ཏ༽ གནས་མཆོག་རི་བོ་བྱ་རྐང་ངོ་སྤྲོད།

ཏ༽ གནས་མཆོག་རི་བོ་བྱ་རྐང་ངོ་སྤྲོད།

༡༽ ཐོག་མའི་གླེང་གཞི།

 

དེ་ཡང་བླ་མ་རྡོ་རྗེ་གདན་པས་ (ཕལ་ཆེར་དུས་རབས་ 11 པ།) མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་གསོལ་འདེབས་ལས[1]།

ནགས་ཚལ་ནང་དུ་དཀའ་ཐུབ་མཛད། །བྱམས་པའི་ཞལ་གཟིགས་བསྟན་བཅོས་བརྩམས། །

ཐོགས་པ་མེད་པ་ཞེས་བྱ་བའི། །བླ་མ་དེ་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་སྒྲུབ་ཡུལ་གནས་མཆོག་རི་བོ་བྱ་རྐང་ནི། བདག་ཅག་གི་སྟོན་པ་མཉམ་མེད་བཀའ་དྲིན་ཅན་གྱིས་འཇམ་དཔལ་གྱི་ཆོས་བཀའ་སྩལ་ཡུལ་དང་། སྟོན་པའི་གཏད་རབས་བདུན་གྱི་ཐོག་མ་ཉན་ཐོས་ཆེན་པོ་འོད་སྲུང་གི་སྐུ་གདུང་བཞུགས་གནས་སམ། འགོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་རྗེ་བཙུན་བྱམས་པ་འཛམ་བུའི་གླིང་དུ་མ་བྱོན་བར་དུ་སྐུ་གསོན་པོར་བཞུགས་པའི་གནས་དང་། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་བགྲང་བྱ་བཅུ་གཉིས་རིང་སྒྲུབ་པའི་གནས་ཁྱད་དུ་འཕགས་པའི་ཁྱད་ཆོས་གསུམ་དང་ལྡན་ཞིང་། གཞན་ཡང་སློབ་དཔོན་ཤེས་རབ་བྱང་ཆུབ་སྐུ་འཁྲུངས་པའི་ཡུལ་དང་ཉེ་བར་ཆགས་པའི་གནས་མཆོག་ཅིག་ཀྱང་ཆགས་ཡོད།

རི་བོ་བྱ་རྐང་གི་མིང་གྲུབ་ཚུལ་ནི། རྒྱ་གར་སྐད་དུ། ཀུ་ཀྐུ་ཏཱ་པཱ་ཏ་གི་རི་ (Kukkutapadagiri) སྟེ། སྤྱིར་ཀུ་ཀྐུ་ཏཱ་ (Kukkuta-कुक्कुट) ཞེས་པ་གོ་དོན་མི་འདྲ་བ་ཉེར་གསུམ་ཙམ་ལ་འཇུག་པ་ཡོད་ཀྱང་། ལེགས་སྦྱར་གྱི་སྐད་དུ་ཁྱིམ་བྱ་ལ་འཇུག་པ་དང་། པཱ་ཏ་ (Pāda) རྐང་པར་གོ་ཞིང་། གི་རི་ (giri गिरी) ཞེས་པ་རི་བོའི་དོན་ཡིན་པས། རང་རེའི་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དག་གིས་རི་བོ་བྱ་རྐང་ཞེས་བསྒྱུར་ཡོད། དེ་ལྟའི་རི་བོ་བྱ་རྐང་ནི། བསྟན་པའི་གཏད་རབས་བདུན་གྱི་ཐོག་མ་ཉན་ཐོས་ཆེན་པོ་འོད་སྲུང་གནས་དེར་བྱོན་ཏེ་སྐུ་གདུང་མ་ཉམས་པར་བྱིན་གྱིས་བརླབས་ནས་བཞུགས་ཡོད་པའི་ལོ་རྒྱུས་དང་། ཅིག་ཤོས་ནི་བཀའི་དགོངས་པ་འགྲེལ་བ་ལ་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་གནས་འདིར་ཡུན་རིང་རྗེ་བཙུན་བྱམས་མགོན་བསྒྲུབས་ནས་རྒྱལ་བ་བྱམས་པ་མགོན་པོས་རྗེས་སུ་བཟུང་བའི་ལོ་རྒྱུས་གཉིས་ལྡན་སོགས་ཀྱི་བྱུང་རབས་འཕེལ་འགྲིབ་དང་། ངོས་འཛིན་ཚུལ་སོགས་ལ་རགས་ཙམ་དཔྱད་པར་བྱའོ།།  །།

 

༢༽ རྒྱའི་ཡིག་ཆར་གསལ་བའི་བྱུང་རབས།

དེ་ཡང་རྒྱའི་བཙུན་པ་ཧྥ་ཤཱན་ (CE374-462) གྱིས་མཛད་པའི་ཧྥ་ཤཱན་ལམ་ཡིག་ལས[2]།

རྔམ་བརྗིད་རི་བོ་བྱ་རྐང་ཅན། །

འོད་སྲུང་ཆེན་པོ་བཞུགས་པའི་གནས། །རི་འདིར་དགྲ་བཅོམ་མང་ཡོད་ཚུལ། །

ཞེས་བྱུང་སྟེ། དེ་ནས་ལྷོ་ཕྱོགས་སུ་རྒྱང་གྲགས་གསུམ་དུ་བགྲོད་ནས། རི་བོ་བྱ་རྐང་ཞེས་པར་འོང་ལ། ད་ལྟ་འོད་སྲུང་ཆེན་པོའི་སྐུ་ལུས་ནི་དེ་ན་འདུག །དེ་ཉིད་ཀྱིས་རིའི་ཞོལ་ནས་ཕུག་ཅིག་གི་ནང་དུ་གཞུག་ནས་མི་གཞན་པ་གཅིག་ཀྱང་གནས་དེར་གཞུག་ཏུ་མ་མཛད་དོ། །བུག་སྒོ་ནས་ཆེས་རིང་བའི་སར་འོད་སྲུང་ཆེན་པོའི་སྐུ་ལུས་ཧྲིལ་པོར་ཡོད་དོ། །ཁུང་བུའི་ཕྱི་རོལ་གྱི་ས་གཞིར་འོད་སྲུང་གིས་ཕྱག་འཁྲུ་བ་གནང་བའི་ཤུལ་ཡོད་ལ། ཡུལ་དེའི་སྐྱེ་བོ་དག་གིས་མགོ་བོ་ན་བ་བྱུང་ན་ས་དེས་མཉེ་བ་བྱས་ན་ནད་འབྱང་ངོ་།།

རི་འདིའི་ནུབ་ངོས་སུ་དགྲ་བཅོམ་པའི་གནས་གཞི་འདུག །ཡུལ་འདི་དག་གི་རྒྱལ་ཁམས་མཐའ་དག་གི་མཁས་པ་དང་དཔོན་པོ་རྣམས་ཀྱིས་འོད་སྲུང་ལ་ཕྱག་འཚལ་བའི་སླད་དུ་འོང་ངོ་། །གཞུང་དོན་ལ་དོགས་པ་སྐྱེ་ཞིང་འོངས་པའི་སྐྱེ་བོ་དག་ལ་མཚན་མོའི་དུས་སུ་དགྲ་བཅོམ་པ་དག་འོངས་ནས་དེ་དག་དང་བགྲོ་བར་མཛད་པ་ལས། དོགས་པ་དག་ཆོད་པར་གནང་ཟིན་པའི་རྗེས་སུ་མི་སྣང་བར་གྱུར་པ་ནི་མཐོང་གིན་འདུག །རི་བོ་འདི་ལ་གཡོགས་པའི་ཤིང་ལྗོན་པ་རྣམས་ནི་ཤིན་ཏུ་སྟུག་ལ་ཡལ་འདབ་ཆེ་བར་ཡོད་ཅིང་། སེངྒེ་དང་། སྟག་དང་། ཅེ་སྤྱང་མང་བས་མི་འཇིགས་པར་འགྲོ་མི་རུང་ངོ་། །ཞེས་གསལ་ལོ།།

དེ་བཞིན་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་བརྩམས་པའི་རྒྱ་གར་དུ་འབྱོར་བའི་ཐང་གི་བཙུན་པ་ལས[3]། བྱ་རྒོད་ཕུང་རི་དང་། རི་བོ་བྱ་རྐང་སོགས་གནས་ཆེན་དུ་མར་ཞབས་ཀྱིས་བཅགས། ཞེས་གསལ་ལ། གཞན་ཡང་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ། ཡོངས་གྲགས་ཐང་སན་ (603-664) ལམ་ཡིག་ལས[4]། ཆུ་ཀླུང་ཆེན་པོ་བརྒལ་ནས་ཤར་ཕྱོགས་སུ་ནགས་ཚལ་ཆེན་པོ་ཞིག་བརྒྱུད་དེ་ཐང་ལ་རྒྱང་གྲགས་བརྒྱ་ཙམ་བགྲོད་པ་ན། ཀུ་ཀུ་ཊ་པཱ་ར་སྟེ་བྱ་རྐང་ཞེས་པའི་རི་བོ་ཡོད། རི་དེ་ཤང་ཤོང་མི་མཉམ་ཞིང་འགྲོ་དཀའ་བ། བྲག་ཕུག་ཟབ་མོ་མང་པོ་ཡོད་པའི་བྲག་ཤིན་ཏུ་མཐོ་བ་གསུམ་ཡོད་པའི་དབུས་སུ་འཕགས་པ་འོད་སྲུང་ཆེན་པོའི་གདུང་བཞུགས། འོད་སྲུང་གི་ཕྱག་ན་སྟོན་པ་ལ་སྐྱེ་རྒུའི་བདག་མོས་ཕུལ་བའི་ཆོས་གོས་ཐོགས་ཏེ་དྲན་པ་ཉེ་བར་འཇོག་བཞིན་བཞུགས་པ། མ་འོངས་པ་ན་རྗེ་བཙུན་བྱམས་མགོན་འཇིག་རྟེན་དུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལན་གསུམ་གྱི་མཐར། རི་ལ་འཛེགས་ཏེ་རི་གསུམ་པོ་དེ་སོ་སོར་ཕྱེ། སེ་གོལ་གྱི་སྒྲས་ཏིང་ངེ་འཛིན་ལས་སད་པར་མཛད་ནས། འཕགས་པ་འོད་སྲུང་གིས་ཆོས་གོས་དེ་བྱམས་མགོན་ལ་ཕུལ། ཕྱག་དང་བསྐོར་བ་བྱས་ནས་ནམ་མཁར་འཕགས་ཏེ་རྫུ་འཕྲུལ་སྣ་ཚོགས་བསྟན་ཅིང་སེམས་ཅན་ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་ཏེ། ལྷག་མ་མེད་པའི་མྱ་ངན་ལས་འདས་ཤིང་། རང་གི་བསམ་གཏན་གྱི་མེས་རང་ལུས་སྦྱོང་སྐད། རི་བོ་དེའི་སྤོ་ལ་མཆོད་རྟེན་ཞིག་ཡོད་པ་རྒྱང་ནས་བལྟས་ཚེ་ཆེས་མདངས་གསལ་བ་ཞིག་ཏུ་མཐོང་ཡང་། རི་ལ་འཛེགས་པ་ན་ཅང་མི་སྣང་བར་འགྱུར། ཞེས་གསལ་བ་ལྟར་རྒྱའི་བཙུན་པ་རྣམས་ཀྱི་གནས་ཡིག་ཏུ་གསལ་བ་བཞིན་བར་ལམ་གསར་དུ་རྙེད་པའི་རི་བོ་བྱ་རྐང་འདི་ཉིད་སྔར་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་སྒྲུབ་པའི་གནས་མཆོག་དེ་ཉིད་ཡིན་པ་ངེས་ཤེས་འདྲོངས་པ་ཞིག་ཏུ་གྱུར་ཡོད།

ཡང་དེ་ཉིད་ལས། རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་ལེ་དབར་བརྒྱ་ལྷག་ཙམ་ན་རི་བོ་བྱ་རྐང་ཅན་ཡོད་དེ། སྤོར་མཆོད་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་དུས་བཟང་རྣམས་ལ་འོད་འཕྲོ་བ་ཞིག་ཡོད་ལ། ནགས་ཚལ་སྟུག་པོས་གཏམས་པ། གཅན་གཟན་རྒྱུ་བའི་གནས་ཡིན་པས་འགྲུལ་ལམ་ཆད་ནས་ལོ་མང་པོ་སོང་ཟེར། ངེད་ཀྱིས་རྒྱལ་པོ་ལ་གནས་མཇལ་དགོས་ཚུལ་ཞུས་པར་གནང་སྟེ། འཁོར་གསུམ་དང་མདུང་རལ་ཐོགས་པ་སུམ་བརྒྱ་སྲུང་མར་བཏང་། དད་ལྡན་ཁྲི་ཕྲག་རྗེས་སུ་འབྲངས་ནས་ཕྱིན། ཤིན་ཏུ་འཛེགས་དཀའ་བས་སྤོ་ལ་སུམ་སྟོང་ལས་མ་ཐར་སྐད། དེར་ཕྱག་མཆོད་བྱ་གསུངས། ཞེས་བྱུང་བ་ལྟར་ཧྥ་ཤཱན་ལམ་ཡིག་ལས་ལྷོ་ཕྱོགས་སུ་རྒྱང་གྲགས་གསུམ་དང་། ཐང་སན་ (603-664) ལམ་ཡིག་ལས་ཤར་ཕྱོགས་སུ་ནགས་ཚལ་ཆེན་པོ་ཞིག་བརྒྱུད་དེ་ཐང་ལ་རྒྱང་གྲགས་བརྒྱ་ཙམ་ཞེས་མི་མཐུན་པར་གསལ་ལོ།།   །།

༼རྒྱང་རིང་ནས་མཇལ་བའི་རི་བོ་བྱ་རྐང་གི་དབྱིབས་དང་། རི་རྩེར་ཆགས་པའི་མཆོད་རྟེན།༽

 

༣༽ རི་བོ་བྱ་རྐང་གི་དབྱིབས་བཀོད།

རི་བོ་བྱ་རྐང་གི་དབྱིབས་བཀོད་སོགས་ཇི་ལྟ་བུ་ཞིག་ཡོད་པ་ནི། ལོ་ངོ་ཆིག་སྟོང་ལྔ་བརྒྱ་ཙམ་གྱི་གོང་དུ་འདིར་གནས་སྐོར་དུ་ཕེབས་མྱོང་བ་རྒྱའི་བཙུན་པ་སྡེ་སྣོད་གསུམ་པས་ནུབ་ཕྱོགས་ལམ་ཡིག་ཏུ། རི་བོ་འདི་ཉིད་ཤིན་ཏུ་མཐོ་ཞིང་ངོས་མི་མཉམ། ལུང་གཤོང་དང་གཅོང་རོང་རྣམས་འབིགས་པར་དཀའ། ཕྱོགས་རྣམས་ནས་འུར་ཟིང་སྒྲོག་པའི་ཆར་ཆུ་ཐུར་དུ་འབབ། ཤིང་ནགས་མཐུག་པོས་ལུང་གཤོང་ཐམས་ཅད་བཏུམས། བྲག་ཕུག་གི་མཐོ་ཚད་ཀྱི་བར་དུ་སྡོང་ལྡུམ་གྱིས་ཡོངས་སུ་འཁྲིལ། དེ་དག་ལས་ནམ་མཁར་ལྡིང་བ་ནི་རི་བོ་རྩེ་གསུམ་པ་ཞིག་གོ །དེ་དག་གི་རྩེ་མོ་རྣམས་ནི་འཆི་མེད་ལམ་གྱི་མཁའ་རླངས་ཀྱིས་བསྐོར་ནས་སྤྲིན་ཕུང་གི་དཀྱིལ་ནས་རྩེ་མོ་རྣམས་མཐོང་མི་ཐུབ་པའི་ཚུལ་དུ་ཡོད་ཅེས་སོགས་གསུངས་ལ། དེ་བཞིན་བཙུན་པ་སྡེ་སྣོད་གསུམ་པའི་སྔོན་དུ་རི་བོ་བྱ་རྐང་ལ་ཕེབས་མཁན་རྒྱའི་བཙུན་པ་ཧྥ་ཤཱན་ནམ་ཆོས་སྣང་གི་ལམ་ཡིག་ཏུའང་། རི་བོ་ཚང་ཚིང་དེ་ཉིད་མཐུག་ཅིང་འཛིང་ཆེ། ཁྱད་པར་དུ་སེང་གེ་དང་། སྟག །སྤྱང་ཀི་སོགས་མྱུལ་ནས་ཡོད་པས་བག་ཟོན་ཤིན་ཏུ་མི་ཆེ་བར་བགྲོད་ཐུབ་མི་སྲིད། ཅེས་གསུངས་པ་ལྟར་སྔར་ནས་གནས་འདིར་ལས་སླ་པོར་བསྐྱོད་ཐུབ་པ་ཞིག་མིན་འདུག །སྔར་ལ་ལྟོས་ན་དེང་གི་ཆར་ཧ་ཅང་སྟབས་བདེ་ལ་ཉེན་ཁ་ཆུང་ཡང་རིའི་གཟུགས་དབྱིབས་ནི་རང་འཇགས་ཡིན་པ་སྨོས་མེད་ལྟར། ཕྱི་ལོ་ ༡༨༡༢ ལོར་དབྱིན་ཇིའི་ཉམས་ཞིབ་པ་ (Francis Buchanan) བྷུ་ཀེ་ནན་ཞེས་པ་འདིར་ཡོང་སྐབས་འཛེགས་མ་ཐུབ་པས། རི་རྩེ་དེ་ཤིན་ཏུ་མཐོ་ཞིང་འབར་འབུར་མང་བས་ངོས་རང་འཛེགས་མ་ཐུབ། ཅེས་བྲིས་ཡོད།

ནང་དུ་འཛུལ་ཚེ་བཙུན་པ་སྡེ་སྣོད་གསུམ་པས་གནས་བརྟན་འོད་སྲུང་ཆེན་པོ་སླར་ཡང་བྲག་ཕར་ཚུར་འཁྱིལ་བའི་དབུས་ནས་བགྲོད་ལམ་རྙེད་དེ་བྱང་ཤར་གྱི་རི་རྩེ་ནས་ཕྱིར་ཐོན་པར་གསུངས་པ་བཞིན་བྲག་གི་བར་སྟོང་དེ་ནས་ཡར་མར་ཁ་ཤས་འཁྱོག་ཅིང་འཛེགས་ཏེ་ཕྱི་རོལ་ཏུ་ཐོན་པ་ན་ཉི་འོད་འཕྲོ་བའི་དབུས་རིའི་རྩེ་མོར་དངོས་སུ་སླེབས་ཤིང་། རི་རྩེ་ནས་གཡས་གཡོན་གྱི་རི་གཉིས་པོ་མཇལ་བའི་ཚེ་གཉིས་ཀས་རང་རང་གི་གཟི་བརྗིད་ངོམ་བཞིན་པ་ལྟ་བུའི་རྔམ་བརྗིད་ཆེ་བར་མངོན། ད་དུང་དེ་ལས་ཀྱང་ཐག་རིང་པོའི་བར་དུ་མཐོང་ཐུབ་པའི་འཛད་མཐའ་མེད་པའི་ཡུལ་ལྗོངས་དེ་དག་ལ་བལྟས་ན་གནས་སྐབས་རིང་འཇིག་རྟེན་ན་རང་ཉིད་ལས་མཐོ་བ་ཨེ་ཡོད་ན་སྙམ་པའི་ཁེངས་པ་ཞིག་ཀྱང་སྟེར་ཞིང་། དེ་ནི་ཉོན་མོངས་ལས་བྱུང་བའི་ཁེངས་པ་ཞིག་མ་ཡིན་པར་དད་མོས་ཀྱི་དགའ་ཚོར་དང་ལོ་རྒྱུས་ཀྱི་དྲན་གསོས་སྟེར་བའི་ཁེངས་པ་ཞིག་ཡིན་པར་མངོན་ནོ།།  །།

 

