ཚ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ། ༼སེང་བཟང་།༽

ཚ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

 

དེ་ཡང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་འབྱེད་པ་ལ་རྒྱལ་བ་མི་ཕམ་མགོན་པོའི་ལུང་བསྟན་ཐོབ་པའི་སྒོ་ནས་སློབ་དཔོན་སེང་གེ་བཟང་པོར་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་མཛད་པའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།

ཡུམ་དོན་འབྱེད་ལ་རྒྱལ་བའི་ལུང་བསྟན་ཐོབ། །

མི་ཕམ་མགོན་པོའི་མན་ངག་ཇི་བཞིན་དུ། །

ཡུམ་གསུམ་ཤེར་ཕྱིན་གཞུང་མཆོག་གསལ་མཛད་པའི། །

སློབ་དཔོན་སེངྒེ་བཟང་པོར་གསོལ་བ་འདེབས། །

ཞེས་གསུངས་པའི་དོན་ནི། མདོ་ལས་རྒྱལ་བའི་གསུང་རབ་མཐའ་དག་གི་རབ་དང་། མཆོག་དང་། ཕུལ་དང་། གཙོ་བོ་ལྟ་བུར་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཉིད་ཡིན་པར་བསྔགས་པ་མང་དུ་མཛད་པ་ལྟར། ཤིན་ཏུ་རྟོགས་པར་དཀའ་ལ་གོང་ན་མེད་པའི་ལམ་བཟང་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེའི་སྦས་དོན་ཟབ་མོའི་དགོངས་དོན་རྣམ་པར་འབྱེད་པ་ལ། རྒྱལ་བ་མི་ཕམ་མགོན་པོའི་ལུང་བསྟན་ཐོབ་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྔགས་པའི་རབ་ཏུ་བྱེད་པ་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་ལས[2]།

མི་ཕམ་མགོན་པོས་དངོས་སུ་བྱིན་བརླབས་པས། །

ཤེར་ཕྱིན་མདོ་སྡེ་རྒྱས་འབྲིང་བསྡུས་གསུམ་དང་། །

མངོན་པར་རྟོགས་པའི་རྒྱན་གཉིས་སྦྱོར་བ་ལ། །

དབང་ཐོབ་ཤིང་རྟའི་སྲོལ་འབྱེད་བཟང་པོར་འདུད། །

ཅེས་གསུངས་པ་ལྟར་རྗེ་བཙུན་མི་ཕམ་མགོན་པོའི་མངོན་པར་རྟོགས་པའི་རྒྱན་གྱི་མན་ངག་ཇི་ལྟ་བ་བཞིན་དུ་ཡུམ་གསུམ་སྟེ་ཡུམ་རྒྱས་པ་ཤེར་མདོ་འབུམ་དང་། ཡུམ་འབྲིང་ཉི་ཁྲི། ཡུམ་བསྡུས་པ་བརྒྱད་སྟོང་པ་བཅས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་མཆོག་དེ་ཡི་དགོངས་མཐིལ་ཉི་ཟླ་ལྟར་ཤིན་ཏུ་གསལ་བར་མཛད་པ་སྟེ། དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལས[3]།

ཐུབ་གསུང་སྙིང་པོ་མདོ་སྡེ་ཟབ་མོའི་དོན། །

འཕགས་ཡུལ་འགྲེལ་བྱེད་དབུས་ན་ཉི་ཟླ་ལྟར། །

གསལ་མཛད་བློ་གསལ་བྱེ་བའི་མིག་འབྱེད་པ། །

གཞལ་དཀའི་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་ལེགས་བཤད་ཀྱི་བསྟན་བཅོས་འགྲེལ་པ་དོན་གསལ་དང་། ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ། བརྒྱད་སྟོང་འགྲེལ་ཆེན། སྡུད་པའི་དཀའ་འགྲེལ་རྟོགས་སླ། ཤེར་ཕྱིན་བསྒོམ་པ། ཙནྡྲ་པའི་རྣམ་དབྱེའི་ཚིག་ལེའུར་བྱས་པ་བཅས་མཛད་དེ་མཁས་པའི་གཙུག་རྒྱན་དུ་གྱུར་པས། བསྟོད་པ་དེ་ཉིད་ལས[4]།

མཁས་མང་ཉིན་མཚན་མགོན་གྱིས་འབྱེད་མིན་པའི། །

རྒྱལ་ཡུམ་སྦས་དོན་སིནྡྷུ་ཝ་རའི་ཁ། །

ཁྱོད་གསུང་མཛེས་མའི་འགྲམ་འཆང་གིས་ཕྱེ་ཚེ། །

སྙན་གྲགས་སྲིད་གསུམ་ཁྱབ་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་སྙན་གྲགས་སྲིད་གསུམ་དུ་ཁྱབ་པའི་སློབ་དཔོན་སེང་གེ་བཟང་པོ་ཞེས་ཡོངས་སུ་གྲགས་པའི་པཎྜི་ཏ་དེ་ཡི་ཞབས་ལ་རྗེ་ཉིད་ཀྱིས་བཀའ་དྲིན་དྲན་པའི་སྒོ་ནས་ཡིད་དང་བ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༡༥༡

[2]  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༥༽ དཔེ་རིང་། ཤོག་གྲངས་ ༥ན༡

[3]  དབྱངས་ཅན་དགའ་བློའི་གསུང་འབུམ། པོད། ༼ཁ༽ སེང་བསྟོད། དཔེ་རིང་། ཤོག་གྲངས་ ༢བ༣

[4]  དབྱངས་ཅན་དགའ་བློའི་གསུང་འབུམ། པོད། ༼ཁ༽ སེང་བསྟོད། དཔེ་རིང་། ཤོག་གྲངས་ ༢བ༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༣ ནས་ ༢༢༥ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *