ན༽ ཐོགས་མེད་མཇལ་ནས་ཐེག་ཆེན་དུ་ཞུགས་ཚུལ།
དེ་ཡང་ཀུན་དགའ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་ (1901-1959) མཛད་པའི་འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྣམས་ཀྱི་རྟོགས་བརྗོད་ངོ་མཚར་སྙན་ངག་གསེར་གྱི་ཉག་ཐག་ལ་བསྟར་བའི་བསྟོད་པ་རྨད་བྱུང་ནོར་བུའི་འཕྱང་འཕྲུལ་བློ་གསལ་མགུལ་རྒྱན་ལས[1]།
གང་གི་གཅེན་པོ་འཕགས་པ་ཐོགས་མེད་ལས། །
ཐེག་ཆེན་མདོ་རྣམས་ལན་གཅིག་གསན་པས་ཀྱང་། །
མ་ལུས་ཐུགས་སུ་ཆུད་ཅེས་གྲགས་དཀར་གྱི། །
སྙན་པའི་བ་དན་སྲིད་པའི་ཁོང་ན་ཁྱབ། །
ཅེས་དང་། དེ་བཞིན་ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པའི་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱི་བསྟོད་པ་ལས་[2]ཀྱང་།
རང་གི་གཅེན་པོ་འཕགས་པ་ཐོགས་མེད་ཀྱི། །
ཞབས་ཟུང་སྤྱི་བོ་ཉིད་དུ་རབ་བརྟེན་ནས། །
ཐེག་ཆེན་མདོ་རྣམས་ལན་གཅིག་གཟིགས་པས་ཀྱང་། །
མ་ལུས་ཐུགས་སུ་ཆུད་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་གཅེན་འཕགས་པ་ཐོགས་མེད་བསྟེན་ནས་ཐེག་ཆེན་དུ་ཞུགས་ཚུལ་ནི། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[3]། དབྱིག་གཉེན་གྱིས། སྔོན་རང་རྒྱལ་མང་པོས་ཆོས་མངོན་པ་དར་བར་སྨོན་ལམ་བཏབ་ཅིང་། ལུང་སྨན་གྱི་གཞི་ལས། ལྷག་མཐོང་དང་རྗེས་སུ་མཐུན་པའི་གནས་མལ་གྱི་མཆོག་ཏུ་ལུང་བསྟན་པའི་ཁ་ཆེར་སློབ་དཔོན་འདུས་བཟང་གི་དྲུང་དུ། སྔོན་དགྲ་བཅོམ་པ་ཞི་ལྡན་དང་སྒུར་པོ་ལ་སོགས་པ་མང་པོས་མངོན་པ་སྡེ་བདུན་དང་། ལུང་གི་དོན་བསྡུས་པ་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཞེས་པ་གཞུང་འབུམ་ཕྲག་གཅིག་ཏུ་ལོངས་པ་ཞིག་མཛད་དོ། །འོད་ལྡན་ལས། ཉེར་སྦས་ཀྱིས་མཛད་ཅེས་བྱུང་ངོ་། །འདི་ལ་འགྲེལ་པ་རྒྱལ་སྲས་མར་བྱེ་བྲག་བཤད་མཚོ་ཞེས་བྱུང་བ་ནི། བྱེ་བྲག་ཏུ་བཤད་པ་རྒྱ་མཚོར་གཟུགས་ཅན་གྱི་རྒྱན་གྱི་སྟོན་པ་ཡིན་གྱི་མིང་མ་ཡིན་ལ། དེ་བཞིན་དུ་བྱེ་བྲག་བཤད་མཛོད་ཅེས་འདོད་པའང་མི་འཐད་དོ། །བྱེ་བྲག་ཏུ་བཤད་པ་དང་མངོན་པ་སྡེ་བདུན་ལ་སོགས་པ་བསླབས་པས་ཚེགས་མེད་པར་མཁྱེན་ནས། རྒྱ་གར་དུ་འབྱོན་པར་བཞེད་པའི་ཚེ་ཡུལ་དེའི་ཤོ་གམ་བསྲུང་བའི་གནོད་སྦྱིན་གྱིས་ལྷ་རྟེན་ཡོད་པ་འཕྲོགས་ནས་ལན་གསུམ་གྱི་བར་བཟློག་ཀྱང་ནོར་ནི་མེད། ཆོས་བློ་ལ་ཡོད་པ་དབྲལ་དུ་མི་བཏུབ་པས་བཏང་སྟེ་ནཱ་ལེནྡྲར་བྱོན་པ་དང་། གཅེན་གྱིས་བསྟན་བཅོས་མང་དུ་བརྩམས་པའང་གསན་ནས།
ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །
ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། །
ཞེས་ཐེག་ཆེན་གྱི་གང་ཟག་དང་ཆོས་ལ་བསྟིང་པ་གཅེན་གྱིས་གསན་ནས། ལོག་སྒྲུབ་དོན་མིན་དུ་འགྱུར་བར་མཁྱེན་ནས་དེ་བཟློག་པའི་ཕྱིར་སློབ་མ་གཉིས་ས་བཅུ་པ་དང་། བློ་གྲོས་མི་ཟད་པས་བསྟན་པ་འཛིན་དུ་བཅུག་ནས། གཅུང་ཅན་སོང་ལ་སྲོད་དང་ཐོ་རངས་ལ་ཐོན་ཅིག །ཅེས་བསྒོས་པ་ལྟར་བསྒྲུབས་པས། སྲོད་ལ་ཐེག་ཆེན་འདི་རྒྱུ་བཟང་ལ་འབྲས་བུ་ཁ་གཡེལ་བ་འདྲ་གསུངས། ཐོ་རངས་རྒྱུ་འབྲས་གཉིས་ཀ་བཟང་བར་འདུག་པ་ལ་ངས་སྐུར་བ་བཏབ་པ་ལྕེ་འདིས་ལན་པས་གཅོད་གསུངས་ནས། སྤུ་གྲི་ཚོལ་བའི་ཚེ་ཁོང་གཉིས་ཀྱིས་ལྗགས་སྒུམ་མི་འཚལ། དེའི་སྒྲིབ་པ་སྦྱང་ཐབས་གཅེན་ལ་མངའ་བས། དེར་གཤེགས་སོ། །ཞེས་སྨྲས་ཏེ་བྱོན་ཏོ།།
དེར་ཆོས་མང་དུ་གསན་ཅིང་འབེལ་གཏམ་མང་དུ་མཛད་པའི་ཚེ་གཅུང་ནི་སྤོབས་པ་ཤིན་ཏུ་མྱུར་བར་བྱུང་། གཅེན་ཅུང་ཟད་བུལ་བའི་ལན་བཟང་པོ་བྱུང་བས། འདིའི་རྒྱུ་ཅི། དྲིས་པས། ཁྱོད་ནི་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་པས་སྐྱེས་ཐོབ་ཀྱི་ཤེས་རབ་ཆེ་བ་ཡིན། ང་ལ་དེ་ལྟ་བུ་མེད་པས་ཡི་དམ་ཞིག་ལ་དྲིས་ཤིང་ལན་འདེབས་པ་ཡིན་གསུངས། དེ་བདག་ལ་བསྟན་པར་ཞུ་བྱས་པས། རྗེ་བཙུན་ལ་ཞུ་ཡི་གསུངས་ནས་ཞུས་པས། ཁྱོད་སོ་སོའི་སྐྱེ་བོ་ཡིན་ཅིང་། དང་པོར་ཐེག་ཆེན་ལ་སྐུར་བ་བཏབ་པས། ཚེ་འདི་ལ་མཐོང་བའི་སྐལ་བ་མེད་ཀྱིས་སྒྲིབ་པ་སྦྱང་བར་བྱ་བའི་ཕྱིར། ཐེག་ཆེན་གྱི་མདོ་འགྲེལ་མང་དུ་རྩོམས། གཙུག་ཏོར་རྣམ་རྒྱལ་ཐོན། ཕྱི་མ་ལ་མཇལ་གསུངས་ནས། དེ་ནས་གཅེན་ལ་ལྷག་པར་དད་དེ།
ང་ཡི་ཕུའོ་ཀླུ་དང་འདྲ། །ང་ནི་ཆར་སྡོད་བྱ་དང་འདྲ། །
