་མཐའ་བཞིའི་སྐྱེ་བ༌འགོག་པའི་རིགས་པའོ། །ཞེས་དང་། མྱུ་གུ་ལ་སོགས་པ་ཕྱི་དང་། འདུ་བྱེད་ལ་སོགས་པ་ནང་གི་དངོས་པོ་རྣམས། ས་བོན་དང་མ་རིག་པ་ལ་སོགས་པའི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཉིད་ཀྱིས། དེ་དག་སྐྱེ་བ་ལ་སོགས་པ་དང་མཚན་ཉིད་ཀྱིས་གྲུབ་པའི་རང་བཞིན་གྱིས་སྟོང་པ་དང་། བདག་གཞན་གཉིས་ཀ་རྒྱུ་མེད་ལས་སྐྱེ་བ་མིན་ནོ། །ཞེས་འགོག་པས་ལྟ་ངན་གྱི་དྲ་བ་ཐམས་ཅད་གཅོད་བྱེད་རིགས་པའི་རྒྱལ་པོ་རྟེན་འབྱུང་གི་རིགས་པ་ཉིད་ལ་གཏུགས་ནས་འགོག་གོ་ཞེས་ཆོས་བདག་འགོག་པ་གཙོ་བོར་མཐའ་བཞི་སྐྱེ་འགོག་གི་བྱེད་པ་དང་། མཐའ་བཞི་ལས་སྐྱེ་བ་ཡང་རྟེན་འབྱུང་གི་རིགས་པ་ཉིད་ཀྱིས་འགོག་པར་གསུངས་ལ། གཞན་ཡང་དེ་ལྟར་ན་བརྟེན་ནས་སྐྱེ་བ་དང་བརྟེན་ནས་བཏགས་པའི་གཏན་ཚིགས་ཀྱིས་རང་ལས་སྐྱེ་བ་ལ་སོགས་པ་བཞི་དང་། རང་བཞིན་གཅིག་ཐ་དད་ལ་སོགས་པ་བདུན། ཆོས་དང་གང་ཟག་ལ་འགོག་པ་འདི་ཉིད་རིགས་པ་རྣམས་ཀྱི་དོན་པོར་ཟུངས་ཤིག་ཅེས་གསུངས་པ་ལྟར། འདིར་ཡང་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པ་མཐའ་བཞི་སྐྱེ་འགོག་གིས་བྱེད་པར་གསུངས་པ་ཡིན་ནོ། །དེས་ན། ཚིགས་བཅད་དང་པོ་འདིས་རྒྱུ་མེད་ལས་སྐྱེ་བ་འགོག་སྟེ། དངོས་པོ་ཐམས་ཅད་རེ་འགའ་བ་དང་དེ་ལ་རྫུན་པས་ཁྱབ་པར་གསུངས་ལ། རྒྱུ་རྐྱེན་ལ་མི་ལྟོས་པ་ལ་རེ་འགའ་བ་མི་རུང་བའི་ཕྱིར་རོ། །རྒྱུ་མེད་ལས་སྐྱེ་བ་འདོད་པ་རྒྱང་ཕན་ལས་གཞན་ཕྱི་རོལ་བ་ལའང་མེད་ལ། འདི་ནི་གཅིག་ཏུ་ཐ་ཆད་པ་དང་། འཇིག་རྟེན་གྱིས་མངོན་སུམ་དུ་མཐོང་བ་དང་འགལ་ཞིང་། རང་ཚིག་འགལ་བས་ཀྱང་གནོད་པ་སོགས་ཀྱིས་དགག་སླ་བས་ན། རྩ་ཤེས་ལས། འདི་ལ་སྒེར་གྱིས་དགག་པའི་རིགས་པ་ལོགས་སུ་མཛད་ཡོད། འོན་ཀྱང་མགོ་མཇུག་མཐའ་དག་གིས་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བ་ཉིད་ཀྱིས་རྟག་ཆད་ཀྱི་མཐའ་མ་ལུས་པ་འགོག་པས་ན་རིགས་པའི་ཕུལ་ནི་ཤིན་ཏུ་མང་སྟེ། རབ་བྱེད་བཅུ་བདུན་པ་ལས་བརྟག་པར།
གལ་ཏེ་སྨིན་པའི་དུས་བར་དུ། །
ཞེས་སོགས་ཀྱི་རྩོད་པའི་ལན་དུ། མྱུ་གུ་ལ་སོགས་རྒྱུན་གང་གི །ས་བོན་ལས་ནི་མངོན་པར་འབྱུང་། །དེ་ལས་འབྲས་བུ་ས་བོན་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་ས་བོན་ལས་རྒྱུན་དང་། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ས་བོན་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་དང་། སེམས་ཀྱི་རྒྱུན་ནི་གང་ཡིན་པ། །སེམས་ལས་མངོན་པར་འབྱུང་བར་འགྱུར། །དེ་བས་འབྲས་བུ་སེམས་ལྟ་ཞིག །མེད་ན་དེ་ཡང་འབྱུང་མི་འགྱུར། །གང་ཕྱིར་སེམས་ལ་རྒྱུན་དང་ནི། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ལས་ནི་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་སྔ་མ་དཔེ་དང་ཕྱི་མ་དོན་དུ་སྦྱར་ཏེ་སྒྲུབ་ཕྱོགས་ནས་འབྲས་བུ་རྒྱུ་ལ་ལྟོས་པར་སྒྲུབ་པ་འོག་མའི་རིགས་བདག་གིས་ཀྱང་དགག་ནུས་ལ། གཞན་ཡང་།
ཅི་སྟེ་ལས་ནི་མ་བྱས་ན། །མ་བྱས་པ་དང་ཕྲད་འཇིག༌འགྱུར། །
ཚངས་སྦྱོད་གནས་པ་མ་ཡིན་པའང་། །དེ་ལ་སྐྱོན་དུ་ཐལ་བར་འགྱུར། །
ཐ་སྙད་ཐམས་ཅད་ཉིད་དང་ཡང་། །འགལ་བར་འགྱུར་བར་ཐེ་ཚོམ་མེད། །
ཅེས་པ་ལ་སོགས་པའི་གནོད་བྱེད། མ་ལྟོས་པར་ཡོད་པའམ་རང་དབང་གིས་གྲུབ་པ་ལ་འཕང་བ་ཐམས་ཅད་འདི་ལའང་གནོད་བྱེད་དུ་འགྱུར་རོ། །སློབ་དཔོན་གྱི་རིགས་པའི་རྗེས་སུ་འབྲངས་ཏེ་ཆེན་པོ་གཞན་གྱིས་བཀག་ཚུལ་ཡང་། ཀ་མ་ལ་ཤཱི་ལས། གང་ཕྱིར་རང་གི་ས་བོན་ལས། །ཚེར་མ་ལ་སོགས་སྐྱེ་བ་ཉིད། །རྣོ་སོགས་དེ་ཉིད་ལས་ཡིན་ཕྱིར། །དེས་ན་དཔེ་ནི་གྲུབ་པ་མེད། །དེ་དག་རེ་འགའ་ཁ་ཅིག་ཏུ། །འབྱུང་བར་ཡོངས་སུ་ངེས་པ་ནི། །བལྟོས་དང་བཅས་པར་སྐྱེ་བ་སྟེ། །བལྟོས་བྱ་དེ་དག་རྒྱུར་འདོད་དོ། །ཞེས་དང་། ཞི་འཚོས་ཀྱང་། ཀུན་གྱིས་མ་མཐོང་ཐེ་ཚོམ་དང་། །རང་གིས་མ་མཐོང་འཁྲུལ་བ་སྟེ། །འབིགས་བྱེད་རི་ཕུག་ངུར་བ་སོགས། །མ་མཐོང་བར་ཡང་ཡོད་ཕྱིར་རོ། །ཞེས་པ་སོགས་ཀྱང་སློབ་དཔོན་གྱི་རིགས་པའི་འཕྲུལ་ཁོ་ན་གསལ་དུ་བཏང་བ་ཡིན་ནོ།།
འདི་དག་གིས་ནི་རེ་འགའ་འབྱུང་བ་རྒྱུ་རྐྱེན་ལ་ལྟོས་དགོས་པར་འགྲུབ་སླ་སྟེ། ཡུལ་དུས་འགའ་ཞིག་ན་ཡོད་ལ་འགའ་ཞིག་ན་མེད་པ་རྒྱུ་རྐྱེན་ཚང་མ་ཚང་གིས་མིན་ན་རྒྱུ་མཚན་གཞན་གཏན་མི་རྙེད་པས། ཡུལ་དུས་གཅིག་ན་ཡོད་ན་ཡུལ་དུས་ཐམས་ཅད་ན་ཡོད་དགོས་པའམ། ཡང་ན་ཡུལ་དུས་གཅིག་ནའང་མེད་དགོས་པར་འགྱུར་རོ། །དེས་ན་རྫུན་པར་ཡང་གྲུབ་སྟེ། ཡུལ་དུས་འགའ་ཞིག་ན་ཡོད་པ་བདེན་པར་གྲུབ་ན་བདེན་པ་ནམ་ཡང་འགྱུར་མི་སྲིད་པས། ནམ་ཡང་མེད་པར་མི་འགྱུར་བ། ཡུལ་དུས་འགའ་ཞིག་ན་མེད་པར་བདེན་པ་ཡང་ནམ་ཡང་ཡོད་པར་མི་འགྱུར་བའི་ཕྱིར་རོ།།
གཉིས་པ་གཞན་སྐྱེ་དགག་པ་ནི། ཡོད་ན་རྟག་ཏུ་ཡོད་པ་ལ། །རྐྱེན་གྱིས་ཅི་བྱ་གཉིས་ཀ་མཉམ། །མེད་པར་བདེན་པ་འབྱུང་མི་སྲིད། །ཤི་བ་པོས་ཀྱང་མགྲོན་དུ་མིན། །ཞེས་གསུངས། དེ་ཡང་འདིའི་ཚིག་ཟིན་ལྟར་ན་ཡོད་མེད་སྐྱེ་འགོག་ལ་སྦྱར་རུང་ལྟ་བུར་སྣང་ནའང་ཆོས་བདག་འགོག་བྱེད་ཀྱི་གཙོ་བོ་མཐའ་བཞི་སྐྱེ་འགོག་གིས༌བྱེད་པས་ན། འདི་གཞན་སྐྱེ་འགོག་པ་ལ་སྦྱོར་ཏེ། དེ་ཡང་རྩ་ཤེས་ལས། སྐྱེ་བ་བཀག་པས་འགག་པ་ལ་སོགས་པའི་མཐའ་གཞན་དགག་སླ་བར་དགོངས་ཏེ།
བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །
དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །
ཞེས་མཐའ་བཞིའི་སྐྱེ་བ་མེད་པའི་དམ་བཅའ་བསྟན་པ་འདི་དང་མཚུངས་པར་འཇིག་རྟེན་ལས་འདས་པར་བསྟོད་པར་ཡང་།
སྡུག་བསྔལ་བདག་གིས་བྱས་པ་དང༌། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །
རྒྱུ་མེད་པར་ནི་རྟོག་གེ་འདོད། །ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །
ཞེས་གསུངས། དེ་ལྟར་ཡིན་པའི་རྒྱུ་མཚན་ཡང་། རྩ་ཤེས་ལས།
བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །
བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །
ཞེས་རྟེན་འབྱུང་གི་གཏན་ཚིགས་ཉིད་ལ་གསུངས་སོ། །འདི་ལ་རྣམ་བཤད་རིགས་པའི་རྒྱ་མཚོ་ལས། དེ་ལྟར་ན་མྱུ་གུ་ལ་སོགས་པའི་འབྲས་བུ་རྣམས་ས་བོན་ལ་སོགས་པའི་རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བ་ཉིད་ཀྱིས་མཐའ་བཞིའི་སྐྱེ་བ་མེད་པ་ཡིན་ཏེ། འདི་ལྟར་དེས་རྒྱུ་མེད་འགོག་པའི་ཡིན་ལུགས་རང་བཞིན་གཅིག་ཡིན་ན། དེས་སྐྱེད་པ་འགལ་བ་སྔར་བསྟན་པ་རང་བཞིན་ཐ་དད་ནའང་འབྲེལ་མེད་དོན་གཞན་ལས་སྐྱེས་པ་འགལ་ལོ། །དེའི་ཕྱིར་གཉིས་ཀ་ལས་ཀྱང་མི་སྐྱེའོ། །དེས་ན་ས་བོན་ལ་བརྟེན་ནས་མྱུ་གུ་སྐྱེ་བར་ཁས་བླང༌དགོས་པ་ཁོ་ནས་དེ་བཞི་འགོག་ནུས་པ་ནི་རིགས་པའི་རྒྱལ་པོ་རྟེན་འབྱུང་གི་རིགས་པའི་ཁྱད་ཆོས་ཡིན་པ་ལས། མཐའ་བཞིའི་སྐྱེ་བ་མེད་ན་དེས་ཅི་ཞིག་སྐྱེ་ཞེས་རྟེན་འབྱུང་དབུ་མའི་ལམ་སུན་དབྱུང་བར་མི་བྱའོ། །བདག་ལས་མ་ཡིན་ཞེས་པའི་ཚིགས་བཅད་འདི་ཙམ་གྱི་དོན་རང་བཞིན་གྱིས་སྐྱེ་བ་མེད་པ་དེས་ནའང་དེ་ཁོ་ན་ཉིད་ཀྱི་དོན་སྒོམ་རྒྱུས་འཕོངས་པར་མི་འགྱུར་བས། རང་སེམས་སྐྱེ་བ་མེད་པའི་དོན་ཤེས་ནས་སྒོམ་པར་འདོད་པ་དག་གིས་ཀྱང་དེ་ཙམ་སྦྱར་བར་བྱའོ། །ཞེས་གསུངས་སོ།།
དེ་ལྟར་མཐའ་བཞིའི་སྐྱེ་བ་མེད་པར་དམ་བཅས་པ་ལ། རང་གི་སྡེ་པ་དངོས་པོར་སྨྲ་བ་རྣམས་ཀྱིས་རང་ལས་སྐྱེ་བ་དོན་མེད་པ་བདག་སྐྱེ་མི་རིགས་ཤིང་། དེ་མེད་པས་གཉིས་ཀ་ལས་སྐྱེ་བའང་མི་རིགས་ལ། རྒྱུ་མེད་པ་ལས་སྐྱེ་བ་ནི་གཅིག་ཏུ་ཐ་ཆད་པས་དགག་པར་རིགས་ན་ཡང་། གཞན་ལས་མིན་ཞེས་གཞན་སྐྱེ་འགོག་པ་ནི་མི་རིགས་ཏེ། རྒྱལ་བས་རྐྱེན་བཞི་གཞན་དུ་གྱུར་པ་ཁོ་ན་དངོས་པོ་རྣམས་ཀྱི་སྐྱེད་བྱེད་དུ་བསྟན་པའི་ཕྱིར་རོ། །ཞེས་པའི་རྩོད་ཚུལ་འཆད་པ་ལ།
རྐྱེན་ནི་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་བཞིན་ཏེ། །
བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །
ཞེས་གསུངས། ཐ་སྙད་དུ་རྐྱེན་བཞི་ལས་སྐྱེ་བ་ནི་འདིར་ཡང་འདོད་མོད། འདིའི་གཞན་སྐྱེ་ནི་རྒྱུ་འབྲས་རང་གི་ངོ་བོ་ཉིད་ཀྱིས་གཞན་ཡིན་པ་དང་། རང་གི་ངོ་བོས་སྐྱེ་བ་གཉིས་ཚོགས་པ་ལ་འཇོག་པས་ན། དེ་འགོག་པ་ལ་ཡ་གྱལ་བཀག་པས་ཚོགས་པ་འགོག་པའི་རིགས་པ་གསུམ་ཞེས་ཊཱིཀ་ཆེན་གསུངས་ལ།
དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །
བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པ་མ་ཡིན་ནོ། །
ཞེས་པ་འདིས་གཞན་སྐྱེ་འགོག་པའི་རིགས་པ་གཉིས་སྟོན་ཏེ། སྐྱེ་བ་བཀག་པའི་སྒོ་ནས་གཞན་སྐྱེ་འགོག་ན། དེ་ཡང་ས་བོན་ལ་སོགས་པའི་དུས་ན་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་མྱུ་གུ་ལྟ་བུ་རང་སྐྱེས་པའི་སྔ་རོལ་ཏུ་རྒྱུ་རྐྱེན་སོགས་ལ་ཡོད་ན་གཞན་ལས་རང་གི་དངོས་པོ་སྐྱེ་བ་རུང་ནའང་། དེའི་ཚེ་སྐྱེ་རྒྱུའི་དངོས་པོ་དེའི་བདག་གི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར། གཞན་ལས་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད་ཅེས་གསུངས་སོ།།
ཐ་སྙད་པའི་སྐྱེ་བ་ཁས་བླངས་པ་ལ་འབྲས་བུ་རྣམས་རང་སྐྱེས་པའི་སྔ་རོལ་ཏུ་ཡོད་མི་དགོས་ཀྱང་། རང་གི་ངོ་བོས་སྐྱེ་བ་ལ་ཡོད་དགོས་པའི་རྒྱུ་མཚན་ནི་རྣམ་བཤད་རིགས་པའི་རྒྱ་མཚོ་ལས། འོ་ན་གཞན་སྐྱེ་རང་གི་ངོ་བོས་ཡོད་ན་འབྲས་བུ་དེ་རང་སྐྱེས་པའི་སྔ་རོལ་ཏུ་ཡོད་དགོས་པར་ཅིས་འགྲུབ་ཅེ་ན། རིགས་པ་འདི་དག་ལ་འདི་མ་གྲུབ་ན་གཞན་སྨྲས་པ་རྣམས་ཚིག་ཙམ་དུ་ཟད་པས་བསྒྲུབ་དགོས་ལ། དེ་ཡང་སྐབས་འདིར་ཚིག་གསལ་ལས་མ་བྱུང་ཡང་འཇུག་པར་གཞན་སྐྱེ་འགོག་པའི་སྐབས་སུ་གསུངས་པས་ཁ་བསྐང་བར་བྱའོ། །ཞེས་གསུངས༌ལ། འཇུག་པ་ལས་གསུངས་པ་ནི། སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོའང་མིན་ཞེས་པ་འདི་ཡིན་ནོ། །དེས་ན་སྐྱེ་བ་འདི་ནི་ཞེས་པའི་སྐྱེ་བ་ནི་མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའམ་མྱུ་གུ་སྐྱེ་བཞིན་པའི་བྱ་བ་ལྟ་བུ་ཡིན་ལ། དེ་ནི་མྱུ་གུའི་རྒྱུ་འགག་པ་ལ་མངོན་དུ་ཕྱོགས་པའི་དུས་སུ་ཡོད་དགོས་ཏེ། རྒྱུ་འབྲས་ཀྱི་སྐྱེ་འགག་གི་བྱ་བ་དུས་མཉམ་པར་འདོད་པ་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེས་ན། མྱུ་གུ་སྐྱེ་བཞིན་པའི་བྱ་བ་དེའི་བྱེད་པ་པོ་ནི་མྱུ་གུ་ཡིན་ལ། ཐ་སྙད་དུ་དེ་གཉིས་རྟེན་བརྟེན་པར་ཁས་བླངས་པ་ལ་དུས་མཉམ་མི་དགོས་ཀྱང་། དོན་དམ་པར་གྲུབ་ན་དུས་ཐམས་ཅད་དུ་དེ་ལྟར་གནས་དགོས་པའི་གནད་ཀྱིས་རང་སྐྱེས༌པའི་སྔ་རོལ་ཏུ་ཡོད་དགོས་གསུངས་སོ། །འདི་ནི་རབ་བྱེད་བདུན་པའི་འདུས་བྱས་བརྟག་པར།
གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་པ། །
དེ་ནི་སྐྱེ་འགྱུར་དངོས་པོ་དང་། །མེད་ན་ཅི་ཞིག་སྐྱེ་བར་འགྱུར། །
གསུངས་པའི་དོན་བསྡུས་པ་ཡིན་ལ། དེ་ནི་ངོ་བོ་ཉིད་ཀྱིས་སྐྱེ་བ་འགོག་པའི་རིགས་པ་ཡིན་ནོ།།
རང་གི་ངོ་བོས་གྲུབ་པའི་གཞན་བཀག་པའི་སྒོ་ནས་གཞན་སྐྱེ་འགོག་པ་ནི། རྒྱུ་རྐྱེན་རྣམས་རྣམ་པར་མ་གྱུར་པའི་དུས་ནའང་འབྲས་བུ་དག་ཡོད་ན་འབྲས་བུ་རྒྱུ་མེད་དུ་འགྱུར་ལ། རྒྱུ་དུས་ན་འབྲས་བུ་དག་གི་དངོས་པོ་ཡོད་པ་མ་ཡིན་ན་རྒྱུ་རྐྱེན་རྣམས་གང་ལ་ལྟོས་ནས་གཞན་དུ་འཇོག་པའི་ལྟོས་སའི་འབྲས་བུ་མེད་པས། རྐྱེན་ས་བོན་སོགས་ལ་གཞན་གྱི་དངོས་པོ་སྟེ་གཞན་ཉིད་མེད་པས་གཞན་སྐྱེ་མེད་པར་གསུངས་ལ། འདི་ཡང་བདེན་པར་གྲུབ་ན་ནམ་ཡང་འགྱུར་བ་མེད་པས་རྒྱུ་འབྲས་ཀྱི་ཐ་དད་རང་མཚན་གྱིས་གྲུབ་ན་འབྲས་བུ་རྒྱུ་དུས་ན་ཡང་ཡོད་པར་ཐལ་བས་བཀག་གོ།
འདི་ནི་དངོས་པོ་རྣམས་ཀྱི་རང་བཞིན་ནི། ཞེས་སོགས་ཀྱི་འགྲེལ་ཚུལ་གཉིས་པ་སྟེ། དེས་ན་གཞུང་འདིས་བསྟན་པའི་རིགས་པ་གཉིས་དང་། འཇུག་པས་ཁ་བསྐང་པའི་རིགས་པ་གཅིག་སྟེ་སྐབས་འདི་ཉིད་དུ་གསུངས་པའི་གཞན་སྐྱེ་འགོག་པའི་རིགས་པའི་གནད་རྣམས་ལ་ངེས་པ་རྙེད་པ་ནི་མཆོག་ཏུ་གལ་ཆེ་བར་ཡོད་དེ། རྣམ་བཤད་རིགས་པའི་རྒྱ་མཚོ་ལས། འདི་ཡན་ཆད་དུ་གཞན་སྐྱེ་འགོག་པ་ལ་རིགས་པ་གསུམ་བསྟན་པའི་དང་པོས་ནི། གཞན་དང་སྐྱེ་བ་གཉིས་གཞི་མཐུན་པ་དང་། གཉིས་པས་ནི་སྐྱེ་བ་དང་། གསུམ་པས་ནི་རྒྱུ་འབྲས་གཉིས་གཞན་ཡིན་པ་ལ་གནོད་པ་བསྟན་པའི་སྒོ་ནས་འགོག་ཅིང་། གནོད་པ་སྟོན་ཚུལ་ཡང་མི་འདྲ་བ་རེ་རེ་ཡོད་པ་རྣམས་ཕྱེད་དགོས་ལ། སྐབས་གཞན་དུའང་དེ་ཁོ་ན་བཞིན་དུ་ཤེས་དགོས་སོ།།
དེ་དག་ལེགས་པར་མ་ཕྱེད་ན། དེ་ཁོ་ན་ཉིད་ལ་དཔྱོད་པའི་ཤེས་རབ་འཕེལ་སྟོབས་ཆུང་ཞིང་། ངེས་དོན་སྟོན་པའི་སྟོན་པ་དང་དེའི་དོན་འགྲེལ་བའི་མཁས་པ་རྣམས་ལ་ཡང་ཡོན་ཏན་ཐུན་མོང་མ་ཡིན་པ་མཐོང་བས་དྲངས་པའི་དང་བ་ཡང་མི་སྐྱེ་ཞིང་། ཚེ་རབས་གཞན་དུའང་ལམ་འདི་དང་མི་འབྲལ་བའི་བག་ཆགས་ཤིན་ཏུ་བརྟན་པོ་མི་ཞོགས་ལ། བྱང་ཆུབ་སེམས་དཔའ་རྣམས་ལ་བདག་མེད་ཤིན་ཏུ་རྒྱས་པར་བསྟན་པའི་དོན་གྱི་ཕྱོགས་མཐུན་ཡང་མ་བྱུང་བ་ཡིན་པས། བདག་ཉིད་ཆེན་པོ་འདི་ཡི་ངེས་པའི་དོན་གྱི་རིགས་པ་ཕྲ་མོ་རེའི་རྣམ་འགྱུར་ཡང་ཡིད་གུས་པས་བཙལ་བར་བྱའོ། །ཞེས་གསུངས་སོ།།
དེ་ལྟར་ན་ཚིགས་བཅད་འདིའི་ཡོད་ན་ཞེས་པ་ཡང་རྒྱུ་རྐྱེན་རྣམས་ལ་ཡོད་པའམ་རྒྱུ་དུས་ན་ཡོད་ན་གྲུབ་ཟིན་པ་ལ་རྐྱེན་གྱིས་ཅི་བྱ་སྟེ། རྐྱེན་དང་རྐྱེན་མིན་གཉིས་ཀས་བྱ་བ་མི་བྱེད་པ་མཉམ་ལ། མེད་པར་ཞེས་པ་ཡང་འབྲས་བུ་རྣམས་ཀྱི་རང་བཞིན་ནི། རྐྱེན་ལ་སོགས་ལ་མེད་ན་ཡང་དེ་ལས་ངོ་བོས་སྐྱེ་བར་མི་འགྱུར་ཞེས་པ་ཡིན་ཏེ། འཇུག་འགྲེལ་ལས། གང་ཞིག་གང་ན་མེད་པ་དེ་ནི་དེ་ལས་སྐྱེ་བ་མ་
༼མཚམས་འདིར་མ་དཔེའི་ཤོག་གྲངས་ཉེར་ལྔའི་རྒྱབ་ཤོག་མ་ཚང་བས་བྱ་ཐབས་ཟད་ལགས།༽
མེད་དང་ཐུག་མེད་དུ་ཐལ་བའི་རིགས་པ་སངས་རྒྱས་བསྐྱངས་ཀྱིས་མཛད་པ་དེ་ཉིད་ཡིན་ལ། འདི་ཡང་སློབ་དཔོན་ཉིད་ཀྱི་རིགས་པའི་འཕྲུལ་ལ་བརྟེན་པ་ཡིན་ཏེ། རྣམ་བཤད་རིགས་པའི་རྒྱ་མཚོ་ལས། རབ་བྱེད་ཉི་ཤུ་པ་དང་བདུན་པར་འདི་འགོག་པའི་རིགས་པ་གཞན་ཡང་གསུངས་མོད་ཀྱང་། སངས་རྒྱས་བསྐྱངས་ཀྱིས་རིགས་པ་གཉིས་ཀྱིས་བཀག་པ་འདི་ཡི་རིགས་ཀྱང་དུ་མ་ཞིག་གཞུང་ལས་འབྱུང་ངོ་། །ཞེས་གསུངས། ཟླ་བས་འདི་ལ་ཟུར་བསྣན་ཏེ་སྐྱེས་ཟིན་སླར་ཡང་ལྡབས་ཏེ་རྐྱེན་ས་བོན་དེ་ཉིད་བར་མ་ཆད་དུ་རྟག་ཏུ་སྐྱེ་བས། མྱུ་གུ་ལ་སྐྱེས་པའི་སྐབས་མི་འབྱེད་པས་མྱུ་གུ་ནམ་ཡང་མི་སྐྱེ་བར་ཐལ་བར་གསུངས་པ་བཞིན་འདིར་ཡང་། ཐེར་ཟུག་རྒྱུ་ནི་འབྲས་བུའི་གེགས། །དེ་ཡིས་གྲོལ་བའི་སྐབས་ཀྱང་ཅི། །ཞེས་གསུངས་པ་ཡིན་ནོ།།
གཞན་ཡང་རྒྱུ་འབྲས་རྣམས་ལ་རང་བཞིན་ནམ་ངོ་བོའི་ཁྱད་པར་ཅུང་ཟད་ཙམ་ཡང་མེད་ན། ཁ་དོག་རོ་ནུས་སྨིན་པའི་ཐ་དད་ཁྱོད་ལ་མེད་པར་འགྱུར། །ཞེས་པ་ལྟར་གྱི་སྐྱོན་དུ་འགྱུར་བས་འཇིག་རྟེན་གྱིས་མངོན་སུམ་གྱིས་མཐོང་བ་དང་འགལ་ལ། རྒྱུ་འབྲས་ལ་ངོ་བོའི་ཁྱད་པར་མི་འདྲ་བ་ཡོད་ན་དེ་རྣམས་ཀྱི་རང་བཞིན་གཅིག་པ་དང་ཆ་མེད་ཡིན་པ་ཉམས་སོ།།
འོན་ཀྱང་ས་བོན་གྱི་གནས་སྐབས་བཏང་ནས་མྱུ་གུའི་གནས་སྐབས་གཞན་དུ་འགྱུར་བར་འདོད་ན། དེ་གཉིས་ཐ་དད་དང་དེ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་པས་ལྟོས་མེད་ཀྱི་ཐ་དད་དུ་འགྱུར་ལ། དེས་ན་རྒྱུ་འབྲས་མི་རུང་བས། །འདིར།
ཐ་དད་ལྟོས་མེད་རྒྱུ་འབྲས་མིན། །ཡང་ན་ཀུན་ཀྱང་དེར་བརྗོད་རུང་། །
ཞེས་གསུངས། རྩ་ཤེས་ཀྱི་རིགས་པས་འགག་པ་ལ་བསྐྱེད་བྱ་བསྐྱེད་བྱེད་གཅིག་ཏུ་ཐལ་བ་ནི། རྩ་ཤེས་ལས། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་བསྐྱེད་བྱེད་གཅིག་ཏུ་འགྱུར། །ཞེས་དང་། ལས་དང་བྱེད་པ་པོ་གཅིག་ཏུ་ཐལ་བ་ནི།
གལ་ཏེ་ཤིང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །
ཞེས་པ་སོགས་ངོ་བོ་ཉིད་ཀྱིས་གྲུབ་པའི་གཅིག་པ་དགག་པའི་རིགས་པ་མཐའ་དག་ཀྱང་འདི་ཉིད་འགོག་བྱེད་ཀྱི་རིགས་པར་འགྲོ་འོ། །རིགས་པའི་རྣམ་གྲངས་གཞན་ཡང་། སྤྱོད་འཇུག་ལས།
སོ་སོ་བའམ་འདུས་པ་ཡི། །རྐྱེན་རྣམས་ལ་ཡང་གནས་མ་ཡིན། །
གཞན་ནས་འོང་པའང་མ་ཡིན་ལ། །གནས་པ་མ་ཡིན་འགྲོ་མ་ཡིན། །
ཞེས་དང་། དབུ་མ་སྙིང་པོ་ལས། ནྱ་གྲོ་དྷ་ཡི་ས་བོན་ནི། །ནང་ན་ཡོད་པའི་ནྱ་གྲོ་དྷ། །བུད་མེད་སྐྱེས་པ་འགྲོགས་ལ་བུ། །རྔ་ཡི་ནང་ན་སྒྲ་གནས་དང་། །ཟས་ཀྱི་ནང་ན་ཕྱི་ས་སོགས། །ཤིང་ལ་འབར་ཡོད་མི་མཐོང་ཞིང་། །གང་ཞིག་མངོན་སུམ་སྤོང་བྱེད་པ། །དེ་ནི་བདེན་སྨྲ་ཇི་ལྟར་ཡིན། །ཞེས་དང་། རྣམ་འགྲེལ་ལས་ཀྱང་། རྩྭ་སོགས་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་ལས་ཞན། །ངོ་མཚར་བཅས་པ་སུ་བརྗོད་རྩོལ། །ཞེས་སོགས་མཐའ་ཡས་སོ། །འོ་ན་ཏིལ་ལས་ཏིལ་མར་འབྱུང་ལ། བྱེ་མ་ལས་མི་འབྱུང་བའི་ཁྱད་པར་མི་འཐད་དོ་ཞེ་ན།
སྟོང་ཕྱིར་སྟོང་ཙམ་དེར་འཆང་དེ། །མཁའ་ཉིད་སྣང་དང་མུན་པར་བཞིན། །
ཞེས་གསུངས་ཏེ། ཆོས་ཀུན་རང་བཞིན་གྱིས་སྟོང་པ་ལ་བླང་དོར་དང་བཅིང་གྲོལ་སོགས་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་བསྙོན་མེད་དུ་འཇོག་ནུས་པ་ནི།
དེ་ཕྱིར་དངོས་པོ་ཐམས་ཅད་སྟོང་ན་ཡང་། །
སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །
ཞེས་གསུངས་པ་ལྟར། སྟོང་ཉིད་རྒྱུ་འབྲས་སུ་འཆར་ཚུལ་མཁས་པ་དབུ་མ་པའི་ཁྱད་ཆོས་བླ་ན་མེད་པ་ཡིན་ནོ།།
གཉིས་པ་རང་བཞིན་མེད་པ་ལ་བཅིང་གྲོལ་འཐད་པར་བསྟན་པ་ནི།
དབང་བསྒྱུར་བདེན་པ་བཅོས་མེད་ལ། །
བདེན་མིན་བཅིངས་ཀྱང་ཐབས་གཞན་ལྡན། །
གྲོལ་སོགས་རུང་ཞེས་བདེན་གཉིས་ཀྱི། །
སྒྲུབ་པས་ཐར་འདོད་དབུགས་དབྱུང་མཛད། །