༤༽ བོད་ཡིག་ཏུ་གསལ་བའི་བྱུང་རབས།

དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་བྱུང་ལས[5]། དེ་ནས་གུར་པ་པརྤ་ཏ་སྟེ། གསུང་རབ་ལས་ཀུ་ཀ་ཀུ་ཊ་པཱ་ད་པརྤ་ཏ། རི་བོ་བྱ་རྐང་ཅན་དུ་གྲགས་པ། ཞེས་གསུངས་པ་ལྟར། གནས་འདིར་རྒྱ་གར་གྱི་སྐད་དུ་ཀུཀྐུ་ཊ་པཱ་ད་གི་རི་ཞེས་པ་སྟེ། བོད་སྐད་དུ་རི་བོ་བྱ་རྐང་ཞེས་སུ་གྲགས་ལ། གུ་རུ་པཱ་ད་ཞེས་ཀྱང་འབོད། ཀུཀྐུ་ཊ་ཞེས་པ་ནི་བྱ་དེ་ལ་གོ་བས་རྒྱ་ནག་གི་སྐད་དུ་ཡང་ཅི་ཛུ་ཧྲན་ཞེས་བྱ་དེ་ཕོའི་རྐང་པའི་རི་ཞེས་པར་བསྒྱུར་ཡོད། པཱ་ད་ཞེས་པ་ནི་རྐང་པ་ལ་གོ་བས་གུ་རུ་པཱ་ད་ཞེས་པ་འདི་བླ་མའི་ཞབས་ཞེས་པར་བསྒྱུར་ན་བཟང་བར་སྙམ། དེང་སང་རྒྱ་གར་བ་རྣམས་ཀྱིས་ལེགས་སྦྱར་རང་གི་མིང་རྙིང་པ་ལས་ཀྱང་གུ་རུ་པཱ་ད་ཞེས་འབོད་པའམ་ཡང་ན་དེ་བསྡུས་ནས་གུར་པ་ཞེས་འབོད་སྲོལ་ཆེའོ།།

གཞན་ཡང་ཀུ་ཀུཎྜ་པདྷ་གྷི་རི་དང་། ཀུ་ཀུ་ཊ་པཱ་ར། ཀུ་ཀུ་རྟ་པཱ་རྡ་སོགས་དག་སྡེབ་འབྲི་ཚུལ་སྣ་ཚོགས་ཤིག་མཆིས་མོད། དོན་ལ་རི་བོ་བྱ་རྐང་སྟེ། རིའི་རྩེ་མོ་གསུམ་ཅན་བྱ་རྐང་གི་དབྱིབས་དང་མཚུངས་པས་མཚན་ལའང་རི་བོ་བྱ་རྐང་ཞེས་ཐོགས་ཤིང་། རི་བོ་བྱ་གག་རྐང་པའམ། བསྡུས་མིང་བྱ་རྐང་དུའང་འབོད་པ་སྟེ། རི་བོ་བྱ་རྐང་ནི་སྟོན་པས་རྫུ་འཕྲུལ་དང་ལྡན་པའི་གསེར་བྱ་དེ་ཕོ་མངགས་ཏེ་བསྟན་པ་ཡུན་གནས་ལ་ཕན་པའི་དབེན་གནས་ཁྱད་འཕགས་ཚོལ་བར་བཏང་བས་གནས་བརྙེད་པ་ན་བྱའི་རྐང་རྗེས་བརྫིས་ཏེ་རྩ་བ་གཅིག་ལ་མདུན་དུ་བརྐྱངས་པ་རི་གསུམ་དང་རྒྱབ་ཏུ་བརྐྱངས་པ་གཅིག་སྟེ་བྱའི་རྐང་པའི་དབྱིབས་བྱས་སོ་[6]ཞེས་ཀྱང་བྱུང་ངོ་།།

གནས་འདིར་སྔོན་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་ཉིད་ཀྱིས་ཀྱང་ཆོས་འཁོར་བསྐོར་མྱོང་བ་ནི། ༸རྒྱལ་དབང་ལྔ་པ་ཆེན་པོས་ (1617-1682) མཛད་པའི་འཇམ་དཔལ་ཚེ་བདག་ནག་པོའི་ལས་བྱང་སྲིད་གསུམ་རྣམ་རྒྱལ་ལས[7]། སྔོན་དུས་རྒྱལ་བས་རི་བོ་བྱ་རྐང་དུ། །རྒྱུད་འདི་གསུངས་ཚེ་སྐུ་ལས་འོད་ཟེར་འབུམ། །རེ་རེའི་རྩེ་ལ་འདབ་ལྡན་པདྨའི་སྟེང་། །སྤྲུལ་པའི་སྐུ་རེས་ཕྱོགས་བཅུའི་འཇིག་རྟེན་དུ། །ཆོས་འཁོར་བསྐོར་ལྟར་བདག་གིས་འཇམ་དཔལ་གྱི། །ཆོས་འདི་བསྒྲགས་པས་སེམས་ཅན་ཐམས་ཅད་ཀྱི། །རྒྱུད་ལ་སྐྱེ་མེད་ཡོངས་སུ་ཐོབ་པ་དང་། །འཛིན་མེད་རང་གྲོལ་འགྱུར་བའི་རྒྱུར་གྱུར་ཅིག །ཅེས་གསུངས་པ་ལྟར་སྔོན་རི་བོ་བྱ་རྐང་དུ་སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་འཇམ་དཔལ་ཚེ་བདག་ནག་པོའི་ཆོས་འཁོར་བསྐོར་བར་གསུངས་ལ། གཞན་ཡང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་གསན་ཡིག་གདེངས་ཅན་རོལ་པའི་ཆུ་གཏེར་ལས[8]།

འོད་སྲུང་རང་གིས་མ་མོ་ལེགས་པར་བསྡུས། །འོད་སྲུང་སྔོན་དུས་ཀླུ་རིགས་སྒྲོན་མའི་ཚེ། །

ཉན་ཐོས་གྱུར་པས་ཤཱཀྱ་ཐུབ་བསྟན་ལ། །སྨན་པར་སྨོན་པའི་འབྲས་བུ་མངོན་བགྱིས་ནས། །

འཕགས་པ་ཀུན་དགའ་བོ་ལ་བསྟན་པ་གཏད། །བདེ་གཤེགས་མཆོད་རྟེན་རྣམས་དང་སིངྒ་ལ། །

སུམ་ཅུ་རྩ་གསུམ་སྟོན་པའི་ཚེམས་བཞུགས་པའི། །གནས་དེ་རྣམས་སུ་རྫུ་འཕྲུལ་མཐུ་ཡིས་ཕྱིན། །

བྱ་རྐང་རི་བོ་ཟུམས་པར་སྟོན་པའི་སྐུའི། །སྣམ་སྦྱར་སྐུར་བགོས་མ་འོངས་བྱམས་པས་ཀྱང༌། །

ལེགས་པར་གཟིགས་ནས་འགྲོ་མང་གདུལ་འགྱུར་བར། །བྱིན་རླབས་མྱ་ངན་འདའ་ཚུལ་བསྟན་པའི་གདུང༌། །

མ་སྐྱེས་དགྲ་ཡིས་སླར་མཇལ་མཆོད་རྟེན་བརྩིགས། །

ཞེས་གསུངས་པ་ལྟར་གནས་བརྟན་ཆེན་པོ་འོད་སྲུང་མྱ་ངན་འདས་རྗེས་རི་བོ་བྱ་རྐང་དུ་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་མཛད་དེ་སྐུ་གདུང་མཆོད་རྟེན་བཞེངས་པར་གསུངས་སོ།།  །།

(རི་བོ་བྱ་རྐང་དུ་བཞུགས་པའི་འོད་སྲུང་ཆེན་པོའི་སྣང་བརྙན།)

དེ་ཡང་ཉན་ཐོས་འོད་སྲུང་ཆེན་པོ་འགོག་པ་ལ་བཞུགས་པའི་ལོ་རྒྱུས་ནི། ཉན་ཐོས་འོད་སྲུང་ཆེན་པོས་ལྔ་བརྒྱ་ཡང་དག་པར་བསྡུས་པས་སྡེ་སྣོད་གསུམ་གྱི་བཀའ་ཡི་བསྡུ་བ་ལེགས་པར་གནང་དུ་ཟིན་ནས་བཅོམ་ལྡན་འདས་ཀྱིས་འོད་སྲུང་ཁོ་རང་ལ་ལུང་བསྟན་པ་ལྟར་གྱི་བསྟན་པ་གཏད་པའི་བྱ་བ་མ་ལུས་པ་མཛད་དུ་ཟིན་ཅིང་། ད་ནི་ཕུང་པོའི་ཁུར་དང་ལུས་རྣག་ཅན་འདིས་ཀྱང་སྐྱོ་ན། མྱ་ངན་ལས་འདའ་བའི་དུས་ལ་བབ་བོ་དགོངས་ནས་ཀུན་དགའ་བོ་ལ་བསྟན་པ་གཏད། ལྷ་ཀླུ་མི་གསུམ་གྱི་ཡུལ་རྣམས་སུ་བཞུགས་པའི་སྟོན་པའི་སྐུ་གདུང་དང་ཚེམས་ཆེ་བ་རྣམས་ལ་མཆོད་པ་མཛད། རྒྱལ་པོའི་ཁབ་ཏུ་རྒྱལ་པོ་མ་སྐྱེས་དགྲ་ལ་སྔར་དམ་བཅས་པ་བཞིན་གྱིས་མྱ་ངན་ལས་འདའ་ཞེས་པའི་བརྡ་སྤྲད། རི་བོ་བྱ་གག་རྐང་པའམ། བསྡུས་མིང་བྱ་རྐང་དུ་འབོད་པའི་རི་བོར་བྱོན་ནས། རི་གསུམ་འདུས་པའི་དབུས་སུ་རྩྭ་བཏིང་བའི་གདན་ལ་བཞུགས་ནས། སྟོན་པ་མྱ་ངན་ལས་འདའ་སྐབས་གདུང་རིང་བསྲེལ་གྱི་སྐལ་བར་ཐོབ་པའི་ཆོས་གོས་བསྣམས་སྦྱར་པང་དུ་བསྣམས་ནས་ནམ་ཞིག་མི་ཕམ་མགོན་གྱི་གསུང་རབ་རྒྱས་པར་གྱུར་པ་དེ་སྲིད་དུ་སྐུ་གདུང་མ་ཉམས་པར་བྱིན་གྱིས་བརླབས་ནས་འགོག་པ་ལ་མཉམ་པར་བཞག་སྟེ་རི་བོ་བྱ་རྐང་གི་སྦུག་ན་བཞུགས་པ་གནོད་སྦྱིན་རྣམས་ཀྱིས་སྦས་ནས་རི་བོ་རྣམས་བྱ་ཡི་སྦར་བ་གདངས་པ་ལྟར་དུ་བྱས། མ་སྐྱེས་དགྲས་འོད་སྲུང་ཆེན་པོ་འདས་པ་ཐོས་ནས་ཀུན་དགའ་བོས་ལམ་བསྟན་ཏེ་རི་བོ་བྱ་རྐང་དུ་འོད་སྲུང་ཆེན་པོའི་སྐུ་ཡོད་སར་ཕེབས་པ་ལས་བཏོན་ནས་ཞུགས་འབུལ་བྱེད་བསམས་ཏེ་མེ་ཤིང་འཐུ་བ་སོགས་ཀྱི་གྲབས་བྱེད་པ་ན་ཀུན་དགའ་བོས། རྒྱལ་པོ་ཆེན་པོ་འོད་སྲུང་ཆེན་པོའི་སྐུ་གདུང་ནི་བྱམས་པའི་གསུང་རབ་རྒྱས་ཀྱི་བར་དུ་མི་ཉམས་པར་བྱིན་གྱིས་བརླབས་ཏེ། ནམ་ཞིག་བྱམས་པ་འཁོར་ཉན་ཐོས་བྱེ་བ་ཕྲག་དྲུག་ཅུ་རྩ་དགུས་བསྐོར་ནས་འདིར་བྱོན་པར་འགྱུར་རོ།།