ཀླུ་ཡི་རྒྱལ་པོས་ཆར་ཕབ་ཀྱང་། །བྱ་ཡི་གྲེ་བར་སོང་བ་མེད། །
ཅེས་ཟེར་ཞིང་། བྱམས་པའི་གསུང་ཡང་བསྒྲུབས་ལ། མཛོད་ཀྱི་ཚིག་ལེའུར་བྱས་པ་བརྩམས་ཏེ། སྐྱེས་དང་བཅས་པ་འདུས་བཟང་ལ་སྤྲིངས་སོ། །དེའི་སློབ་མ་དག་གིས་ལོ་དང་གྲག་ལ་སོགས་པ་འདི་འོ་སྐོལ་གྱི་གྲུབ་མཐའ་ལ་ཟུར་ཟའོ། །ཞེས་སྨྲས་པ་དང་། ཁོང་བསྟན་བཅོས་རྩོམ་པ་ལ་མཁས་པས་ཚིག་རྒྱན་ཡིན་ཟེར་ཏེ། ཤིན་ཏུ་མཉེས་ནས་འགྲེལ་པ་མདོ་དང་མཐུན་པ་ཡང་སྦྱར་རོ། །དུས་ཕྱིས་འགྲེལ་པ་མཛད་དེ་བསྐུར་བ་དང་། རྩ་བ་སུན་འབྱིན་གྱི་འགྲེལ་པ་འདི་ལུང་དང་རིགས་པས་ཚར་བཅད་ཅིང་ཕམ་པར་བྱས་ལ། ཁོང་ཉིད་ཀྱིས་ལག་པས་བསུབ་ཏུ་གཞུག་དགོས་གསུང་སྟེ། བསྟན་བཅོས་ལན་གྱི་ཕུང་པོའང་བརྩམས་ཏེ། རྒྱ་གར་དུ་འབྱོན་པར་ཆས་པ་དང་། དབྱིག་གཉེན་གྱིས་གསན་ནས། སློབ་དཔོན་འདུས་བཟང་ནི་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ལ་བྱང་བ་ཡིན་པས། ཟློག་པར་དཀའ་ལ། དེ་ཕམ་ཡང་དགོས་པ་མེད་པས་རང་བྱུང་གི་མཆོད་རྟེན་བལྟར་འགྲོ་ཞེས་བསྒྲགས་ལ་བལ་ཡུལ་དུ་འགྲོ་འོ་སྙམ་ནས་བྱོན་ནོ། །དེའི་རྗེས་ལ་སློབ་དཔོན་སཾ་གྷ་བྷ་དྲ་འདུས་བཟང་ངམ། དགེ་འདུན་བཟང་པོ་འཁོར་རབ་ཏུ་བྱུང་བ་མང་པོའི་གོས་ངུར་སྨྲིག་གི་འོད་ཀྱིས་ནམ་མཁའ་དམར་པོར་སོང་བ་ཙམ་བྱོན་ཏེ། ནཱ་ལེན་དྲར་ཞི་བར་གཤེགས་སོ། །སློབ་དཔོན་དབྱིག་གཉེན་ནི་བལ་ཡུལ་དུ་ཧང་ངུ་ཞེས་པ་རབ་བྱུང་གི་ཆ་བྱད་འཛིན་པ། སྡོམ་ཁྲིམས་ལ་མི་གནས་པ། ཆང་གི་བུམ་པ་ཐོགས་པ་མཐོང་ནས། བསྟན་པ་ནུབ་འདུག་གསུངས་ནས་སྐྱོ་བ་སྐྱེས་ཏེ། རྣམ་རྒྱལ་བཟློག་ནས་བཏོན་པས་འདས་ཏེ། མཆོད་རྟེན་བརྩིགས་པ་ད་རུང་ཡང་ཡོད་པར་གྲག་གོ །ཞེས་གསུངས་སོ།།
དེ་ཡང་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་མཆོད་རྟེན་ཆེན་པོ་གོ་མ་ས་ལ་གནྡྷ་ཞེས་མདོ་ལས་བསྔགས་ཤིང་། བལ་བོད་མཚམས་ཀྱི་སྐྱེ་བོ་རྣམས་འཕགས་པ་ཤིང་ཀུན་ཏུ་བརྗོད་པ་རང་བྱུང་མཆོད་རྟེན་ཆེན་པོར་བསྟོད་ཅིང་གསོལ་བ་འདེབས་པ་ལས[4]།
རྒྱལ་བ་གཉིས་པ་འཕགས་པ་ཀླུ་སྒྲུབ་དང་། །
འཛམ་གླིང་མཁས་པའི་གཙུག་རྒྱན་དབྱིག་གཉེན་སོགས། །