ཅེས་གསུངས། དེ་ཡང་འདིའི་དབང་བསྒྱུར་ནི་འཆི་མེད་མཛོད་ལས། རང་རྒྱུད་རང་དབང་བདག་དབང་དང་། །ཞེས་རང་རྒྱུད་དང་རང་དབང་བདག་སོགས་དོན་གཅིག་པར་བཤད་པ་བཞིན་སྤྱིར་རང་མཚན་གྱིས་གྲུབ་པའམ་རང་དབང་གིས་གྲུབ་པ་ལ་བྱས་ནའང་རུང་མོད། དབང་བསྒྱུར་ཞེས་པ་ལྟར་ན། ཕུང་པོ་ལ་དབང་སྒྱུར་བ་པོ་གཞན་སྡེས་འདོད་པ་ལྟར་གྱི་བདག་རྟག་པའམ་དབང་ཕྱུག་ལ་སོགས་པ་ཡོད་ན་བཅིང་གྲོལ་སོགས་མི་རུང་ཞེས་པའམ། ཡང་ན་འཁོར་བའི་སྐྱེ་འཆི་སོགས་ལ་དབང་སྒྱུར་བ་པོའམ་འཁོར་བར་འཆིང་བའི་བྱེད་པ་པོ་མ་རིག་པ་དང་འདུ་བྱེད་ལ་སོགས་པ་བདེན་པར་གྲུབ་ན་བཅོས་བསྒྱུར་མི་རུང་ཞེས་སྦྱར་ནའང་རུང་བར་མངོན་ཏེ་གང་ལྟར། རྩ་ཤེས་ལས།
གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མི་འགྱུར། །
ཞེས་དང་། ཟླ་བས། གང་ལ་སྟོང་ཉིད་མི་རུང་བ། དེ་ལ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་མེད་པས་ཐམས་ཅད་མི་རུང་བར་འགྱུར་རོ། །ཞེས་དངོས་པོ་རང་བཞིན་གྱིས་ཡོད་པ་ལ་རྟེན་འབྲེལ་མི་འཐད་པར་གསུངས་ལ། དེ་ལྟ་ན་དོན་དམ་མ་ཟད་ཀུན་རྫོབ་རྒྱུ་འབྲས་ཀྱི་རྣམ་གཞག་ཐམས་ཅད་མི་རུང་བར་འགྱུར་ཏེ། རྩ་ཤེས་ལས།
རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན། །སྡུག་བསྔལ་ཡོད་པར་ག་ལ་འགྱུར། །
མི་རྟག་སྡུག་བསྔལ་གསུངས་པ་དེ། །རང་བཞིན་ཉིད་ལ་ཡོད་མ་ཡིན། །
ཞེས་དང་།
འབྲས་བུ་དང་ནི་རྒྱུ་ཉིད་དང་། །བྱེད་པ་པོ་དང་བྱེད་དང་བྱ། །
སྐྱེ་བ་དང་ནི་འགག་པ་དང་། །འབྲས་བུ་ལ་ཡང་གནོད་པ་བྱེད། །
ཅེས་སོགས་བདེན་པའམ་རང་བཞིན་གྱིས་གྲུབ་པ་ལ་རྒྱུ་རྐྱེན་གྱིས་བཅོས་བསྒྱུར་མི་རུང་ཚུལ་མཐའ་ཡས་སོ། །དེས་ན་རྩ་ཤེས་ལས།
གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །
ཞེས་དང་། རྣམ་བཤད་རིགས་པའི་རྒྱ་མཚོ་ལས། གང་ལ་སྟོང་པ་ཉིད་རུང་བ་དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་རུང་ལ། ནས། ཆོས་དང་ཆོས་མིན་པ་དང་། དེའི་འབྲས་བུ་དང་། འཇིག་རྟེན་པའི་ཐ་སྙད་དག་ཀྱང་རུང་བར་འགྱུར་རོ། །ཞེས་ཀུན་ཉོན་རྒྱུ་འབྲས་ཀྱིས་འཁོར་བར་འཆིང་བ་དང་། རྣམ་བྱང་རྒྱུ་འབྲས་ཀྱིས་དེ་ལས་གྲོལ་བ་རུང་བ་སྟེ་འཐད་པས་ཐབས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ་ལས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཏུ་རུང་ངོ་། །དེས་ན་ཕྱིན་ཅི་ལོག་ཏུ་བདེན་པར་བཟུང་བས་འཁོར་བར་བཅིངས་ཀྱང་བཅིངས་པ་དེ་དཀྲོལ་བྱེད་རང་བཞིན་སྟོང་པ་ཉིད་རྟོགས་པས། ཉོན་མོངས་ཟད་པའི་འགོག་པ་དང་། དེ་ཐོབ་བྱེད་ལམ་གྱི་བདེན་པ་སོགས་རུང་ཞེས་དོན་དམ་དང་། མིང་རྐྱང་བཏགས་ཡོད་ཙམ་པོ་འདི་ལ་བསྐྱེད་བྱ་སྐྱེད་བྱེད་དང་། འཇིག་བྱ་འཇིག་བྱེད་ཀུན་བཞག་པས་ཆོག་པས་གྲོལ་སོགས་རུང་ཞེས་ཀུན་རྫོབ་སྟེ། བདེན་གཉིས་ཀྱིས་སྒྲུབ་པས་ཐར་པ་འདོད་པ་རྣམ་དབུགས་དབྱུང་བར་མཛད་ཅེས་གསུངས་པ་ཡིན་ནོ།།
གོང་གིས་ས་བཅད་གཉིས་པ་སྟོང་པ་དང་རྟེན་འབྱུང་ཟུང་འཇུག་གི་ལམ་བཟང་དེ་ཉིད་ལམ་གྱི་གཙོ་བོར་བསྟན་པ་ལ། ཐར་པ་ཐོབ་པ་ལ་རང་བཞིན་མེད་པར་རྟོགས་དགོས་པ་བསྟན་པ་དང་། སྣང་སྟོང་ཟུང་འཇུག་གི་ལམ་དངོས་བཤད་པ་གཉིས། དང་པོ་ནི།
ལྟ་ངན་ཀུན་གཙོ་འཇིག་ཚོགས་ལ། །ལྟ་བ་སྲིད་པའི་རྩ་བ་ནི། །
ལྟ་ཀུན་མཆོག་གྱུར་མཐའ་བྲལ་གྱི། །ལྟ་བས་བཅད་ཉིད་ཐར་པར་བཞེད། །
ཅེས་གསུངས། དེ་ཡང་གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས།
ལྟ་བ་ཀུན་གྱི་མར་གྱུར་པའི། །འཇིག་ཚོགས་ལྟ་བ་འབྱིན་པ་དང་། །
ཞེས་འཇིག་ལྟ་ཉིད་སྲིད་པའི་ལྟ་ངན་ཐམས་ཅད་ཀྱི་སྐྱེད་བྱེད་དུ་གསུངས་ལ། དེའི་ཚུལ་ཡང་། རྣམ་འགྲེལ་ལས།
བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །
དེ་དག་དང་ནི་ཡོངས་འབྲེལ༌ལས། །ཉེས་པ་ཐམས་ཅད་འབྱུང་བར་འགྱུར། །
ཞེས་གསུངས་པ་ལྟར་ཡིན་པས། འཇིག་ཚོགས་ཏེ་ཉེ་བར་ལེན་པའི་ཕུང་པོ་ལ་དམིགས་ནས་ང་དང་ངའི་ཞེས་བདག་དང་བདག་གིར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་གྱི་གཏི་མུག་དེ་ཉིད། ལྟ་ངན་རེ་གཉིས་ལ་སོགས་པ་ལྟ་བ་ངན་པ་ཀུན་དང་། ཆགས་སྡང་ལ་སོགས་པ་ཉོན་མོངས་གཞན་མཐའ་དག་དང་། སྐྱེ་རྒ་ན་འཆི་ལ་སོགས་པ་སྲིད་པའི་སྡུག་བསྔལ་མཐའ་དག་གི་རྩ་བར་གྱུར་པས་ན། སྲིད་པ་ལས་གྲོལ་བར་འདོད་པ་རྣམས་ཀྱིས་ནི་འདི་ཉིད་སུན་དབྱུང་བའི་ཐབས་ལ་འབད་དགོས་སོ། །དེ༌ནི་རྣམ་འགྲེལ་ལས།
འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོངས་བར་ནི་ནུས་མ་ཡིན། །
ཞེས་སྲིད་པའི་རྩ་བ་དེ་ཉིད་དྲུངས་ནས་འབྱིན་པ་ལ། འཇིག་ལྟའི་ཞེན་ཡུལ་རིགས་པས་སུན་ཕྱུང་དགོས་པས། འཇུག་པར་ཡང་།
ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །
ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཏེ། །
བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །
རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །
ཅེས་གསུངས་སོ། །འགོག་རྒྱུ་བདག་དེ་ནི་རྣམ་བཤད་ལས། ང་དང་ངའོ་སྙམ་པའི་རྣམ་པ་རང་བཞིན་གྱིས་གྲུབ་པར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་གྱི་འཇིག་ཚོགས་ལ་ལྟ་བ། ཞེས་གསུངས་པས། བདག་དང་བདག་གིར་རང་བཞིན་གྱིས་གྲུབ་པ་ལ་བྱ་དགོས་སོ། །དེས་ན་ཐམས་ཅད་མཁྱེན་པར་མ་ཟད་ཐར་པ་ཙམ་ཐོབ་པ་ལའང་ལྟ་བ་ཀུན་གྱི་མཆོག་ཏུ་གྱུར་པ་མཐའ་བྲལ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཆོས་རང་བཞིན་མེད་རྟོགས་ཀྱི་ཤེས་རབ་དེ་ཉིད་ངེས་པར་བསྐྱེད་དགོས་ཏེ། རྣམ་བཤད་ལས། འཇིག་ལྟ་སྤངས་ན་ཉེས་སྐྱོན་ཀུན་བཟློག་པས་ན། བདག་ལ་རྣམ་པར་དཔྱད་པ་འདི་ནི་ཐར་པ་སྒྲུབ་པའི་ཐབས་ཡིན་ཏེ། ཞེས་དང་། བསླབ་བཏུས་ལས། གང་ཟག་སྟོང་པ་ཉིད་ནི་དེ་ལྟར་ཤིན་ཏུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་རྩ་བ་ཆད་པས༌ཉོན་མོངས་ཀུན་ཏུ་མི་འབྱུང་ངོ་ཞེས་གསུངས་པའི་ཕྱིར་རོ། །དེས་ན་ལུགས་འདིར་བདག་གཉིས་སུ་འཛིན་པ་གཉིས་ཀ་ཉོན་སྒྲིབ་དང་། ཐར་པ་ཐོབ་པ་ལ་དེ་གཉིས་ཀ་སྤོང་དགོས་པར་ཡང་གྲུབ་བོ།།
