བཅུ་གཉིས་པ། དཔལ་ལྡན་ཆོས་གྲགས་ ༼དྷརྨ་ཀིརྟི༽ ཀྱི་རྣམ་ཐར།
ཀ༽ དཔལ་ལྡན་ཆོས་ཀྱི་གྲགས་པའི་མཚན་དོན།
དེ་ཡང་རྒྱལ་བའི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཤིན་ཏུ་རྒྱས་པར་མཛད་པ་པོ་རིགས་པའི་དབང་ཕྱུག་ཆེན་པོ་དཔལ་ཆོས་ཀྱི་གྲགས་པའི་མཚན་དོན་ནི། པཎྜི་ཏ་རྒྱ་གར་མངོན་ཤེས་ཅན་ནམ་བླ་མ་རྡོ་རྗེ་གདན་པས་ (ཕལ་ཆེར་དུས་རབས་11པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]།
མུ་སྟེགས་རིགས་ལ་སྒྲ་ཚད་མཁན། །ཕྱིར་རྒོལ་ཚར་བཅད་མཁའ་ལ་གཤེགས། །
དྷརྨྨ་ཀཱི་རྟི་[2]ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །
ཞེས་དང་། དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སྨྲ་ངན་ཕམ་པའི་རྒྱལ་རྔ་ལས[3]།
རྒྱལ་བའི་སྲས་པོ་ཀུན་ཏུ་བཟང་པོ་ཡིས། །
རྒོལ་ངན་ཚར་གཅད་སླད་དུ་སྤྲུལ་པའི་གར། །
རྒྱལ་བས་ལུང་བསྟན་སྡོམ་བརྩོན་སྔགས་གྲུབ་པའི། །
དྷརྨ་ཀཱིརྟིའི་ཞབས་ལ་གུས་ཕྱག་འཚལ། །
ཞེས་གསུངས་པ་ལྟར་དཔལ་ལྡན་ཆོས་གྲགས་ཀྱི་མཚན་ལ་ལེགས་སྦྱར་ལྷ་ཡི་སྐད་དུ་དྷརྨ་ཀིརྟི་ (धर्मकीर्ति,) (Dharmakiti) དང་། རྒྱའི་སྐད་དུ་ (法稱) ཞེས་ཞུ་ཞིང་། དེ་ཡང་ལེགས་སྦྱར་གྱི་དྷརྨ་ཆོས་དང་། ཀིརྟི་ཞེས་པ་གྲགས་པ་སྟེ་བོད་སྐད་ཀྱི་མཚན་དུ་ཆོས་གྲགས་སམ་ཆོས་ཀྱི་གྲགས་པ་ཞེས་སུ་བསྒྱུར་བ་ལྟར་གསུང་རྩོམ་ཁག་གི་མཛད་བྱང་དུའང་ལེགས་སྦྱར་གྱི་དྷརྨ་ཀིརྟི་དང་། བོད་སྐད་དུ་དཔལ་ཆོས་ཀྱི་གྲགས་པ་ཞེས་སཾ་བོད་གཉིས་ཀའི་མཚན་གསལ་བ་ལས། མཚན་གྱི་རྣམ་གྲངས་གཞན་ཡོད་ཚུལ་རྣམ་ཐར་དང་། མཛད་བྱང་ཁག་ཏུ་མི་གསལ་ཞིང་། ཆོས་གྲགས་ཞེས་པའི་མཚན་འདི་ཉིད་དཔལ་ནཱ་ལེནྡྲའི་སྔོན་གྱི་ལམ་སྲོལ་ལྟར་བླ་མའི་མཚན་གྱི་ཆ་ཤས་སློབ་མར་སྩལ་སྲོལ་ཡོད་པ་ལྟར། དཔལ་ནཱ་ལེནྡྲའི་མཁན་པོ་དཔལ་ལྡན་ཆོས་སྐྱོང་གི་དྲུང་ནས་རབ་ཏུ་བྱུང་བས་སློབ་དཔོན་གྱི་མཚན་གྱི་ཆ་ཤས་ལས་དྲངས་ཏེ་ཆོས་གྲགས་ཞེས་མཚན་ཐོགས་པའོ།།
དེ་བཞིན་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[4]།
ཟབ་མོའི་ཆོས་ལ་གཟིགས་པ་ཕུན་སུམ་ཚོགས། །
རྒྱ་ཆེའི་ཆོས་ལ་ཤེས་རབ་རྣམ་པར་དག །
འཕགས་པའི་ཆོས་ལ་རང་དབང་ཤིན་ཏུ་འབྱོར། །
ཆོས་ཀྱི་དབང་ཕྱུག་ཆོས་རྗེ་ཆོས་གྲགས་ཞབས། །