མཁས་གྲུབ་བྱེ་བ་བརྒྱ་ཡིས་མཆོད་པའི་གནས། །
རང་བྱུང་མཆོད་རྟེན་ཆེན་པོར་གསོལ་བ་འདེབས། །

(བལ་ཡུལ་མཆོད་རྟེན་གསུམ་གྱི་ཡ་གྱལ་མཆོད་རྟེན་འཕགས་པ་ཤིང་ཀུན།)
ཞེས་གསུངས་པ་ལྟར། སློབ་དཔོན་དབྱིག་གཉེན་གྱི་རྣམ་ཐར་དུ་གསལ་བའི་རང་བྱུང་གི་མཆོད་རྟེན་ཆེན་པོ་ནི། ལེགས་སྦྱར་སྐད་དུ་སྭ་ཡཾ་བྷུ་སྟེ་རང་བྱུང་མཆོད་རྟེན་དང་། སྔོན་གྱི་བལ་སྐད་དུ་སཱིཧྨངྒུ་ལ་ཟེར་བ་ཕྱིས་ཟུར་ཆག་སྟེ་སིངྒུ་དེ་ཝོ་དང་། བོད་པས་འཕགས་པ་ཤིང་ཀུན་ཏུ་འབོད་ཅིང་། དབྱིན་སྐད་དུ་ (Swayambhunath stupa) སྤྲེའུའི་ལྷ་ཁང་དུ་གྲགས་པ་ནི། བྲག་དཀར་སྤྲུལ་སྐུ་མི་ཕམ་ཆོས་ཀྱི་དབང་ཕྱུག་ (1775-1837) མཆོག་གིས་མཛད་པའི་ནེ་པཱལ་ཡུལ་གྱི་གནས་དང་རྟེན་ལས[5]། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་སྐུ་ཚེའི་སྨད་དུ་བལ་ཡུལ་རང་བྱུང་[6]མཆོད་རྟེན་ཉིད་གཟིགས་སུ་བྱོན་པའི་མཆོད་རྟེན་ནི་དེང་སྐབས་ཡོངས་གྲགས་སུ་འཕགས་པ་ཤིང་ཀུན་ཞེས་སུ་གྲགས་པ་འདི་ཉིད་ཡིན་པར་གསུངས་ལ། དེ་བཞིན་དབྱིག་གཉེན་གྱི་མཆོད་རྟེན་ནི། རི་གླང་རུའི་ནུབ་ཕྱོགས་འཇམ་དཔལ་གྱི་རི་བོ་ན་ཡོད་པར་གསུངས། དེ་ནི་འཛམ་གླིང་རྒྱན་དྲུག་ཏུ་གྲགས་པའི་ནང་ཚན་འཕགས་པ་ཐོགས་མེད་ཀྱི་གཅུང་སློབ་དཔོན་ཆེན་པོ་དབྱིག་གཉེན་ཏེ། དེ་ཉིད་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་པའི་འཕྲིན་ལས་མཐར་ཕྱིན་ནས། འཁོར་དགེ་འདུན་སྟོང་གིས་བསྐོར་ཏེ་བལ་ཡུལ་དུ་ཕེབས། ཆོས་གཞི་མང་པོ་བཙུགས་ནས་དགེ་འདུན་གྱི་སྡེ་རྒྱ་ཆེར་འཕེལ་བར་མཛད། དུས་ལན་གཅིག་ཁྱིམ་བཙུན་ཆོས་གོས་གྱོན་ཏེ་ཞིང་རྨོད་པ་གཟིགས་པའི་རྐྱེན་གྱིས་ཐུགས་སྐྱོ་ནས་སྐུ་མྱ་ངན་ལས་འདས་པའི་ཤུལ་དུ་སློབ་མ་རྣམས་ཀྱིས་བཞེངས་པའི་རྟེན་མཆོད་རྟེན་ཡིན་པར་གསུངས། ཞེས་གསལ་ལོ།།
དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་བརྩམས་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[7]། གོ་མ་ས་ལ་གྷནྡྷ་ནི། མཆོད་རྟེན་ཞིག་གི་མིང་ཡིན་ཅིང་། བོད་ཀྱི་མཁས་པ་སྔོན་བྱོན་འགའ་ཞིག་གིས་མཆོད་རྟེན་འདི་ལི་ཡུལ་(དེང་སང་གི་ཤིན་ཅང་)དུ་ཡོད་པར་གསུངས་འདུག །འོན་ཀྱང་ཆོས་འབྱུང་མཁས་པའི་དགའ་སྟོན་[8]དུ་མཆོད་རྟེན་འདི་བལ་ཡུལ་དུ་ཡོད་པ་དང་། མཆོད་རྟེན་འདི་བལ་པོ་རྣམས་ཀྱིས་འཕགས་པ་ཤིང་ཀུན་ཏུ་འབོད་ཀྱི་ཡོད་ཚུལ་གསལ། ཞེས་བྱུང་བ་ལྟར་བྲག་དཀར་སྤྲུལ་སྐུ་མི་ཕམ་ཆོས་ཀྱི་དབང་ཕྱུག་ (1775-1837) མཆོག་གིས་མཛད་པའི་ནེ་པཱལ་ཡུལ་གྱི་གནས་དང་རྟེན་ལས་[9]ཀྱང་། བོད་དུ་ཕལ་ཆེ་བ་ཞིག་གིས་གོང་དུ་སྨོས་པ་བཞིན་གླང་རུ་ལུང་བསྟན་གྱི་མདོར་བཤད་པའི་གོ་མ་སཱ་ལ་གནྡྷར་ངོས་འཛིན། སྤྱིར་བཏང་འཕགས་པ་ཤིན་ཀུན་ཏུ་གྲགས་ཤིང་། ཟུར་ཆག་གི་སྐད་དང་བལ་སྐད་ཐུན་མོང་དུ་ཤིན་བུར་ཞེས་བརྗོད། གང་ལྟར་རང་བྱུང་གི་མཆོད་རྟེན་ནི་སོམ་ཉི་མེད་པར་འདི་ཁོ་ནར་ངེས། ཞེས་ཀྱང་བྱུང་བ་ལྟར་ལོ་རྒྱུས་ཞིབ་པ་འཕགས་ཤིང་གནས་ཡིག་ལས་མཁྱེན་པར་འཚལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༢༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༤ ནས་ ༦ བར།
[2] བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ། ༼ཉ༽ དཔེ་རིང་། ཤོག་གྲངས་ ༡༧བ༣ ནས་ ༡༩ན༦ བར།
[3] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༥༥
[4] ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། པོད། ༼ཚ༽ ཐོར་བུ། ཤིང་དཔར། དཔེ་རིང་། ཤོག་གྲངས་ ༣༠བ༡
[5] བྲག་དཀར་ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ། པོད། ༼ན༽༼ཉ༽ དཔེ་རིང་། ཤོག་གྲངས་ ༧བ༥
[6] སངས་རྒྱས་གཙུག་ཏོར་ཅན་གྱི་དུས་ན་རང་བྱུང་དུ་སྐྱེས་པས་ན་རང་བྱུང་གི་མཆོད་རྟེན་ཞེས་སུ་གྲགས།
[7] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༥༢༦
[8] ཆོས་འབྱུང་མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༣༨༨
[9] བྲག་དཀར་ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ། པོད། ༼ན༽༼ཉ༽ དཔེ་རིང་། ཤོག་གྲངས་ ༧བ༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༠༥ ནས་ ༡༡༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།