གཉིས་པ་ལ་དངོས་དང་། ཀླན་ཀའི་གོ་སྐབས་སྤངས་པ་གཉིས། དང་པོ་ནི།
དེ་ཕྱིར་བགྲོད་གཅིག་ཤེས་རབ་རྨད། །འོན་ཀྱང་ཐེག་ཆེན་ནམ་མཁའ་ལྟར། །
བྱེད་པོ་ཐབས་ནི་དེ་བས་རྨད། །དེས་ན་ཟབ་རྒྱས་ཟུང་དུ་མཛད། །
ཅེས་གསུངས། དེ་ཡང་སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང་། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཕ་རོལ་ཚུལ་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་རང་བཞིན་མེད་པའི་ངེས་པ་དྲངས་པ་ན་རྟེན་འབྲེལ་ཆད་ཀྱི་དོགས་པའི་སྐྲག་པ་མི་དགོས་ལ། རྟེན་འབྱུང་གི་ངེས་པ་དྲངས་པ་ན་རྟག་གོ་སྙམ་པའི་སྐྲག་པ་མི་དགོས་པ་སྣང་སྟོང་གཅིག་གྲོགས་སུ་གཅིག་འགྲོ་བའི་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་མཐོང་བའི་བཟོད་པ་འདི་ལ་མ་བརྟེན་པར་བྱང་ཆུབ་གསུམ་གང་ཡང་མི་ཐོབ་པར་གསུངས། དེའི་ཕྱིར་འདི་ནི་ཐེག་པ་གསུམ་གྱི་བགྲོད་པ་གཅིག་པའི་ལམ་ཞེས་མཆོག་ཏུ་བསྔགས་ཏེ། བྱང་ཆུབ་སེམས་འགྲེལ་ལས།
འདི་ནི་ངོ་མཚར་འདི་བསྔགས་འོས། །འདི་ནི་དམ་པའི་ཚུལ་ལུགས་མཆོག །
ཅེས་དང་།
ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་བསྟེན་པ་གང་། །
ངོ་མཚར་བས་ཀུན་འདི་ངོ་མཚར། །རྨད་བྱུང་ལས་ཀྱང་འདི་རྨད་བྱུང་། །
ཞེས་གསུངས་སོ། །དེ་ལྟར་ཐེག་པ་གསུམ་གྱི་ལམ་གྱི་སྲོག་སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཡིན་མོད་ཀྱི། འོན་ཀྱང་ཐེག་པ་ཆེན་པོ་བསམ་པ་སེམས་བསྐྱེད་དང་། སྤྱོད་པ་ཕྱིན་དྲུག་དང་། འབྲས་བུ་སྐུ་གསུམ་མཛད་པ་དང་བཅས་པ་ནམ་མཁའ་ལྟར་རྒྱ་ཆེ་ཞིང་། དེ་ལྟ་བུར་གང་གིས་བྱེད་པའི་བྱེད་པ་པོ་ཐབས་ཀྱི་ཆ་རྣམས་ནི་དེ་བས་ཀྱང་རྨད་དུ་བྱུང་བས། རྒྱལ་དང་རྒྱལ་བའི་སྲས་པོ་བདག་ཉིད་ཆེན་པོ་རྣམས་ཀྱིས་ཟབ་རྒྱས་ཕྱོགས་རེ་བ་མ་ཡིན་པར་ཟུང་འབྲེལ་དུ་ཉམས་བཞེས་སུ་མཛད་དོ།།
ཐབས་རྒྱ་ཆེན་པོས་མ་བསྐྱངས་ན་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་ལ་ཇི་ཙམ་གོམས་པར་བྱས་ཀྱང་རྣམ་མཁྱེན་ཐོབ་མི་ནུས་པ་དང་། མ་དག་ས་བདུན་དང་དག་པ་ས་གསུམ་སོགས་རང་རང་གི་ངོས་སྐལ་གྱི་སྒྲིབ་པ་སྤོང་བ་ལ། རྗེས་ཐོབ་ཐབས་ཀྱི་སྤྱོད་པས་མཉམ་བཞག་ཏུ་སྟོང་པ་ཉིད་རྟོགས་པ་ལ་ནུས་པ་བཏོན་ཚུལ་གྱིས་ཁྱད་པར་ཞུགས་པ་ལས། འོག་སས་སྤོང་བ་གོང་སས་སྤོང་བ་དང་གོང་སའི་ཡེ་ཤེས་ཀྱིས་འོག་ས་ཟིལ་གྱིས་གནོན་པ་དང་། ས་སོ་སོར་ཕར་ཕྱིན་ལྷག་ཚུལ་གྱི་ཁྱད་པར་ལ་སོགས་པ་དང་། འབྲས་བུའི་གནས་སྐབས་སུའང་།
སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤོང་དང་རྟོགས་དང་གསུམ་པོ་ལ། །
ཞེས་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་སྙིང་ཆེན་པོ་དང་། སྤངས་རྟོགས་བདེ་གཤེགས་ལ་སོགས་པ་ཐམས་ཅད་ཐབས་ཁྱད་པར་ཅན་གྱི་ལག་རྗེས་ལ་ཐོབ་ཀྱི་ཐབས་ཤེས་ཡ་བྲལ་གྱིས་བྱང་ཆུབ་མི་འགྲུབ་པའི་ཕྱིར་ལམ་རིམ་དུ། ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་པའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་པའོ། །ཞེས་དྲི་མ་མེད་པར་གྲགས་པས་བསྟན་པ་དྲངས་ཤིང་། འོག་ཏུ་ཡང་དེའི་ཕྱིར་སྦྱིན་པ་ལ་སོགས་པའི་ཐབས་ཀྱི་ཆ་ཐམས་ཅད་ཚང་བས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་བསྒོམ་པར་བྱ་ཡི། སྟོང་པ་རྐྱང་པས་ནི་ཐེག་ཆེན་གྱི་ལམ་གར་ཡང་མི་ཕྱིན་ཏེ། ཞེས་གསུངས་ཏེ། གཙུག་ན་རིན་ཆེན་གྱི་མདོས་སྒྲུབ་བོ། །མདོ་སྡེ་རྒྱན་ལས་ཀྱང་། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང་། །ཡེ་ཤེས་བརྩོན་འགྲུས་བརྩམས་པ་དང་། །ཐབས་ལ་མཁས་པར་འགྱུར་བ་དང་། །ཡང་དག་འགྲུབ་པ་ཆེན་པོ་དང་། །སངས་རྒྱས་འཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དང་ལྡན་པའི་ཕྱིར། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་པ་ལྟར། ཐེག་ཆེན་གྱི་ཆོས་ཐམས་ཅད་ཆེན་པོ་བདུན་གྱི་ཁྱད་པར་དུ་བྱས་པའི་ཁྱད་པར་དུ་འཕགས་ཤིང་། བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་བྱེད་པས་དམ་པ་སྟེ། ཐེག་ཆེན་ལམ་གྱི་གཞུང་ཤིང་སེམས་བསྐྱེད་བརྟན་ན་བར་མ་དོར་མི་ཉམས་པར། ཁྱད་པར་དུ་འགྲོ་བས་དགེ་བའི་ཆོས་འཕེལ་བ་དང་། ཡོངས་སུ་མི་ཉམས་པ་དང་། །དགེ་རྩ་སྟོབས་ཅན་དུ་གྱུར་ནས་མི་མཐུན་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པས་སྦྱིན་སོགས་དེ་དག་ལ་ཕར་ཕྱིན་གྱི་མིང་ཐོབ་ ཅིང་། དེ་དག་རྒྱས་པར་འགྱུར་བའི་ཕྱིར་ཐེག་བསྡུས་ལས།
བཟང་དད་སྨོན་པའི་སྟོབས་ཅན་དང་། །འདུན་བརྟན་ཁྱད་པར་འགྲོ་བ་ཡིས། །
བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་པ་ཡིན། །
ཞེས་གསུངས་སོ། །གཉིས་པ་ནི།
སྟོང་ཡང་སྣང་ངོ་ཞེས་བྱ་འདིས། །བདེན་པའི་བྱ་བྱེད་རང་རང་གི །
འགལ་འདུའི་མི་བདེ་ཀུན་བསལ་བས། །ཀླན་ཀའི་གོ་སྐབས་ཡོངས་ལས་འདས། །