ཞེས་གསུངས་པ་ལྟར་ཆོས་གྲགས་ཀྱི་སྐད་དོད་ལེགས་སྦྱར་སྐད་དུ་དྷརྨ་ཞེས་པའི་སྒྲ་དོན་ནི། རྨ་བྱ་བྱང་ཆུབ་བརྩོན་འགྲུས་ (?-1185) ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་འཐད་པའི་རྒྱན་ལས[5]། དྷརྨ་ཞེས་པའི་སྒྲ་དྷ་ར་ཎ་འཛིན་པ་ཡིན་པས་རང་གི་མཚན་ཉིད་འཛིན་པ་དང་། ལྟུང་བ་ལས་འཛིན་པ་ལས། དང་པོ་ནི། ཆོས་ཐམས་ཅད་བདག་མེད་པ་ཞེས་པ་ལྟ་བུ་ཤེས་བྱ་ཟག་བཅས་ཟག་མེད་ཐམས་ཅད་རང་རང་གི་མཚན་ཉིད་འཛིན་པའི་དོན་གྱིས་ན་ཆོས་སོ། །གཉིས་པ་ལ་ཡང་བྱེ་བྲག་འགྲོ་བ་ངན་པར་ལྟུང་བ་ལས་འཛིན་པ་དང་། སྤྱིར་འགྲོ་བ་ལྔའི་འཁོར་བར་ལྟུང་བ་ལས་འཛིན་པ་གཉིས་ལས། དང་པོ་ནི།
འཇིག་རྟེན་འདི་དང་ཕ་རོལ་ཏུ། །ཆོས་སྤྱོད་པ་ནི་བདེ་བར་ཉལ། །
ཞེས་པ་ལྟ་བུ་ལས་འབྲས་ལ་ཡིད་ཆེས་པའི་དད་པའམ། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་བརྟེན་ནས་ཕྱི་རོལ་པ་ཁ་ཅིག་ལ་ཡང་ཡོད་དུ་རུང་བ་དགེ་བ་བཅུ་སྤྱོད་པ་དང་། འཇིག་རྟེན་གྱི་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ལྟ་བུའོ། །གཉིས་པ་ནི། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཞེས་པ་ལྟ་བུ་སངས་རྒྱས་པའི་སྐྱབས་གནས་ཀྱི་ཆོས་ཐུན་མོང་མ་ཡིན་པ་རྟོགས་པའི་ཆོས་རྣམས་རྣམ་བྱང་གི་བདེན་པ་གཉིས་དང་དེ་ལ་འཇུག་པ་ལུང་གི་ཆོས་ཏེ།
སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །
ཞེས་གང་གསུངས་པའོ། །ཞེས་བྱུང་བ་ལྟར་ཡིན་ལ། གཞན་ཡང་ཀཱིརྟི་བརྗོད་པ་དང་། ཀཱིརྟིཿཁང་བཟང་། ཀིརྟི་ནི་གྲགས་པ་ལ་འཇུག་པ་སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ལས་[6]བྱུང་ཡང་། སཾ་བོད་སྐད་གཉིས་ཤན་སྦྱར་གསེར་གྱི་ཕྲེང་མཛེས་ལས[7]། ཀིརྟི་བསྟར་བ་དང་། ཕྲེང་བ་བཅས་ལ་འཇུག་པ་དང་། ཀིརྟིཿགྲགས་པ། ཀིརྟི་བརྗོད་པ། ཀཱརྟིཿཁང་བཟང་བཅས་ལ་འཇུག་པར་གསལ་བས་རིང་ཆ་དང་རྣམ་བཅད་ཡོད་མེད་ལ་མི་མཐུན་ཞིང་། བོད་ཀྱི་ཡིག་ཆ་ཁག་ཏུ་ཀིརྟི་ཞེས་རིང་ཆ་དང་རྣམ་བཅད་མེད་པ་བྲིས་པ་མང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ཤོག་གྲངས་ ༩༣༧
[2] སྣར་ཐང་བསྟན་འགྱུར་དང་། པེ་ཅིང་བསྟན་འགྱུར་གཉིས་སུ། དྷརྨཱ། ཞེས་བྱུང་ངོ་།།
[3] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཆོས་བསྟོད། དཔེ་རིང་ཤོག་ ༡ན༡ ནས་ ༣ན༥ བར།
[4] འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༡༥༤
[5] རྩ་ཤེས་འགྲེལ་པ་འཐད་པའི་རྒྱན། དབུ་མ། དཔེ་རིང་། ཤོག་གྲངས་ ༢ན༤
[6] སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༣༧
[7] སཾ་བོད་སྐད་གཉིས་ཤན་སྦྱར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༢༢༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༥ ནས་ ༣༥༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།