བྱོན་ནས་ཀྱང་འཕགས་པའི་ལུས་འདི་ཉན་ཐོས་དེ་དག་ལ་བསྟན་ཏེ་འདི་ནི་འོད་སྲུང་ཆེན་པོ་ཞེས་བྱ་བ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉན་ཐོས་སྦྱངས་པའི་ཡོན་ཏན་འཆང་བའི་མཆོག་ཏུ་གྱུར་པ་སྟེ། འདིས་ཐུབ་པ་དེའི་བསྟན་པ་ཡང་དག་པར་བསྡུས་སོ་ཞེས་ཉན་ཐོས་རྣམས་ལ་བསྟན་པ་དང་། དགེ་སློང་བྱེ་བ་ཕྲག་དྲུག་ཅུ་རྩ་དགུས་སྦྱངས་པའི་ཡོན་ཏན་ཡང་དག་བླངས་ནས་ཅི་ནུས་ཀྱིས་བསྒྲུབས་ཏེ། དགྲ་བཅོམ་པ་མངོན་དུ་བྱེད་པ་དེ་ལྟར་ལགས་པས་སྲེག་པར་བྱེད་མི་ནུས་སོ། །འོན་ཀྱང་སྟེང་དུ་མཆོད་རྟེན་ཞིག་རྩིགས་ཤིག་ཅེས་གསུངས་ནས། རྒྱལ་པོ་མ་སྐྱེས་དགྲས་བརྩིགས་ནས་མཆོད་པའི་ཕྲེང་བ་མང་པོས་མཆོད་པ་བྱས་ཞེས་གྲགས་སོ།།[9]

དེ་བཞིན་སྒོ་མང་གདན་རབས་དོན་གཉིས་པ་རྗེ་བཙུན་ངག་དབང་ཉི་མས་ (1907-1990) མཛད་པའི་ལོ་རྒྱུས་ཐོར་བུ་ལས[10]། འཕགས་པ་ཐོགས་མེད་ཀྱིས་ལོ་བཅུ་གཉིས་སུ་རི་བོ་བྱ་རྐང་ཕུག་ཏུ་རྗེ་བཙུན་བྱམས་པ་མགོན་པོ་བསྒྲུབས། ཞེས་པའི་ཕུག་དེ་ཨ་ཙིནྡན་བྲག་ཕུག་མང་པོའི་ནང་ན་ཡོད་དམ་སྙམ། ཨ་ཙིཎྜ་ཞེས་བྱ་བའི་གྲོང་ཁྱེར་ནས་སྤུ་གྲི་བླངས། ལྷུང་བཟེད་དང་འཁར་གསིལ་གཏེང་བར་བཞག །སྤུ་གྲིས་སྐུའི་བརླ་ཤ་ནས་ཕྲལ་ཏེ། སྤྱན་བཙུམས་ནས་འབུ་རྣམས་བླང་བར་བརྩམས་ཞེས་དང་། ཡང་དེ་ཉིད་ལས། རྡོ་རྗེ་གདན་ནས་ཤར་ཕྱོགས་སུ་ནགས་ཚལ་ཆེན་པོ་བརྒྱུད་དེ་ཉི་མ་ཕྱེད་དང་གཉིས་ཙམ་ཕྱིན་པ་ན་རི་བོ་ཀུ་ཀུ་རྟ་པཱ་རྡ་སྟེ་རི་བྱ་རྐང་ཅན་ཟེར་བ་ཡོད་པ་དེར་འཕགས་པ་འོད་སྲུང་ཆེན་པོ་འགོག་པ་ལ་སྙོམས་པར་བཞུགས་ཏེ་དངོས་སུ་བཞུགས་ཡོད་པའི་གནས་བྱིན་རླབས་ཅན་ཞིག་ཡིན། མ་འོངས་པ་ན་རྗེ་བཙུན་བྱམས་པ་མགོན་པོས་འཁོར་ཚོགས་འདུས་པ་གསུམ་མཛད་པའི་གནས་ཡིན། ཞེས་གསུངས་པ་ལྟར་གནས་འདི་སྟོན་པ་ཉིད་དང་། གནས་བརྟན་འོད་སྲུང་། འཕགས་པ་ཐོགས་མེད་སོགས་ཀྱིས་དངོས་སུ་ཞབས་ཀྱིས་བཅགས་ཤིང་། ས་གཞི་བྱིན་གྱིས་བརླབས་ལ། ངོ་མཚར་གྱི་མཛད་པ་མང་དུ་བསྟན་པའི་གནས་མཆོག་ཡིན་པ་བྱུང་རབས་ལོ་རྒྱུས་ལས་རྟོགས་པར་འགྱུར་རོ།།  །།

༥༽ རི་བོ་བྱ་རྐང་ཕྱོགས་གང་དུ་ཡོད་མེད།

དེ་ཡང་ཡོངས་གྲགས་དགའ་ལྡན་ལྷ་ཡུལ་དུ་བྱམས་པ་མགོན་པོ་དང་། རི་བོ་བྱ་རྐང་དུ་འཕགས་པ་ཐོགས་མེད། ན་ལེནྟྲ་རུ་པཎ་ཆེན་དབྱིག་གཉེན། རྒྱ་གར་འཇག་སྤྱིལ་དུ་ཨརྱ་དེ་ཝ་ཞེས་གསུང་སྲོལ་ཡོད་པ་ལྟར་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་སྒྲུབ་སའི་རི་བོ་བྱ་རྐང་དེ་ཉིད་འཕགས་ཡུལ་གྱི་ཕྱོགས་མཚམས་གང་དུ་ཡོད་དམ་ཞེ་ན། དེ་ཡང་བོད་རྒྱ་ཚིག་མཛོད་ཆེན་མོ་ལས[11]། རི་བོ་བྱ་རྐང་། ཞིང་ཆེན་ཡུན་ནན་དང་། རྒྱ་གར་ལྷོ་ཕྱོགས་གཉིས་སོ་སོར་ཡོད་པའི་གནས་རི་ཞིག །ཅེས་རི་བོ་བྱ་རྐང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པར་བཤད་ལ། དེ་བཞིན་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[12]། དེ་ནས་འོད་སྲུང་གིས་སྐུ་གདུང་གི་མཆོད་རྟེན་དང་ཚེམས་མཆེ་བ་རྣམས་མཆོད་དེ། ལྷོ་ཕྱོགས་ཀྱི་རི་བོ་བྱ་རྐང་ལ་འཛེགས་ཏེ་ཁ་བྱེ་བའི་དབུས་སུ་རྩྭ་བཏིང་། བཅོམ་ལྡན་འདས་ཀྱི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གྱོན་ནས་བྱམས་པ་སངས་རྒྱས་ཀྱི་བར་དུ་སྐུ་གདུང་མི་ཉམས་པར་བྱིན་གྱིས་བརླབས་ཏེ་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་སོ། །ཞེས་རི་བོ་བྱ་རྐང་ལྷོ་ཕྱོགས་སུ་ཡོད་པར་གསུངས་སོ།།

གཞན་ཡང་ཀརྨ་པ་རང་བྱུང་རྡོ་རྗེས་ (1284-1339) མཛད་པའི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་འགྲེལ་པ་གསལ་བ་ཉི་མའི་སྙིང་པོ་ལས[13]། དེ་ཡང་རྒྱ་གར་ཡུལ་དབུས་སུ། ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་ནས་བསྟན་པ་ནུབ་ཏུ་ཉེ་བའི་ཚེ། དགེ་སློང་མ་གསལ་བའི་ཚུལ་ཁྲིམས་ཀྱིས་རྒྱལ་རིགས་དང་བསྡོངས་པའི་སྲས་འཕགས་པ་ཐོགས་མེད་དང༌། བྲམ་ཟེའི་རིགས་དང་བསྡོང་བའི་སྲས་སློབ་དཔོན་དབྱིག་གཉེན། དཔོན་སློབ་དེ་གཉིས་ཀྱིས་ཐེག་པ་གོང་འོག་གི་མངོན་པའི་ཆོས་རྣམས་དར་རྒྱས་སུ་མཛད་པ་ཡིན་ནོ།།