ཞེས་བྱུང་། ཚིག་དོན་ནི། རང་བཞིན་གྱིས་སྟོང་ཡང་སྟོང་པ་རྒྱུ་མཚན་དུ་བྱས་ཏེ། སྣང་བ་སྣ་ཚོགས་སུ་འཆར་གསུངས་པ་འདིས་དངོས་སྨྲ་བས་བདེན་གྲུབ་ཞེ་ངོར་བཞག་སྟེ། སྐྱེ་འགག་དང་འཕོ་འགྱུར་སོགས་ཀྱི་བྱ་བྱེད་ཀུན་ངོ་བོ་ཉིད་མེད་པ་ལ་བཞག་ཏུ་མི་རུང་ཞེས་འགལ་འདུའི་རང་རོང་འབའ་ཞིག་གིས། ཡིད་བདེ་བའི་གོ་སྐབས་འཕྲོག་སྟེ་དགག་སྒྲུབ་ཀྱི་ཀླན་ཀ༌མང་དུ་འཚོལ་བ་དེ་དག་ཁོང་རྣམས་ཀྱིས་བཀོད་པའི་རིགས་པ་དེ་ཉིད་ཀྱིས་ཕྱིར་བཟློག་པས། དེས་སུན་འབྱིན་པའི་གོ་སྐབས་ཡོངས་ལས་འདས་ཞེས་སོ། །དབུ་མ་རང་རྒྱུད་པ། ནས། རྒྱང་ཕན་པའི་བར་གྱི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་སུ་ཡིན་ཀྱང་རང་རང་གི་ལུགས་རྟག་ཆད་ཀྱི་མཐའ་ལས་འགོང་པའི་དབུ་མར་འདོད་ཅིང་། རྟག་ཆད་ཀྱི་མཐའ་གཉིས་སེལ་ཚུལ་ཡང་རང་དང་མཐུན་པ་རེ་བཤད་པ་དེ་ཐམས་ཅད་སྣང་བས་མེད་མཐའ་དང་། སྟོང་པས་ཡོད་མཐའ་སེལ་ཞེས་འདོད༌པ་ཤ་སྟག་ཡིན་ལ། འདིར་ནི་དེ་ལས་ལྡོག་སྟེ་སྣང་བ་རྒྱུ་མཚན་དུ་བྱས་ཏེ། གདགས་གཞིའི་ངོས་ནས་མ་གྲུབ་པས་རྟག་མཐའ་དང་། སྟོང་པ་རྒྱུན་མཚན་དུ་བྱས་ནས་འཆིང་གྲོལ་སོགས་བྱ་བྱེད་ཐམས་ཅད་བསྙོན་དུ་མེད་པར་འཇོག་ནུས་པས་ཆད་མཐའ་ལས་གྲོལ་ཞེས་རྒོལ་བ་གཞན་གྱི་ཀླན་ཀ་ཐམས་ཅད་བདེ་བླག་ཏུ་བཟློག་པ་སྟེ། རེད་མདའ་བར་ཕུལ་བའི་ཞུ་ཡིག་ལས། དེའང་སྤྱིར་སྟོང་པས་ཡོད་མཐའ་དང་། སྣང་བས་མེད་མཐའ་སེལ་བ་འདི་རྒྱང་ཕན་གྱི་བར་ཐུན་མོང་བ་ཡིན་པས། ཐལ་འགྱུར་བའི་ཁྱད་ཆོས་ལ། སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་གསུངས། དེ་ཇི་ལྟར་འོང་བ་ཡང་། རྗེ་བླ་མས། རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་མི་བསླུ་བར་མཐོང་བའི་བློ་དེ་ཉིད་ཀྱིས་བློ་གཞན་ལ་ལྟོས་མེད་དུ་དམིགས་གཏད་ཞིག་པའི་སྟོང་པའང་འོང་བའི་ཚུལ་དང་། རྒྱུ་འབྲས་མི་བསླུ་བའི་གཏན་ཚིགས་དེ་ཉིད་ཀྱིས་རྟགས་གཞན་ལ་ལྟོས་མེད་དུ་ཡོད་མཐའ་སོགས་དང་བྲལ་བའི་སྟོང་པ་འགྲུབ་པའི་ཚུལ། ལས་འབྲས་མི་བསླུ་བ་ལ་གཏིང་ནས་ངེས་ཤེས་འདྲོངས་ཤིང་། དེ་གནས་དམིགས་གཏད་ཞིག་པའི་ཞེན་མེད་ཀྱང་འོང་བ་ཡིན་ཞེས་ལྟ་བའི་དཔྱད་པ་རྫོགས་པ་དང་། སྟོང་ཉིད་རྒྱུ་འབྲས་སུ་འཆར་བ་ཡོད་ཚུལ་གསུངས། དེ་ལྟར་སྟོང་པ་དང་རྟེན་འབྱུང་དོན་གཅིག་ཏུ་གཟིགས་པ་ཇི་བཞིན་གསུངས་པས། ལྟག་འོག་གང་དུའང་འགལ་འདུ་མེད་པས་ཀླན་ཀའི་གོ་སྐབས་མི་འཇུག་པའི་ཕྱིར་ན། རྗེས་ཀྱང་། སྨྲ་བའི་དམ་པ་ཀླུ་སྒྲུབ་ཅེས་བསྔགས་པ་དོན་ལ་གནས་སོ།།
བཅོམ་ལྡན་འདས་སྨྲ་བ་བླ་ན་མེད་པར་འཇོག་པའང་དོན་འདི་ཐུགས་སུ་ཆུད་དེ་གསུངས་པ་ཡིན་པས་ན། འཇིག་རྟེན་ལས་འདས་པར་བསྟོད་པ་ལས།
རྟེན་ཅིང་འབྲེལ་བར་གང་བྱུང་བ། །དེ་ཉིད་ཁྱོད་ཀྱིས་སྟོན་པར་བཞེད། །
དངོས་པོ་རང་བཞིན་ཡོད་མིན་ཞེས། །མཉམ་མེད་ཁྱོད་ཀྱི་སེངྒེའི་སྒྲ། །
ཞེས་གསུངས་པ་ཡིན་ནོ།།
གསུམ་པ་མཐའ་བྲལ་དབུ་མའི་ལམ་བཟང་གསལ་བར་བྱེད་པར་ལུང་བསྟན་པ་ལ། དངོས་དང་དོགས་པ་བཅད་པ་གཉིས་ལས། དང་པོ་ནི།
ཡོད་མེད༌མཐའ་བྲལ་དབུ་མའི་ལམ། །ཡོད་མེད་མཐའ་སྤངས་ཟུང་འཇུག་དོན། །
གསལ་བར་ལུང་བསྟན་གསལ་བ་གཉིས། །རྒྱལ་བའི་དགོངས་པ་ཚད་མར་གནས། །
ཞེས་གསུངས་ཏེ། སྤྱིར་བདག་ཉིད་ཆེན་པོ་འདི་ལུང་བསྟན་པའི་མདོ་རྒྱུད་ནི། སྤྲིན་ཆེན་པོ་དང་། རྔ་བོ་ཆེ་དང་། འཇམ་དཔལ་རྩ་རྒྱུད། དུས་འཁོར་དང་། རྒྱུད་ཕྱི་མ་སོགས་མཐའ་ཡས་མོད། ཁྱད་པར་དུ་ལང་གཤེགས་ལས་མདོའི་དབང་དུ་བྱས་ན། ཡོད་མེད་རྟག་ཆད་ཀྱི་མཐའ་དང་བྲལ་བའི་ཟབ་མོ་དབུ་མའི་ལམ་བཟང་གསལ་བར་མཛད་པ་དང་། སྔགས་ཀྱི་དབང་དུ་བྱས་ན་རྟག་པ་འཁོར་བའི་ཡོད་མཐའ་དང་། ཆད་པ་མྱང་འདས་ཀྱི་མེད་མཐའ་གཉིས་རྣམ་པར་སྤངས་པའི་ཟུང་འཇུག་གི་དོན་གསལ་བར་མཛད་ཚུལ་ལུང་བསྟན་ཏེ། སྒྲོན་གསལ་དུ་དྲངས་པ་ལས།
རྟོག་གེ་རྣམས་ཀྱི་ཡུལ་མིན་པ། །སོ་སོར་རང་རིག་ཡེ་ཤེས་ནི། །
ཕྱི་མའི་དུས་སུ་གྱུར་པ་ན། །མགོན་པོ་སུ་ཞིག་འཛིན་པར་འགྱུར། །
ཞེས་དེ་ཁོ་ན་ཉིད་ཀྱི་ལྟ་བ་དང་། སྔགས་ཀྱི་ཟུང་འཇུག་གཉིས་ཀ་ལ་བསམས་ནས་དྲིས་པ་ལ་དེའི་ལན་དུ།
གང་ཞིག་བསྟན་པ་འཛིན་འགྱུར་ཏེ། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །
ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་བྱ་བ། །
དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །
ང་ཡི་བསྟན་པ་འཇིག་རྟེན་འདིར། །བླ་མེད་ཐེག་ཆེན་རབ་བཤད་ནས། །
རབ་ཏུ་དགའ་བའི་ས་བསྒྲུབས་ནས། །བདེ་བ་ཅན་དུ་དེ་འགྲོ་འོ། །
ཞེས་གསུངས་ཤིང་། འདིའི་མཆན་དུ་རབ་བཤད་ཅེས་པ་མདོ་སྡེ་དང་། རྒྱུད་སྡེའི་ཕྱོགས་གཉིས་ཀ་ལ་དགོངས་ནས་གསུངས་པའོ། །ཞེས་གསུངས་པས། གཉིས་ཀའི་ལུང་བསྟན་དུ་སྦྱར་རོ།།
དེ་ལ་མཐའ་བྲལ་དབུ་མའི་ལམ་བཟང་གསལ་བར་མཛད་པའི་ཚུལ་ནི། སྔར་བསྟན་པ་རྣམས་ཀྱིས་གྲུབ་ལ། སྔགས་ཀྱི་ཚུལ་ནི། ཕྱི་མའི་དུས་ན་སངས་རྒྱས་ཀྱི་ཡང་དག་པར་བཤད་པ་འདི་རྒྱུན་མི་ཆད་པར་སུ་ཞིག་སྟོན་པར་འགྱུར། ཞེས་རྩ་རྒྱུད་ལ་དོན་ཟབ་མོ་ཞིག་ཡོད་ཀྱང་། སྒྲས་ཟིན་ཙམ་གྱི་བཤད་པ་ལ་བརྟེན་ནས་དག་པའི་སྒྱུ་མ་ཟུང་འཇུག་མི་རྙེད་པས། དེ་ཉིད་སུས་སྟོན་པར་འགྱུར་ཞེས་དྲིས་པའི་ལན་དུ། དེ་ཁོ་ན་ཉིད་ཀྱི་དོན་མཐར་ཐུག་པའི་ལྟ་བ་དང་། རླུང་སེམས་ཙམ་ལས་བསྒྲུབས་པའི་སྒྱུ་མའི་སྐུ་འོད་གསལ་དུ་ཞུགས་པའི་འོད་གསལ་གྱི་རླུང་སེམས་ཙམ་ལས་དག་པའི་སྒྱུ་མའི་སྐུ་འཁྲུངས་པའི་སྒྱུ་ལུས་དང་། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་འོད་གསལ་གྱི་ཡེ་ཤེས་གཉིས་ངོ་བོ་གཅིག་ཏུ་སྦྱོར་བའི་ཟུང་འཇུག་གསལ་བར་འདིས་བཤད་ཅེས་ལུང་བསྟན་ཏོ།།
ཡོད་མེད་ཀྱི་མཐའ་གཉིས་ནི། རྟག་པ་འཁོར་བའི་ཡོད་མཐའ་དང་། ཆད་པ་མྱང་འདས་ཀྱི་མེད་མཐའ་གཉིས་སྤངས་པའི་ཟུང་འཇུག་རིམ་ལྔ་དང་མདོར་བྱས་སོགས་སུ་གསལ་བར་མཛད་པས། རིགས་ཚོགས་སོགས་ཀྱི་དོན་ཟླ་བའི་ཚིག་གསལ་དང་། རིམ་ལྔ་སོགས་ཀྱི་དོན་སྒྲོན་མ་གསལ་བར་སློབ་དཔོན་གྱི་དགོངས་པ་བཞིན་དུ་གསུངས་པ་དེའི་ཕྱིར་གསལ་བ་གཉིས་ཀྱིས་བཀྲལ་བ་འཕགས་པ་ཀླུས་ཕྱེ་བའི་དབུ་མའི་ལམ་སྲོལ་འདི་ནི་རྒྱལ་བའི་དགོངས་པ་བསླུ་བ་མེད་པའོ།།
གཉིས་པ་དེ་ལ་དོགས་པ་བཅད་པ་ནི།
མར་མེ་མཛད་ཀྱང་བྱོན་པའི་སྔར། ལུང་བསྟན་བརྙེས་པས་དཔག་དཀའ་ཡང་། །
ཕལ་པ་ལྟ་བུར་བྱིན་བརླབས་པ། །རྒྱལ་བའི་རྣམ་འཕྲུལ་བསམ་མི་ཁྱབ། །
ཅེས་བྱུང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ནི། བསྐལ་ཆེན་གྲངས་མེད་གཅིག་དང་། དགུ་བཅུ་རྩ་གཅིག་གི་གོང་རོལ་ཏུ་བྱོན་ན། དཔལ་མགོན་འཕགསཔ་ཀླུ་སྒྲུབ་ནི་དེ་བས་ཀྱང་སྔོན་ནས་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ཐོབ་པས་གཅིག་ཏུ་སློབ་པའམ་མངོན་པར་སངས་རྒྱས་ཞེས་དཔག་པར་དཀའ་མོད་ཀྱང་། ལང་གཤེགས་ལས། རབ་ཏུ་དགའ་བའི་ས་ཐོབ་པས་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པ་དང་། འགྲེལ་པས་དང་པོ་སོ་སོ་སྐྱེ་བོས་ས་དང་པོ་ཐོབ་པར་བཤད་པ་དང༌། དང་པོ་ནས་ཐེག་ཆེན་འཕགས་པ་ཚེ་དེར་ས་བརྒྱད་པ་གནོན་པར་གསུངས་པ་དང་། སྒྲོན་གསལ་དུ་སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱིས་བརྒྱན་པ་བརྙེས་ནས་བདེ་བ་ཅན་དུ་གཤེགས་ཏེ་ཡོན་ཏན་གྱི་དབང་ཕྱུག་བརྒྱད་དང་ལྡན་པས་བཞུགས་སོ། །ཞེས་སྣ་ཚོགས་སུ་གསུངས་ཀྱང་། དཔེར་ན་ཀུན་དགའ་བོ་མདོ་སྡེའི་ཕྱོགས་སུ་རྒྱུན་ཞུགས་སུ་གསུངས་པ་དང་། ཐམས་ཅད་གསང་བའི་རྒྱུད་ལས། ཀུན་ཏུ་བཟང་པོར་བཤད་པ་བཞིན་གདུལ་བྱའི་དགོས་པའི་དབང་དང་། ཐེག་པ་ཕྱོགས་རེ་བའི་དབང་དུ་བྱས་ཏེ་གསུངས་པ་ཡིན་ཞིང་། སྤྲིན་ཆེན་ལས། མཐར་རབ་ཏུ་དང་བའི་འོད་ཅེས་བྱ་བའི་ཞིང་དུ་འཚང་རྒྱ་བར་གསུངས་པ་དང་། བདེ་བ་ཅན་དུ་གཤེགས་ཏེ་དབང་ཕྱུག་བརྒྱད་དང་ལྡན་པར་བཞུགས་པར་གསུངས་པའང་། ཤཱཀྱ་ཐུབ་པ་ཚེ་ལོ་བརྒྱ་པའི་དུས་སུ་སངས་རྒྱས་པ་དང་། སྔོན་བསྐལ་པ་དཔག་མེད་ནས་སངས་རྒྱས་པར་གསུངས་པ་གཉིས་མི་འགལ་བ་བཞིན་ཡིན་པའི་ཕྱིར། མདོ་སྡེ་རྒྱན་ལས།
དེ་ནི་གཅིག་ཆར་ལ་ལར་སྒོ་མང་བརྒྱ་ནས་ཆོས་ཀྱི་འཁོར་ལོ་དང་། །
ལ་ལར་སྐྱེ་བ་མི་སྣང་ལ་ལར་སྐྱེ་བའི་སྤྱོད་པ་སྣ་ཚོགས་དང་། །
ལ་ལར་བྱང་ཆུབ་ཐམས་ཅད་ལ་ལ་མྱ་ངན་འདས་སྟོན་ཀྱང་། །
དེ་ནི་གནས་དེ་ལས་ཀྱང་རྣམ་པར་གཡོ་མི་མངའ་ལ་ཐམས་ཅད་མཛད། །
ཅེས་པ་ལྟར་རྒྱལ་བའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་ཕྱིར་ན། རྒྱུད་བླ་མ་ལས། ངག་ཡུལ་མིན་ཕྱིར་དོན་དམ་གྱིས་བསྡུས་ཕྱིར། །རྟོགས་གནས་མིན་ཕྱིར་དཔེ་ལས་འདས་པའི་ཕྱིར། །བླ་ན་མེད་ཕྱིར་སྲིད་ཞིས་མ་བསྡུས་ཕྱིར། །རྒྱལ་ཡུལ་འཕགས་རྣམས་ཀྱིས་ཀྱང་བསམ་མི་ཁྱབ། །ཅེས་གསུངས་སོ།།
བཞི་པ་ཆོས་སྒྲ་ཆེན་པོ་གསུམ་གྱི་སྒོ་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ནི།
རུང་མིན་དོན་མིན་ཀུན་བསལ་ཏེ། །ཆོས་འདུལ་ལྟ་དང་འདུས་པའི་གནད། །
གསལ་མཛད་སངས་རྒྱས་གཉིས་པ་དང་། །རྒྱལ་བ་གཉིས་པ་མཚན་དོན་གཅིག །
ཅེས་བྱུང་། སྤྲིན་ཆེན་ལས། སྔོན་བྱུང་བ་འདས་པའི་བསྐལ་པ་གྲངས་མེད་པའི་སྔོན་རོལ་ཏུ་རྒྱལ་པོ་བརྩོན་འགྲུས་ཆེན་པོའི་ཀླུ་ཞེས་བྱ་བར་གྱུར། དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མའི་དྲུང་དུ་ཐུགས་བསྐྱེད། ཤཱཀྱའི་བསྟན་པ་ནུབ་ལ་ཉེ་བའི་ཚེ་རབ་ཏུ་བྱུང་སྟེ་ཆོས་སྒྲ་ལན་གསུམ་བསྒྲགས་ལ་དམ་པའི་ཆོས་ཕྱིར་བདག་སྲོག་འདོར་བར་སྨོན་ལམ་བཏབ་པ་བཞིན། འཆལ་བར་སྤྱོད་པ་མང་པོས་འདུལ་བ་ཉམས་པར་བྱས་པ་གནས་ནས་ཕྱུང་སྟེ་ཆོས་འདུལ་རྒྱ་ཆེར་བསྒྲགས་ཏེ་སངས་རྒྱས་འཇིག་རྟེན་དུ་བྱོན་པ་བཞིན་མཛད་པ་དང་པོ།
དེའི་ཚེ་བདེ་བྱེད་ཀྱིས་ཐེག་པ་ཆེན་པོ་སུན་འབྱིན་པའི་ཆོས་ལོག་བརྩམས་པ་སུན་དབྱུང་ཞིང་། ཀླུ་ཡུལ་ནས་ཤེར་མདོ་སྤྱན་དྲངས་ཏེ་དེའི་དོན་ཆེས་ཆེར་གསལ་བ་མཛད་དེ་ཐེག་པ་ཆེན་པོའི་ཆོས་ཀྱི་སྒྲ་བསྒྲགས་པ་གཉིས་པ། སྒྲ་མི་སྙན་ནས་རྔ་བོ་ཆེའི་མདོ་སྡེ་སྤྱན་དྲངས། མདོ་སྔགས་ཀྱི་ཆོས་འཁོར་བསྐོར་ཞིང་། ཆོས་དབྱིངས་བསྟོད་པ་སོགས་མཛད་པ་གསུམ་པ་སྟེ། རུང་བ་མ་ཡིན་པ་ཀུན་བསལ་ཏེ་བསྟན་པའི་རྩ་བ་ཆོས་འདུལ་བའི་སོ་ཐར་གྱི་གཞི་བརྟན་པར་མཛད། དོན་མིན་པ་ཐེག་པ་ཆེན་པོ་བཀའ་མིན་ཞིང་། དེའི་བསྟན་དོན་ཟབ་རྒྱས་ཀྱི་ལམ་སྤྱི་དང་། ཁྱད་པར་ཟབ་མོའི་དོན་ལས་ཕྱིར་ཕྱོགས་པ་དེ་ཀུན་སུན་ཕྱུང་སྟེ་ཡང་དག་པའི་ལྟ་བའི་ལམ་བཟང་གསལ་བར་མཛད་ཅིང་། རྒྱུད་སྡེ་ཀུན་གྱི་ཡང་རྩེ་དཔལ་གསང་བ་འདུས་པའི་རིམ་གཉིས་སྤྱི་དང་། ཁྱད་པར་སྒྱུ་འོད་ཟུང་འཇུག་གི་དོན་རྒྱལ་བའི་དགོངས་པ་བཞིན་གསལ་བར་མཛད་པས་སངས་རྒྱས་གཉིས་པར་གྲགས་པས་འཇམ་དཔལ་རྩ་རྒྱུད་ལས།
སངས་རྒྱས་མཛད་པ་བྱེད་པར་འགྱུར། །
ཞེས་རྗེ་རྒྱལ་བ་གཉིས་པ་ལུང་བསྟན་པ་འདིས་མཚན་དང་དོན་དང་མཛད་པ་གཅིག་པས་དཀྱུས་གཅིག་ཏུ་ལུང་བསྟན་པའོ།།
གསུམ་པ་མཇུག་དོན་ལ་གཉིས། དེ་ལྟ་བུའི་ལམ་བཟང་རྒྱུད་ལ་སྐྱེ་བའི་ཕྱིར་དུ་གསོལ་བ་འདེབས་པ་དང་། དེ་ལྟར་སྨོན་པའོ། །དང་པོ་ནི།
དེ་དག་གཤེགས་ཤུལ་ནང་གནས་ཀྱང་། །འཕྱེ་བོ་བདག་ཅག་བགྲོད་ནུས་མིན། །
རྗེས་སུ་འོ་འདོད་འབོད་པ་བཞིན། །གདུང་བའི་དབྱངས༌ཀྱིས་གསོལ་བ་འདེབས། །
ཞེས་བྱུང་། ཚིག་དོན་དེ་ཀླུ་སྒྲུབ་ཞབས་དང་། འཇམ་མགོན་བླ་མ་དེ་དག་གི་གཤེགས་ཤུལ་མདོ་སྔགས་ཟུང་དུ་འབྲེལ་བའི་ལམ་བཟང་པོ་དེར་འཇུག་པའི་སྐལ་བཟང་ཐོབ་སྟེ། རྗེའི་རིང་ལུགས་འདིར་གནས་ཀྱང་ཐོས་བསམ་གྱི་ཤེས་རབ་དམན་ཞིང་། བརྩོན་འགྲུས་ཀྱི་གོམས་སྟབས་ཞན་པས་འཕྱེ་བོ་བདག་ཅག་བགྲོད་པར་ནུས་པ་མིན་པ་དེ་ལྟ་ན་ཡང་། དམ་པ་དེ་དག་གི་རྗེས་སུ་འོ་འདོད་འབོད་པ་བཞིན་གདུང་བའི་དབྱངས་ཀྱིས་ལམ་བཟང་པོ་དེ་ཉིད་རྒྱུད་ལ་སྐྱེ་བར་གསོལ་བ་འདེབས་པ་སྟེ། རྩོམ་པ་པོ་རང་ཉིད་ཀྱིས་རྨད་དུ་བྱུང་བའི་ལམ་བཟང་དེ་ཐོས་བསམ་སྒོམ་པས་ཉམས་སུ་མ་ལོན་ཞེས་ཁེངས་སྐྱུངས་དང་། རྗེས་འཇུག་དག་ལ་འཇམ་མགོན་རིང་ལུགས་དྲི་མ་མེད་པའི་ལམ་བཟང་འདི་ལྟ་བུར་ཞུགས་ཏེ། སྙོམ་ལས་དང་། བྱ་བ་ངན་ཞེན་གྱི་དབང་དུ་མི་འགྲོ་བར་བློ་དང་བརྩོན་པ་ཅི་ཡོད་རྩལ་བཏོན་ཏེ་རང་རྒྱུད་ལ་སྐྱེ་བར་གསོལ་བ་འདེབས་ཤིང་། གསོལ་བ་བཏབ་པའི་དོན་ལྟར། སྒྲུབ་པ་ལ་འབད་རིགས་པར་གདམས་པའི་ཤུགས་ཀྱིས་ཚང་ལ་མ་ནོར་བའི་ལམ་བཟང་འདི་ལྟ་བུ་རྙེད་དཀའ་བ་དང་། ད་རེས་ཙམ་རྙེད་པ་ལ་རིན་པོ་ཆེའི་གླིང་ནས་སྟོང་ལོག་ཏུ་འགྲོ་མི་རིགས་པར་གསུངས་སོ།།
གཉིས་པ་ཟབ་རྒྱས་ཟུང་དུ་འབྲེལ་བའི་ལམ་བཟང་འདི་ཡིས་བྱང་ཆེན་ཐོབ་པར་སྨོན་པ་ནི།
གུས་པས་གསོལ་བཏབ་དགེ་སྨིན་པས། །རྒྱ་ཆེན་ཐབས་ཀྱི་གཤོག་རླབས་ཅན། །