དེ་ལ་སློབ་དཔོན་ཐོགས་མེད་ཀྱིས། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་རི་བོ་བྱ་རྐང་གི་བྲག་ཕུག་ཏུ་ལོ་བཅུ་གཉིས་སྒྲུབ་པ་མཛད་པས། རྗེ་བཙུན་བྱམས་པ་དང་དངོས་སུ་མཇལ་ནས། བྱམས་པའི་རྫུ་འཕྲུལ་ལ་བརྟེན་ནས་དགའ་ལྡན་ལྷའི་ཡུལ་དུ་བྱོན། མི་ལོ་ལྔ་བཅུར་བྱམས་པ་ལས་ཆོས་གསན། བྱམས་ཆོས་སྡེ་ལྔ་ཐུགས་ལ་བཟུང་ནས་སླར་འཛམ་བུའི་གླིང་དུ་བྱོན། སློབ་དཔོན་དབྱིག་གཉེན་ལ་སོགས་སློབ་མ་རྣམས་ལ་རྒྱ་ཆེར་བཤད། སའི་དངོས་གཞི། རྣམ་པར་གཏན་ལ་དབབ་པ་བསྡུ་བ། གཞི་བསྡུ་བ། རྣམ་པར་བཤད་པའི་སྒོ་བསྡུ་བ། རྣམ་གྲངས་བསྡུ་བ་སྟེ་ས་སྡེ་ལྔ་དང་། སྡོམ་ཐེག་བསྡུས་དང་མངོན་པ་ཀུན་བཏུས་གཉིས་ལ་སོགས་པ་བསྟན་བཅོས་མང་པོ་བརྩམས། ཐེག་པ་ཆེན་པོའི་བསྟན་པ་ནམ་ལངས་པ་ལས་ཉི་མ་ཤར་བ་ལྟ་བུ་མཛད། ཅེས་གསུངས་པ་ལྟར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པར་གསུངས་ལ། གཞན་ཡང་ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ་ལས། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་པར་པ་ཏ་ཨ་ལང་ཀ་ར་ཞེས་བྱ་བའི་ཡུལ། རི་བོ་བྱ་རྐང་གི་དྲུང་དུ་རྗེ་ནཱ་རོ་པས། སུ་རུ་པ་དང་ཛྙཱ་གར་ཞེས་བྱ་བ་དང་ལྷན་ཅིག་ཏུ་དབང་བསྐུར་ཞུས། ཞེས་སོགས་གསལ་བ་ལྟར་རི་བོ་བྱ་རྐང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པར་གསུངས་སོ།།

རྒྱའི་བཙུན་པ་ཧྥ་ཤཱན་གྱི་ལམ་ཡིག་ལས། དེ་ནས་ལྷོ་ཕྱོགས་སུ་རྒྱང་གྲགས་གསུམ་དུ་བགྲོད་ན། ཞེས་དབུས་འགྱུར་འཆང་མ་ག་དྷ་ནས་ལྷོ་ཕྱོགས་དང་། ཐང་སན་ལམ་ཡིག་ལས་ཆུ་ཀླུང་ཆེན་པོ་བརྒལ་ནས་ཤར་ཕྱོགས་སུ་ནགས་ཚལ་ཆེན་པོ་ཞིག་བརྒྱུད་དེ་ཐང་ལ་རྒྱང་གྲགས་བརྒྱ་ཙམ་བགྲོད་པ་ན། ཞེས་རྡོ་རྗེ་གདན་དབུས་སུ་མཛད་པའི་རྒྱ་གར་འཕགས་ཡུལ་གྱི་ཤར་ལྷོ་ནུབ་བྱང་གི་ཕྱོགས་སམ། ཡང་ན་རང་ཉིད་གང་ནས་རི་བོ་བྱ་རྐང་དུ་བྱོན་པའི་ཕྱོགས་ཀྱི་ཤར་ལྷོ་ནུབ་བྱང་ངོས་འཛིན་ཚུལ་སོགས་ཀྱི་ཁྱད་ཅིག་མེད་དམ་སྙམ་པས་དཔྱད་དགོས་ལ། ཡོངས་གྲགས་རི་བོ་བྱ་རྐང་ནི། ལེགས་སྦྱར་སྐད་དུ་ཀུཀྐུཊ་པད་གཱི་རི་ (Kukkutapadagiri) ཞེས་འབོད་ཅིང་། ཐང་སན་ལམ་ཡིག་སོགས་སུ་གསལ་བའི་རི་བོ་བྱ་རྐང་ནི་མ་ག་དྷའི་ཡུལ་དུ་ཡོད་པ་དང་། དཔལ་ནཱ་ལེནྡྲ་ནས་རྟ་ཚིགས་བརྒྱ་ལྷག་ཙམ་གྱི་སར་ཡོད་ཅེས་འཁོད་པ་ལྟར་ཡུལ་དབུས་སུ་ཡོད་པ་ཡོངས་གྲགས་སུ་ངོས་འཛིན་པ་ཡིན་ནོ།།  །།

 

༦༽ རི་བོ་བྱ་རྐང་ལ་ངོས་འཛིན་ཚུལ་མི་འདྲ་བ།

སྔོན་དུས་གནས་འདིའི་སྙན་གྲགས་ཀྱིས་རྒྱ་དཀར་ནག་གང་སར་ཁྱབ་པས་རྒྱ་ནག་ནས་རྒྱ་གར་དུ་གནས་མཇལ་དུ་ཕེབས་པའི་བཙུན་པ་ཡཱི་ཅིན་གྱི་རྣམ་ཐར་དུ་བཙུན་པ་ཁོང་རྒྱ་ནག་ཏུ་ཡོད་སྐབས་ནས་གནས་འདི་མཇལ་བར་ཕེབས་པའི་གཟིམས་ལམ་བྱུང་ཚུལ་འཁོད་ཡོད་ལ། དུས་རབས་བཅུ་གསུམ་པའི་ནང་དུ་གནས་འདིར་གསང་སྔགས་ཀྱི་གྲུབ་ཐོབ་ཀྱང་མང་དུ་བཞུགས་པ་ཁ་ཆེ་པཎ་ཆེན་གྱི་རྣམ་ཐར་དུ་གསལ་ཞིང་། དེ་རྗེས་དུས་རབས་བཅུ་དྲུག་པའི་ནང་བོད་དུ་བྱོན་པའི་བླ་མ་སངས་རྒྱས་སྦས་པའི་རྣམ་ཐར་དུའང་ཁོང་འདིར་ཕེབས་མྱོང་ཚུལ་འཁོད་པ་དེ་དག་ལས། དེ་རྗེས་ལོ་མང་རིང་གནས་འདིའི་སྐོར་གླེང་སློང་བྱས་པའི་ཡིག་ཆ་མེད་ལ། ལྷག་པར་དུས་རབས་བཅུ་པའི་ནང་ཙམ་དུ་དེང་སྐབས་རྒྱ་ནག་གི་ཡུན་ནན་ཞིང་ཆེན་དུ་ཡོད་པའི་རི་བོ་ཞིག་ལ་འདྲ་མཚུངས་ཀྱི་སྒོ་ནས་རི་བོ་བྱ་རྐང་ཞེས་གྲགས་པ་ཞིག་ཀྱང་ངོས་འཛིན་བྱས་པ་བྱུང་ཡོད། དེ་ལྟར་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་རིང་མོའི་འཕེལ་འགྲིབ་དང་། བསྟན་པའི་དར་རྒུད་སྣ་ཚོགས་ཀྱི་དབང་ལས་རྒྱ་གར་འཕགས་ཡུལ་དུ་ཡོད་པའི་ནང་པའི་གནས་མང་པོ་ཞིག་ཁ་ཆེས་གཏོར། ཧིན་དུས་འཕྲོགས། ནང་པས་གནས་དངོས་ལ་བདག་འཛིན་མ་ཐུབ་པ་དང་། སྣང་མེད་ཀྱིས་གནས་གསར་པ་མང་པོ་གསར་བཟོ་བྱས་པ་སོགས་ཀྱིས་རི་བོ་བྱ་རྐང་འདི་ཡང་ལས་སླ་པོར་རྙེད་ཅིང་། འཁྲུལ་མེད་གཏན་འབེབས་བྱུང་བ་ཞིག་མིན་པར་ལམ་ཡིག་ཁག་དང་། དེའི་སྔོན་དུ་རི་བོ་བྱ་རྐང་དུ་ངོས་བཟུང་བའི་ས་ཆ་གལ་ཆེན་གཉིས་ཡོད་པ་ལས།

དང་པོ་ནི། དུས་རབས་བཅུ་དགུ་པའི་ནང་དུ་ནང་པའི་གནས་རྙིང་མང་པོ་ངོས་འཛིན་གནང་མཁན་ལོ་རྒྱུས་སྨྲ་བའི་མཁས་པ་ཆེན་པོ་ཨེ་ལེག་ཛན་ཌར་ཀན་ནིང་གམ་ (Alexander Cunningham) གྱིས་ངོས་འཛིན་གནང་བ་སྟེ། རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ་ལེ་དབར་གཅིག་ཙམ་སོང་ཚེ་གྷ་ཡར་ཡོད་པའི་ (Pathraura) པ་ཐ་རུ་ར་ཞེས་འབོད་པའི་རྩེ་མོ་གསུམ་ལྡན་གྱི་རི་དེ་ཡིན་པར་བཞེད།

གཉིས་པ་ནི། ཏུན་ཧོང་གཏེར་ཡིག་ཐོག་མར་སྔོག་འདོན་གནང་མཁན་དབྱིན་ཇི་བ་ཨོ་རལ་སི་ཊེན་ (Sir Aural Stein) གྱིས་ཕྱི་ལོ་ ༡༨༩༩ ལོར་ངོས་འཛིན་བྱས་པ་སྟེ། བྷི་ཧར་མངའ་སྡེའི་ཀུར་ཁི་ཧར་ (Kurkhihar) གྲོང་བརྡལ་གྱི་ལྷོ་ནུབ་ངོས་སུ་ཝ་ཛིར་གན་ཇི་ (Wazirganj) ཞེས་པའི་གྲོང་ཚོ་ཞིག་ཡོད་པ་དང་། གྲོང་ཚོ་དེའི་འཁྲིས་སུ་སོ་བྷ་ནཱ་ཐ་ (Sobhnath hill) ཞེས་པའི་དེའུ་འབུར་ཞིག་ཡོད་པ་དེ་ཡིན་པར་བཞེད་ལ། དེ་གཉིས་ལ་རྒྱའི་བཙུན་པ་རྣམས་ཀྱི་ལམ་ཡིག་ཏུ་བྱུང་བའི་རི་བོ་ངོས་གཟར་བ་དང་། བྲག་ཕུག་སོགས་ལོ་རྒྱུས་ཀྱི་ནང་དུ་འཁོད་པའི་མཚན་ཉིད་དེ་དག་ཚང་མེད་པས་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ངོས་ལེན་གནང་མེད་ལ། རྒྱ་བོད་ཀྱི་གནའ་བོའི་ཡིག་ཆ་ཁག་ཏུ་གསལ་བའི་ཁྱད་ཆོས་རྣམས་དང་མཐུན་མིན་སོགས་དཔྱད་དགོས་པའང་མང་དུ་སྣང་ངོ་།།  །།