ཟབ་མོའི་དེ་ཉིད་རིགས་པ་ཡིས། །དོན་གཉིས་མཁའ་ལ་བགྲོད་གྱུར་ཅིག །
ཅེས་བྱུང་། ཚིག་དོན་ནི་གཅིག་ཏུ་འགྲོ་ལ་མཉེས་གཤིན་པའི་བྱམས་པ་དང་། སྙིང་རྗེའི་ཐུགས་ཀྱིས་གདུལ་བྱ་འཁོར་བ་ལས་གྲོལ་བའི་ཐབས་དམ་པ་ཟབ་མོ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ལེགས་པར་གདམས་པའི་བཀའ་དྲིན་རྗེས་སུ་དྲན་པའི་གུས་པའི་ཡིད་ཀྱིས་ཇི་ལྟར་གཟིགས་པའི་དོན་དེ་བདག་ལ་མངོན་དུ་འགྱུར་བར་མཛད་དུ་གསོལ། ཞེས་རྩེ་གཅིག་གསོལ་བ་བཏབ་པའི་དགེ་རྩ་དེ་ཉིད་ཀྱི་མཐུ་ཡོངས་སུ་སྨིན་པ་ལས། རྒྱ་ཆེན་ཐབས་ཀྱི་སྤྱོད་པའི་གཤོག་རླབས་ཡངས་པོར་བསྐྱོད་ཅིང་། ཟབ་མོའི་དེ་ཉིད་ཇི་བཞིན་རིག་པའི་ཤེས་རབ་ཀྱིས་ཚོགས་སྦྱོར་མཐོང་སྒོམ་རིམ་གྱིས་བགྲོད་དེ་རང་དོན་ཆོས་ཀྱི་དང་གཞན་དོན་གཟུགས་སྐུ་ཟུང་དུ་འཇུག་པའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་པ་སྟེ། དབུ་མ་ལ་འཇུག་པ་ལས།
ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །
ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི། །
མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །
རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །
ཞེས་གསུངས་པ་ལྟར། ཀུན་རྫོབ་རྒྱ་ཆེ་བའི་ལམ་རིམ་དང་། དེ་ཁོ་ན་ཉིད་ཟབ་མོའི་ལམ་རིམ་སྟེ། ཟབ་རྒྱས་ཟུང་གི་འདབས་ཤོག་ཡངས་པོར་བརྐྱངས་ཏེ། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་ཏུ་བགྲོད་པ་བྱོན་པ་དང་འབྱོན་འགྱུར་གྱི་རྒྱལ་དང་རྒྱལ་བའི་སྲས་པོ་རྣམས་ཀྱིས་ཚུལ་ལུགས་དམ་པ་ཡིན་པས། རྣམ་བཤད་ལས། དེའི་རྗེས་སུ་སློབ་པར་འདོད་པ་རྣམས་ཀྱིས་ཀྱང་ལམ་རིམ་པ་གཉིས་ཀའི་གཤོག་པས་བགྲོད་དགོས་ཀྱིས། གཤོག་པ་གཉིས་གང་ཡང་མེད་པ་དང་། ཕྱོགས་རེ་བའི་ལམ་གྱི་གཤོག་པ་གཅིག་ཆག་པ་ལྟ་བུས་མི་ཚིམ་པར། ཐབས་དང་ཤེས་རབ་གཉིས་ཀ་ཚང་བའི་ལམ་གྱིས་སངས་རྒྱས་ཀྱི་སར་བགྲོད་པར་བྱའོ། །ཞེས་གསུངས་སོ།།
ལམ་བཟང་རྨད་དུ་བྱུང་བ་དེས་འགྲོ་བ་བགྲོད་པར་སྨོན་པ་ནི། དམ་ཆོས་འཛིན་པའི་རྒྱུར་བསྔོས་པ་སྟེ། དམ་ཆོས་འཛིན་པའི་སྨོན་ལམ་གྱི་ནང་དུ་རྒྱལ་སྲས་ཀྱི་སྨོན་ལམ་ཆེན་པོ་འབུམ་ཕྲག་བཅུ་ལ་སོགས་པ་ཡོངས་སུ་འདུ་བས། དེ་ལྟར་བསྔོས་པ་བསྔོ་བ་བླ་ན་མེད་པའོ།།
བསྐུལ་བ་པོ་གང་གིས་བསྐུལ་བའི་དོན་དུ། གང་གིས་བརྩམས་པའི་སྦྱར་བྱང་ནི་བཀྲོལ་བའི་ངལ་བ་མི་དགོས་སོ། །བསྟོད་ཚིག་འདི་ནི། རྩ་ཤེས་རབ་བྱེད་སོ་སོའི་དོན་ལ་འཇུག་པ་རྩ་འགྲེལ་གྱི་དོན་རྣམས་མ་ལུས་པ་འདུས་པའི་སྡོམ་ལྟ་བུར་གནས་པས། ཞིབ་མོར་དཔྱད༌ན་བརྗོད་བྱ་ཟབ་པས་རྗོད་བྱེད་ཀྱང་ཚིག་ཚོགས་ལྕི་བར་འགྱུར་བ་ཞིག་ནའང་། འདི་ནི་རང་བློ་དང་འཚམ་པ་མདོར་བསྡུས་ཏེ་བཀོད་པ་སྟེ། འོན་ཏང་མ་བཤད་པ་དང་། ལོག་པར་བཤད་པའི་སྐྱོན་མཆིས་ན་གཟུར་གནས་ཤེས་ལྡན་ཡོངས་ཀྱིས་བཅོས་པས་རིགས་སོ།།
སྨྲས་པ།
ཚིག་གི་ཟླ་ཚེས་ཕྲ་ཡང་དབུ་མའི་གཞུང་ལམ་མཁའ་ལ་རྩེན། །
སྙན་ངགས་སྦྱོར་བ་དམན་ཡང་མཁས་མང་གཞུང་བརྒྱའི་བཅུད་དུ་རྫོགས། །
མཆོག་ཏུ་ཟབ་ཅིང་བརླིང་ཡང་དཀའ་གནད་མ་ལུས་རྗེན་པར་གསལ། །
གཞན་ལ་ཕན་ཐོགས་དཀའ་ཡང་འདིར་འབད་ངལ་བ་དོན་མེད་མིན། །
དཀོན༵་མཆོ༵ག་རྒྱལ་བའི་ཆོས་ཚུལ་ཀུན་བཟུང་སྟེ། །
ཐབས༵་མཁ༵ས་མཛད་པས་བསྟན༵་པ༵་རྒྱ་༵མཚོའི༵་གནད། །
ཞིང་འདིར་སྤེལ་བའི་ཐུགས་བསྐྱེད་མཐུ་གྲུབ་པ། །
གང་གི་རབ་དཀར་ལྷག་བསམ་བསྐུལ་ཚིག་གི །
དབྱུ་གུས་ཕྱོགས་བྲལ་དམ་པའི་རྔ་ཆེན་དག །
ལན་བརྒྱར་རྡེག་ཀྱང་ཕྱིས་བྱུང་གདུལ་བྱའི་ཁམས། །
ཆེས་ཆེར་སྙིགས་པས་སྐལ་བ་དམན་གྱུར་ཏེ། །
ལེགས་གསུངས་སྙན་པའི་སྒྲ་དབྱངས་བཞད་མ་གྱུར། །
འདི་ན་སྐྱེས་སྦྱངས་བློ་ཡི་མིག་ལྡོང་སྟེ། །
གཞུང་དོན་སྣང་བའི་རྩེ་དགའ་དང་བྲལ་ཡང་། །
ཡབ་རྗེ་དམ་པའི་བཞེད་པ་སྐོང་བའི་ཕྱིར། །
དམུས་ལོང་སྒྲོན་མེ་དཔེར་བྱས་ཚུལ་འདིར་ཞུགས། །
གཞན་དུའང་མུན་ནག་སྨག་ལ་མདའ་རྡེག་ལྟར། །
དོན་གཞན་འགྲེལ་བའི་སྤོབས་པ་ཅུང་རྙེད་ཀྱང་། །
བྱ་རོག་དཀར་པོའི་བརྟུལ་ཞུགས་བླངས་པ་ལས། །
སྙིང་པོས་དབེན་པས་སྙོམ་ལས་མནལ་ཐབས་བསྟེན། །
འདི་འབད་ལེགས་བྱས་ཆུ་ཐིགས་ཕྲ་མོའང་། །
རྒྱལ་སྲས་ཀུན་བཟང་སྨོན་པའི་རྒྱ་མཚོ་དང་། །
གཅིག་ཏུ་འདྲེས་ཏེ་ནམ་མཁའ་ཇི་སྲིད་བར། །
བསྟན་འགྲོར་སྨན་པའི་ཉེར་འཚོར་འགྱུར་བར་ཤོག །
ཅེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པའི་དོན་རྣམ་པར་བཤད་པ་དབུ་མའི་སྣང་བ་གསལ་བ་ཞེས་བྱ་བ་འདི་ནི་གཞུང་བརྒྱ་སྨྲ་བའི་དབང་པོ་རབ་འབྱམས་པ་ཚུལ་ཁྲིམས་རྒྱ་མཚོ་བས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་བརྙན་དངུལ་གྱི་སྐྱེས་བཅས་ཡང་ཡང་བསྐུལ་བ་དང་། གཙོ་ཆེར་༸བཀའ་དྲིན་འཁོར་མེད་ཞང་སྟོན་རིན་པོ་ཆེ་རྗེ་བཙུན་བསྟན་པ་རྒྱ་མཚོ་དཔལ་བཟང་པོ་དེ་ཉིད་ནས་བསྟོད་པ་འདི་ལ་ས་བཅད་ཀྱིས་དམིགས་ཕྱེ་བའི་འགྲེལ་པ་གནད་དོན་གསལ་བ་ཞིག་ཡོད་ན་དགོས་རྒྱུར་འདུག་ཅེས་ཐུགས་ལ་བཅག་པའི་བཞེད་པ་སྐོང་ཕྱིར། མགོན་པོ་གང་གི་བཀའ་དྲིན་གྱིས་འཚོ་བ་སྙོམ་ལས་མཁན། འཇིགས་མེད་འཕྲིན་ལས་རྒྱ་མཚོས་སུག་བྲིས་སུ་བྱས་པ་དགེ་འོ།། །།
ཆོས་སྲིད་དཔལ་གྱིས་ལེགས་མཚན་བསོད་ནམས་ཞིང་། །
བཀྲ་ཤིས་ཆོས་ཀྱི་འཁོར་ལོའི་གླིང་ཆེན་པོར། །
མི་བཟད་དཔར་གྱི་མཆོད་སྦྱིན་འདི་སྤྲོས་དགེས། །
དགེ་ལེགས་སྣང་བས་ས་གསུམ་ཀུན་ཁྱབ་ཤོག །
མངྒལཾ།། །།
དཔྱད་གཞིའི་ཡིག་ཆ།
[1] འཇིགས་མེད་འཕྲིན་ལས་རྒྱ་མཚོའི་གསུང་འབུམ། ༼ཅ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༣༥ན༥ བར།
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༢༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༣ ནས་ ༣༤༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།