གཞན་ཡང་ཀཿཐོག་སི་ཏུ་ (1880-1923/1925) མདོ་ཁམས་དང་རྒྱ་ནག་ཡུན་ནན་རི་བོ་བྱ་རྐང་སོགས་གནས་སྐོར་འགའ་ཞིག་ལ་ཕྱིན་པའི་ལམ་ཡིག་འཁྲུལ་སྣང་ལས་སྦྱོང་གསལ་བའི་ཨ་དར་ཤ་ལས[14]། ཀྱང་ཡུལ་ནས་མར་རྒྱང་རིང་ན། རི་སྤང་ནགས་ཡོད་པ་བྱ་རྐང་རྒྱབ་རི་མཇལ། བྱ་ཡི་སྡེར་མོ་ལྟར་ཟུར་གསུམ། གཅིག་ཀྱཱང་ཡུལ། གཅིག་ཏཱ་ལི། གཅིག་ཐང་ལིང་ཐམ་སྡད་ཕྱོགས་ལ་ཟུག །ཆུ་འབྲི་ཆུ་ལ་འགྲོ་བས་ས་ཐང་ཧྭ་ཆིང་ལུང་པ་གཅིག །དེ་ནས་ཀྱཱང་ཡུལ་དང་བྱ་རྐང་བཅས་ལུང་པ་གཅིག །འདི་རྣམས་འབྲི་སྲིབ་ལུང་པ་ཡིན། ཏཱ་ལའི་ནི་ཟླ་ཆུ་ཁར་བསྟན་ལུང་པ་ཡིན། ཐལ་དཀར་རྡོ་རྗེ་ཡོད་པའི་ཐང་ནས་ལྕགས་ཟམ་སྟེང་ནས། ཧང་ཀྱ་ནི། གྲོང་ཆུང་འདི་འཕགས་པ་ཐོགས་མེད་ཀྱིས་བྱམས་མགོན་ཁྱི་མོའི་ཚུལ་དང་། དེ་ནས་བྱམས་པར་གཟིགས་ནས་བྱམས་མགོན་ཕྲག་ལ་བསྣམས་ནས་བསྐོར་ཀྱང་རྒན་མོས་ཁྱི་རོར་མཐོང་བ་དེ་ཡིན། ཞེས་གསལ་ལ། ཡང་དེ་ཉིད་ལས[15]། དེ་ནས་རི་བོ་བྱ་རྐང་ཞལ་ཤར་གཟིགས། ཤར་ནས་ནུབ་ཏུ། ལུང་པ་ཞིག་གི་ནང་གྱེན་ལ་འཛེགས་ཏེ་ཕྱིན་པའི་ནང་། བྲག་མཆོད་རྟེན་གྱི་དབྱིབས་ཤིན་ཏུ་ལེགས་པ་མང་པོ། སྨན་ཨ་རུ་ར། སྐྱུ་རུ་ར། མཁལ་མ་ཞོ་ཤ །ན་ག་གེ་སར། སྨྱུག་མ། སྒྲོན་ཤིང་སོགས་ཀྱིས་གང་བའི་ལོ་གསར་ཟླ་བ་དང་པོར་ཡང་རི་ལ་མེ་ཏོག་སྡོང་ལྡན་སོགས་སྐྱེ་བའི་ས་ཕྱོགས་དུད་ཁ་ནས། ལྟག་ངོས་དེར། དཱ་དུང་ཞེས་པ་འཕགས་པ་ཐོགས་མེད་ཀྱི་སྒྲུབ་ཕུག་ཅོང་ཟིའི་གདུགས། རྒྱལ་མཚན། འཕན། ཀ་བ། རྡོ་རྔ། རྡོ་ཏིང་སོགས་ཡོད། འབྲུག །སེངྒེ་སོགས་གསལ་པོར་དོད་པ། བྲག་ཕུག་ཤིན་ཏུ་ནང་ཡངས་པ། སྒོ་དེར་ལྷ་ཁང་ཞིག་པོའི་ཤུལ། རྒྱས་པ་ཚྭ་རྐོས་པ། སྒོ་ཉེ་བའི་གཡས་དེར། སྒོ་དོག་ལ་ནང་ཡངས་པའི་སྒྲུབ་ཕུག་ཆུང་ངུ་དེ་ཐོགས་མེད་བཞུགས་གནས་ཡིན་སྙམ། ཞེས་བྱུང་བ་ལྟར་འཕགས་པ་ཐོགས་མེད་ཀྱི་སྒྲུབ་གནས་རི་བོ་བྱ་རྐང་ཞེས་པ་དེ་ཉིད་རྒྱ་ནག་ཏུ་ཡོད་པ་དེ་ཡིན་པར་གསུངས་སོ།།

དེ་ལྟར་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ཏ་ལའི་གྲོང་ཁྱེར་དུ་མཐོ་ཚད་རྒྱ་མཚོའི་ངོས་ནས་མི་ཊར་ ༣༢༢༠ ཅན་གྱི་བྲག་རིའི་འགྲམ་དུ་འཕགས་པ་ཐོགས་མེད་ཀྱིས་རྒྱལ་བ་བྱམས་པ་མི་ལོ་ ༡༢ རིང་སྒོམ་[16]སྒྲུབ་མཛད་སའི་སྒྲུབ་ཕུག་དང་། རི་བོ་བྱ་རྐང་གི་རྩེ་མོར་རྒྱལ་པོ་མ་སྐྱེས་དགྲས་སྦྱིན་བདག་བྱས་ཤིང་འོད་སྲུང་ཆེན་པོས་བཞེངས་པར་གྲགས་པའི་མཆོད་རྟེན་གྱི་ཤུལ་དུ་ལི་ནང་ཡན་ {楞严塔} ཞེས་བརྗོད་པའི་མཆོད་རྟེན་ཐོག་ཚད་བཅུ་གསུམ་ཅན་དང་། ཉན་ཐོས་འོད་སྲུང་འཁོར་དགྲ་བཅོམ་པའི་ཚོགས་དང་བཅས་པ་ད་ལྟའང་འགོག་པ་ལ་སྙོམས་པར་བཞུགས་པར་གྲགས་པའི་བྲག་རི་བཅས་རྒྱ་གར་འཕགས་ཡུལ་གྱི་རི་བོ་བྱ་རྐང་གི་གནས་དང་གཅིག་མཚུངས་ལྟ་བུ་ཞིག་ཡོད་པ་ནི། སྒོ་མང་གདན་རབས་དོན་གཉིས་པ་རྗེ་བཙུན་ངག་དབང་ཉི་མས་ (1907-1990) མཛད་པའི་ལོ་རྒྱུས་ཐོར་བུ་ལས[17]། དེང་སང་ཁམས་ཕྱོགས་སུ་རི་བྱ་རྐང་དུ་གྲགས་པ་གཅིག་ཡོད་པ་ནི། རྒྱ་ནག་དང་འཇང་གི་ས་མཚམས་ཤིག་ན་ཡོད་ཚོད་འདུག་པས། དེ་བྱ་རྐང་དངོས་མིན་ཀྱང་གནས་ཁྱད་པར་བ་ཞིག་ཡིན་ནམ་སྙམ། ཞེས་ཀྱཻ་རྡོར་མཁན་པོ་ངག་དབང་མཁས་གྲུབ་ཀྱིས་གསུངས། ཞེས་གསལ་ལ། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[18]། གནས་དེ་ནས་ཤར་ཕྱོགས་སུ་ནགས་ཚལ་ཆེན་པོ་བརྒྱུད་དེ་ཉི་མ་ཕྱེད་དང་གཉིས་ཙམ་ཕྱིན་པ་ན་རི་བོ་ཀུ་ཀུ་རྚ་པཱ་ད་སྟེ་རི་བོ་བྱ་རྐང་ཟེར་བ་ཡོད་པ་དེར་འཕགས་པ་འོད་སྲུང་ཆེན་པོ་འགོག་པ་ལ་སྙོམས་པར་ཞུགས་ཏེ་དངོས་སུ་བཞུགས་ཡོད་པས་གནས་བྱིན་རླབས་ཅན་ཞིག་ཡིན། དེང་སང་ཁམས་ཕྱོགས་སུ་རི་བྱ་རྐང་དུ་གྲགས་པ་གཅིག་ཡོད་པ་ནི་རྒྱ་ནག་དང་འཇང་གི་ས་མཚམས་ཤིག་ན་ཡོད་ཚོད་འདུག་པས་དེ་བྱ་རྐང་དངོས་མིན་ཀྱང་གནས་ཚབ་ཅིག་ཡིན་སྙམ། ཞེས་བྱུང་བ་ལྟར་དེ་ནི་རི་བོ་བྱ་རྐང་གི་དོད་ཐུབ་ཡིན་པ་ལས་གནས་མཆོག་དངོས་ནི། འཕགས་ཡུལ་དབུས་འགྱུར་འཆང་དུ་ཡོད་པ་འདི་ཉིད་ལས་གཞན་མ་མཆིས་སོ།།

དེ་བཞིན་རྒྱ་ནག་གི་ཡིག་ཆར། སྟོན་པས་རྫུ་འཕྲུལ་དང་ལྡན་པའི་གསེར་བྱ་དེ་ཕོ་མངགས་ཏེ་བསྟན་པ་ཡུན་གནས་ལ་ཕན་པའི་དབེན་གནས་ཁྱད་འཕགས་ཚོལ་བར་བཏང་བས་གནས་བརྙེད་པ་ན་བྱའི་རྐང་རྗེས་བརྫིས་ཏེ་རྩ་བ་གཅིག་ལ་མདུན་དུ་བརྐྱངས་པ་རི་གསུམ་དང་རྒྱབ་ཏུ་བརྐྱངས་པ་གཅིག་སྟེ་བྱའི་རྐང་པའི་དབྱིབས་བྱས་སོ་ཞེས་བྱུང་བས། ད་དུང་བྱ་རྐང་ཡ་གཅིག་ཡོད་ཆོག་པས་ན། རྒྱ་དཀར་ནག་གཉིས་ཀར་རི་བོ་བྱ་རྐང་རེ་ཡོད་ཀྱང་རིགས་པས་མི་གནོད་སྙམ་མོ།།  །།

༧༽ གནས་མཆོག་རི་བོ་བྱ་རྐང་གསར་དུ་རྙེད་པ།

དེ་ལྟར་ཡོངས་སུ་གྲགས་པའི་རི་བོ་བྱ་རྐང་གི་གནས་མཆོག་འདི་ཉིད་ནི་རྒྱ་གར་ཤར་ཕྱོགས་ཀྱི་མངའ་སྡེ་བྷི་ཧར་ནང་གི་གནས་མཆོག་རྡོ་རྗེ་གདན་ནས་སྤྱི་ལེ་བཞི་བཅུའི་སར་ཡོད་ཅིང་། ཕྱི་ལོ་ ༡༩༠༦ ལོར་བྷོ་སེ་ (Streegopal Bose) དང་། རི་ཁལ་བྷ་ནེར་ཇི་ (Rakhal Das Banerji) གཉིས་ཀྱིས་གསར་དུ་རྙེད་པ་ཞིག་ཡིན་ལ། ས་ཆ་འདིར་ད་ལྟའང་ས་གནས་ཡུལ་མིས་གྷུར་པ་ (Gurpa) ཞེས་འབོད་ཅིང་། རི་རྩེ་ཞེས་པའི་དོན་ཡིན། གནས་འདིའི་མིང་རྙིང་པར་གུ་རུ་པཱ་ད་ཞེས་གྲགས་པ་དང་མཐུན་པའི་ཐོག །གནའ་རྫས་སྔོག་འདོན་གྱིས་བརྟག་དཔྱད་བྱས་པའི་གྲུབ་དོན་ལས་ཤེས་རྟོགས་བྱུང་བར། རི་རྩེར་སངས་རྒྱས་ཀྱི་སྐུ་བརྙན་དུ་མ་དང་། རྗེ་བཙུན་སྒྲོན་མའི་སྐུ་བརྙན་རེ་ཟུང་། གཞན་ཡང་མཆོད་རྟེན་གྱི་ཞིག་རོ་སོགས་མི་ཉུང་བ་ཞིག་རྙེད་སོན་བྱུང་ཡོད་ཀྱང་། ད་ལྟའི་ཆར་ལྷ་སྐུ་རྟེན་གསུམ་དེ་དག་གཅིག་ཀྱང་མ་ལུས་པ་བོར་བརླག་སོང་ཟིན་པར་བཤད་ལ། ཞབས་རྗེས་འགའ་ཤས་རྙེད་སོན་བྱུང་བའི་རི་མོའི་ནང་དུ་བོད་ལུགས་ཀྱི་རི་མོའི་རྣམ་པ་སྟེ་རྡོར་དྲིལ་དང་། པདྨ་འདབ་བརྒྱད། དུང་དཀར་སོགས་གསལ་བར་བརྐོས་ཡོད་སྟབས། ཞབས་རྗེས་དེ་བཞིན་ནང་པའི་ཞབས་རྗེས་ཡིན་ངེས་ཀྱང་། རི་མོ་དེ་དག་ཕྱིས་སུ་བརྐོས་པའི་རྣམ་པ་གསལ་ལོ།།

གཞན་ཡང་གལ་འགངས་ཆེ་ཤོས་ཤིག་ལ་ས་ཆ་འདིར་ཉན་ཐོས་འོད་སྲུང་ཆེན་པོ་དང་། འཕགས་པ་ཐོགས་མེད་རྣམ་གཉིས་ཀྱི་རྣམ་ཐར་ཁག་ཏུ་འཁོད་པའི་མཚན་ཉིད་རྣམས་ཚང་བར་མ་ཟད། རྒྱའི་བཙུན་པ་ཆོས་སྣང་དང་། ཧྥ་ཤཱན། ཐང་སན། ཡཱི་ཅིན་སོགས་རྒྱ་ནག་གི་གནས་སྐོར་བ་རྣམས་ཀྱི་ལམ་ཡིག་ཏུ་འཁོད་པའི་མཚན་ཉིད་རྣམས་ཀྱང་ཕལ་ཆེར་ཚང་ཡོད། ཕལ་ཆེར་ཞེས་བརྗོད་པའི་རྒྱུ་མཚན་ནི། ས་ཐག་གི་དབང་དུ་སྟེ་རྒྱ་ནག་གི་བཙུན་པ་རྣམས་གནས་སྐོར་དུ་ཕེབས་སྐབས་ས་ཐག་གི་རིང་ཚད་འཇལ་བའི་ཆ་རྐྱེན་བཟང་པོ་མེད་པར་གཙོ་བོ་ཚོད་དཔག་ཙམ་དང་། ཡང་ན་ས་གནས་ཡུལ་མིའི་བཤད་སྲོལ་ཙམ་ལ་ཁུངས་བཅོལ་ནས་ལམ་ཡིག་ཏུ་བཀོད་པར་བརྟེན། ཆོས་སྣང་གི་ལམ་ཡིག་ཏུ་རི་བོ་བྱ་རྐང་ནི་རྡོ་རྗེ་གདན་ནས་ལྷོ་ཕྱོགས་སུ་ལི་གསུམ་གྱི་སར་ཡོད་པར་གསུངས་པ་ལ། རྒྱ་ནག་ལུགས་ཀྱི་ལི་རེ་ལ་མི་ལེ་གཅིག་གི་སུམ་ཆ་ཡོད་པས། འདི་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་ཏེ། རྡོ་རྗེ་གདན་ནས་ལྷོ་ཕྱོགས་སུ་བརྩིས་ན་མི་ལེ་བརྒྱད་ཅུའི་ནང་རོལ་ཏུ་རི་བོ་གཅིག་ཀྱང་མེད་པས་སོ་ཞེས་མཁས་པ་རྣམས་གསུངས།

ཐང་གི་བཙུན་པ་ཤུན་ཙང་ངམ་སྡེ་སྣོད་གསུམ་པས་རྡོ་རྗེ་གདན་གྱི་ཉེ་འགྲམ་ནས་འབབ་པའི་ཆུ་བོ་མོ་ཧ་ན་ནས་ལི་བརྒྱ་ཕྲག་ཙམ་གྱི་སར་ཡོད་པར་གསུངས་པ་ལ། ས་ཐག་གི་ཚད་གཞི་དེ་ནི་སྔར་བཤད་པའི་རི་གཉིས་ལ་ཅུང་ཟད་ཉེ་ན་ཡང་ཏག་ཏག་ཅིག་རི་བོ་གང་དུ་ཡང་ཁེལ་གྱི་མེད། དེ་ལས་ཀྱང་བཙུན་པ་ཡཱི་ཅིན་གྱིས་གསུངས་པ་དེ་ཉིད་གང་འཚམ་གནད་ལ་ཁེལ་བ་སྟེ། ཁོང་གིས་རི་བོ་བྱ་རྐང་ནི་ནཱ་ལནྡཱ་ནས་ལྷོ་ཕྱོགས་སུ་དཔག་ཚད་བདུན་གྱི་སར་ཡོད་པར་གསུངས་པ་ལ། དཔག་ཚད་བདུན་ལ་མི་ལེ་བཞི་བཅུ་ཙམ་ཡོད་ཅིང་། ད་ལྟའི་གུར་པ་ཡང་ནཱ་ལནྡཱ་ནས་ལྷོ་ཕྱོགས་སུ་བརྩིས་ནས་མི་ལེ་བཞི་བཅུའི་མཚམས་སུ་ཡོད། དེས་ན་ད་ལྟའི་གུར་པ་ཞེས་སུ་གྲགས་པ་འདི་ཉིད་རི་བོ་བྱ་རྐང་དུ་ངོས་བཟུང་ན་འོས་ཤིང་འཚམ་ཤོས་ཀྱི་རི་བོ་གཅིག་པུ་དེ་ཡིན་པས། ད་ལྟ་རྒྱ་གར་གཞུང་གི་གནས་ཆེན་གཟིགས་རྟོག་སྡེ་ཚན་དག་གིས་ཀྱང་རི་བོ་བྱ་རྐང་དུ་ངོས་ལེན་གནང་ཡོད།།  །།

 

༨༽ རི་བོ་བྱ་རྐང་གི་ད་ཡོད་ཀྱི་རྣམ་པ།

དེ་ཡང་གནས་ཀྱི་མཆོག་གྱུར་རྡོ་རྗེ་གདན་ (Bodhgaya) ནས་རི་བོ་བྱ་རྐང་བར་སྤྱི་ལེ་ ༣༣ ཡོད་པས་རྡོར་གདན་ནས་རི་བོ་བྱ་རྐང་སྟེ་གྷུར་པ་ (Gurpa) ཞེས་པའི་ས་གནས་བར་རླངས་འཁོར་ནང་ཆུ་ཚོད་གཉིས་ཙམ་བསྐྱོད་རྗེས་གྲོང་གསེབ་ཆུང་ངུ་ཞིག་གི་མེ་འཁོར་འབབ་ཚུགས་སུ་སླེབས་ཤིང་། མེ་འཁོར་གྱི་ལྕགས་ལམ་འཕྲེད་བཅད་ཀྱིས་རྐང་ཐང་དུ་ཐང་གཤོངས་ནགས་ཁྲོད་བརྒྱུད་གང་འཚམ་སོང་མཚམས་རི་བོ་བྱ་རྐང་གི་འདབས་སུ་འབྱོར་ལ། ད་ལྟའི་ཆར་རི་གཤམ་གྱི་ནགས་ཚལ་དཀྱིལ་ནས་རི་རྩེ་བར་ཐེ་ཝན་གྱི་དད་སྦྱིན་ཞིག་གིས་ཨར་འདམ་གྱི་རྡོ་སྐས་གྲངས་ ༡༤༨༠ ཙམ་[19]ཡོད་པ་གསར་སྐྲུན་གནང་འདུག་ཅིང་། རི་འདབས་ནས་འཛེགས་རྗེས་ཆུ་ཚོད་གཅིག་དང་ཕྱེད་ཙམ་གྱི་རྗེས་སུ་རི་རྩེར་མ་ཐུག་ཙམ་དུ་འབྱོར་བ་ན། བྲག་རི་སྒོ་ཅུང་ཟད་དོད་པ་ལ་དཀྱིལ་ནས་གྲིས་གཤགས་པ་ལྟ་བུའི་བར་སྟོང་ངོ་མཚར་ཅན་ཞིག་འདུག་པ་ནི། རྒྱའི་བཙུན་པ་སྡེ་སྣོད་གསུམ་པས་སྔོན་གནས་བརྟན་འོད་སྲུང་གིས་བྲག་ལ་བེར་ཀས་བསྣུན་ཏེ་ལམ་ཕྱེས་པར་གསུངས་པ་དེ་ཉིད་ཡིན་འདུག་ཅིང་། གསུང་སྲོལ་ལྟར་ན་གནས་བརྟན་འོད་སྲུང་ཆེན་པོས་རྫུ་འཕྲུལ་གྱིས་བྲག་གཤགས་པར་གྲགས་པའི་བྲག་གཉིས་ཀྱི་དཀྱིལ་ལ་མི་གཅིག་ཐར་ཙམ་གྱི་བྲག་སྲང་ཀྱག་ཀྱོག་ཅན་ཞིག་དང་། དེའི་གོང་ཙམ་ལ་གནས་བརྟན་འོད་སྲུང་གི་སྐུ་བརྙན་གསར་བཞེངས་གནང་འདུག་པའི་གནས་དེར་འོད་སྲུང་ཆེན་པོ་བྱོན་པ་ནས་བཟུང་དགྲ་བཅོམ་པ་མང་དུ་བྱོན་ནས་སྐྱེ་བོ་མ་དད་པ་མང་པོ་དད་པ་ལ་བཀོད་པ་ཡིན་ཞེས་གྲགས་སོ།།

གཞན་ཡང་འཕགས་པ་འོད་སྲུང་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནས་བསྡུས་ལས[20]། འཕགས་པ་འོད་སྲུང་ཆེན་པོ། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། འདི་སངས་རྒྱས་མུ་ནེ་དངོས་ཀྱི་སློབ་མ། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་ཞིང་། དགྲ་བཅོམ་པའི་རྟོགས་པ་ཐོབ་པ་དང་། སངས་རྒྱས་རང་ཉིད་ཀྱིས་མྱ་ངན་ལས་འདའ་ཁར་རང་ཉིད་ཀྱི་སྐུ་ཚབ་ཏུ་བསྐོས་ཤིང་། མྱ་ངན་ལས་འདས་རྗེས་སློབ་མ་དགྲ་བཅོམ་པ་ལྔ་བརྒྱས་མགྲིན་གཅིག་ཏུ་མངོན་པའི་སྡེ་སྣོད་སྡུད་པ་པོར་བསྐོས་ཏེ། རང་ཉིད་ཀྱི་བློ་ལ་ཡོད་པའི་མངོན་པའི་སྡེ་སྣོད་རྣམས་བཏོན་ནས་ཕྱོགས་བསྡུས་མཛད། མཐར་རི་བོ་བྱ་རྐང་ཅན་དུ་ཕེབས་ནས་འགོག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ་སངས་རྒྱས་བྱམས་པ་འཛམ་བུའི་གླིང་དུ་མ་བྱོན་བར་དུ་སྐུ་གསོན་པོར་བཞུགས་པ་ཡིན་ཟེར། འདིའི་ལོ་རྒྱུས་ཞིབ་པ་བཀའ་འགྱུར་གྱི་འདུལ་བ་ལུང་གི་ནང་གསལ། ཞེས་གསལ་ལོ།།

ཡང་འགོག་པ་ལ་སྙོམས་པར་ཞུགས་ཞེས་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དེབ་ཐེར་དམར་པོའི་ནང་གི་ལག་ཆེའི་ཚིག་འགྲེལ་གནད་བསྡུས་ལས[21]། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། རང་གི་སེམས་རྟེན་སྲིད་རྩེའི་སྙོམས་འཇུག་ལ་བརྟེན་ནས་ཚོར་བ་དང་འདུ་ཤེས་རགས་པ་ཐམས་ཅད་བཀག་ནས་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཐེངས་གཅིག་ལ་བསྐལ་པ་མང་པོའི་བར་དུ་གནས་ཐུབ་པ་ཞིག་ཡིན་པ་དང་། དེའི་དུས་ཡུན་དེར་མི་ཞིག་གིས་ཕ་མ་གཉིས་དང་། དགྲ་བཅོམ་པ་བསད་པ་སོགས་མི་དགེ་བཅུ་དང་མཚམས་མེད་ལྔ་ཀ་བྱས་མྱོང་བ་ཞིག་ཤི་ནས་དམྱལ་བ་མནར་མེད་དུ་མི་ལོ་དུང་ཕྱུར་མང་པོར་སྡུག་བསྔལ་མྱངས་ཏེ་དམྱལ་བ་ནས་ཐར་རྗེས་གཞི་ནས་མི་ལུས་ཐོབ་སྟེ་བསྐལ་པ་མང་པོར་དཀའ་བ་སྤྱད་ནས་སངས་རྒྱས་པའི་ཚོད་ཙམ་གྱི་དུས་ཡུན་ཡོད་ཟེར་སྲོལ་ཡོད། ཅེས་གསུངས་པ་ལྟར་རོ།།  །།

རི་བོ་བྱང་རྐང་གི་མཐོ་ཚད་ལ་ཕི་ཊི་ ༡༠༠༠ ལྷག་ཙམ་ཡོད་པར་བཤད་ཅིང་། རི་འདབས་ནས་མཇལ་བའི་ཚེ་རིའི་རྩ་བ་གཅིག་ལ་རྩེ་མོ་གསུམ་དང་ལྡན་པའི་དབུས་རིའི་རྩེ་མོར་སྔར་ཧིན་དྷུའི་ཆོས་ལུགས་ཀྱིས་བདག་ཏུ་བཟུང་ནས་ཕྱི་པའི་ལྷ་ཁང་ཞིག་བཞེངས་པ་ནི། ལོ་བརྒྱ་ཕྲག་ཙམ་གྱི་སྔོན་དུ་ས་གནས་ཀྱི་རྒྱལ་པོ་ཞིག་གིས་བཞེངས་པར་བཤད། འོན་ཀྱང་ལ་དྭགས་ཀྱི་དགེ་སློང་ (Ananda) ཨཱ་ནནྡ་སོགས་ནང་བསྟན་ལ་ལྷག་བསམ་ཅན་འགའ་ཞིག་གིས་དཀའ་སྤྱད་འབད་བརྩོན་གནང་ནས་ད་ལྟའི་ཆར་རི་རྩེར་ཕྱི་ལོ་ ༢༠༠༩ ལོར་གསར་བཞེངས་མཛད་པའི་འོད་སྲུང་གི་སྐུ་གདུང་བཞུགས་ཡུལ་བྱང་ཆུབ་མཆོད་རྟེན་མཐོ་ཚད་ཕི་ཊི་ ༣༧ ཅན་ཞིག་དང་། བྲག་ཕུག་ཅིག་ཏུ་གནས་བརྟན་ཆེན་པོ་འོད་སྲུང་གི་སྐུ་བརྙན་སོགས་གསར་བཞེངས་གནང་ཡོད་པར་མ་ཟད། མཆོད་རྟེན་དེའི་དབུ་འབྱེད་ཀྱང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་གནང་ཚུལ་རྡོ་བརྐོས་ངོས་སུ་གསལ་ལོ།།

རི་བོ་བྱ་རྐང་གི་རྩེ་མོ་ནས་རི་གཤམ་དུ་བལྟས་ཚེ། སྤྱི་ལེ་ལྔ་དྲུག་ཙམ་གྱི་མཚམས་སུ་ཐང་ཞིག་ཡོད་པ་དེ་ནི་སྔར་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་ཕྲག་སྟེང་དུ་བསྣམས་ནས་ཕེབས་སའི་གྲོང་ཁྱེར་དེའི་ཤུལ་ཡིན་སྐད། འོན་ཀྱང་ད་ཆར་གྲོང་ཁྱེར་གྱི་རྗེས་ཤུལ་གཏན་ནས་མེད་པར་ལྗོན་ཤིང་སྣ་ཚོགས་ཀྱིས་གཏམས་པའི་སྤྱིར་བཏང་གི་ས་སྟོང་ཞིག་ཏུ་གྱུར་འདུག་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ཤོག་གྲངས་ ༩༤༠

[2]  ཧྥ་ཤཱན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༨༡

[3]  རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༥༥

[4]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༡༡

[5]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༠

[6]  བཀྲ་ཐང་སྤྲུལ་སྐུ་མཆོག་གིས་བརྩམས་པའི་རི་བོ་བྱ་རྐང་གི་གནས་བཤད་མདོར་བསྡུས་ཡིད་སྨོན་སྐྱེ་བའི་གཏམ།

[7]  ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༢༦༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༣༤

[8]  ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ སྟོད་ཆ། བལ་ཡུལ། ༢༠༠༥ ལོ། ཤོག་གྲངས་ ༢༢༣བ༡

[9]  བཀྲ་ཐང་སྤྲུལ་སྐུ་མཆོག་གིས་བརྩམས་པའི་རི་བོ་བྱ་རྐང་གི་གནས་བཤད་མདོར་བསྡུས་ཡིད་སྨོན་སྐྱེ་བའི་གཏམ།

[10]  རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ། ༼༣༽ འབྲས་སྤུངས་སྒོ་མང་། ༢༠༠༣ ལོ། ཤོག་གྲངས་ ༦༦༢

[11]  བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༦༧༧

[12]  ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཕ་རན་སི་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༤༡

[13]  ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ། ༼ཇ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༢བ༤

[14]  གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༥༧༨

[15]  གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༥༧༩

[16]  རྒྱ་རིགས་དག་གིས་བཤད་སྲོལ་ལ་སྒོམ་ཡུན་མི་ལོ་ ༡༠༨ ཡིན་པར་བརྗོད་སྲོལ་ཡོད་འདུག

[17]  རྗེ་བཙུན་ངག་དབང་ཉི་མའི་གསུང་འབུམ། ༼༣༽ འབྲས་སྤུངས་སྒོ་མང་། ༢༠༠༣ ལོ། ཤོག་གྲངས་ ༦༦༢

[18]  འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༤༢

[19]  ལ་ལས་རིའི་རྩ་བ་ནས་རྐོ་སྐས་ ༡༨༠༠ བསྒྲིགས་པའི་རི་རྩེར་མཆོད་རྟེན་སོགས་ཡོད་པར་བཤད།

[20]  དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། ༼ཆ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༡༦༥

[21]  དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ། ༼ཆ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༢༣༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༩༧ ནས་ ༥༢༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *