༄༅། །བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ་ལས་བྱུང་བའི་ཇོ་བོ་རྗེའི་རྣམ་ཐར།[1]
༼ལས་ཆེན་ཀུན་དགའ་རྒྱལ་མཚན་ (1432-1506) གྱིས་མཛད།༽
གསུམ་པ། ཇོ་བོ་ཉིད་ཀྱི་ཆེ་བའི་ཡོན་ཏན་བརྗོད་པའི་སྐབས།
གཉིས་པ་སོ་སོའི་ཡོན་ཏན་ཞིབ་ཏུ་བཤད་པ་ལ། ཐོག་མར་ཇོ་བོ་ཡབ་སྲས་ཀྱི་རྣམ་པར་ཐར་པ་བཤད་པ་ནི། ལྷ་བླ་མ་ཁུ་དབོན་གྱི་དུས་སུ་པཎྜི་ཏ་མང་དུ་བྱོན་ཀྱང་། རྗེ་བཙུན་འདི་ཉིད་མཁྱེན་པ་དང་ཐུགས་རྗེ་ཕུལ་དུ་བྱུང་བ་ཉིད་ཀྱིས་པཎྜི་ཏ་གཞན་ལས་ཁྱད་དུ་འཕགས་ཤིང་། བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་ནུས་པ་ཉིད་དུ་མཐོང་ནས། ཇོ་བོ་ལ་ལྷ་བླ་མས། ཨ་ཏི་ཤ་ཞེས་མཚན་གསོལ་ཏེ། དོན་ནི་ཕུལ་དུ་བྱུང་བ་ཞེས་བྱའོ། །
རྗེའི་ཞལ་ནས་ཀྱང་། ཕུལ་བྱུང་ནས་ནི་སུམ་བརྒྱ་བཅུ། །ཞེས་གསུངས་སོ། །བླ་མ་གཞན་དག །ལྷག་པའི་བསམ་པ་དང་ལྡན་པའི། ཨདྷྱ་ཤ་ཞེས་གསུངས། སྒྲ་པ་གཞན་ཨ་ཏི་ཤ་ཞེས་པ་ཤིན་ཏུ་ཞི་བ་ཞེས་པའི་དོན་ཡིན་ཟེར། དེ་ལ་དཔལ་ལྡན་ཨ་ཏི་ཤ་ཞེས་གྲགས་པ་དེའི་ཡོན་ཏན་གྱི་དབང་དུ་བགྱིས་ན། མཆིམས་ཆེན་མོས། ཡོན་ཏན་གྱི་ཆེ་བ་དང་། འཕྲིན་ལས་ཀྱི་ཆེ་བ་གཉིས། ཡོན་ཏན་ལ་བརྟེན་པའི་ཡོན་ཏན། མཁྱེན་པའི་ཡོན་ཏན། བརྙེས་པའི་ཡོན་ཏན་དང་གསུམ་གྱིས་འཆད་ལ། རྗེའི་བཞེད་པས།
རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པའི་ཚུལ། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ། ཡོན་ཏན་བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལོ། །ཡོན་ཏན་བརྙེས་པའི་ཚུལ་ལ། མང་དུ་ཐོས་པ་ལུང་གི་ཡོན་ཏན་བརྙེས་པའི་ཚུལ་དང་། ཚུལ་བཞིན་སྒྲུབ་པ་རྟོགས་པའི་ཡོན་ཏན་བརྙེས་པའི་ཚུལ་གཉིས། བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལ། རྒྱ་གར་དུ་མཛད་པའི་ཚུལ་དང་། བོད་དུ་མཛད་ཚུལ་གཉིས་སུ་བསྡུས་ཏེ། ཆིངས་དེ་དག་གི་སྒོ་ནས་འཆད་པར་མཛད་དོ། །དགེ་བཤེས་ལོཙྪ་བས་ནི། ཁྱིམ་ན་གནས་པའི་ཆེ་བ་དང་། ཐར་པར་གཤེགས་པའི་ཆེ་བ་གཉིས་ཀྱིས་འཆད་པར་མཛད་ལ། འདིར་ནི་ལོཙྪ་བའི་ལུགས་ལ་གཙོ་བོར་བརྟེན་ཅིང་། གཞན་ནས་ཀྱང་ཅུང་ཟད་ཁ་བསྐངས་ཏེ་ཆེ་བའི་ཡོན་ཏན་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་བཤད་པར་བྱ་སྟེ།
༡. སྐུ་ཚེ་སྔ་མར་ཇི་ལྟར་འཁྲུངས་པའི་ཆེ་བ་ནི། སྔོན་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་པའི་ཚེ། རྒྱལ་པོའི་ཁབ་ཏུ་ཁྱིམ་བདག་གི་ཚུལ་འཛིན་པ་བྱང་ཆུབ་སེམས་དཔའ་བཟང་སྐྱོང་ཞེས་གྲགས་པ་དེ་ཡིན། གྲོ་ལུང་པས། རྒྱལ་བའི་མདུན་དུ་རྒྱལ་སྲས་བཟང་པོ་སྐྱོང་། །ཞེས་དང་། ཁྲོ་ཕུ་ལོཙྪ་བས། ཁྱོད་སྔོན་ཐུབ་པའི་མདུན་ན་བཟང་སྐྱོང་སྟེ། །ཞེས་བསྟོད་པ་ལྟར་རོ། ། སྐུ་ཚེ་འདི་ཉིད་ཀྱི་དབང་དུ་བྱས་ན།
༢. ལོངས་སྤྱོད་དང་རིགས་ཕུན་སུམ་ཚོགས་པའི་ཆེ་བ་ནི། རྒྱ་གར་བ་རྣམས་ས་ཧོར་ཞེས་ཟེར་ཅིང་། བོད་རྣམས་ཟ་ཧོར་ཞེས་འབོད་པའི་ཡུལ་འཁོར་ཆེན་པོ་དེའི་རྒྱལ་པོ་དགེ་བའི་དཔལ་ཞེས་བྱ་བ་མངའ་ཐང་དང་ལོངས་སྤྱོད་རྒྱ་ནག་སྟོང་ཁུན་རྒྱལ་པོ་དང་མཉམ་པ། ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ་བར་བཞུགས་པ་དེ་དང་། བཙུན་མོ་དཔལ་གྱི་འོད་ཟེར་ཅན་ཞེས་བྱ་བ་གཉིས་ལ། སྲས་གསུམ་འཁྲུགས་པའི་ཆེ་བའི་མིང་ལ་པདྨའི་སྙིང་པོ། འབྲིང་པོ་ཟླ་བའི་སྙིང་པོ། ཆུང་བ་དཔལ་གྱི་སྙིང་པོ་གསུམ་ལས། རྗེ་བཙུན་འདི་ནི་འབྲིང་པོ་ཟླ་བའི་སྙིང་པོ་ཡིན་ལ། པདྨའི་སྙིང་པོས་རྒྱལ་སྲིད་བཟུང་སྟེ། བཙུན་མོ་ལྔ་ཁབ་ཏུ་བཞེས། སྲས་དགུ་འཁྲུངས་པ་ལ། སྲས་ཆེ་ཤོས་བསོད་ནམས་དཔལ་བྱ་བ་དྷཱ་ན་ཤྲཱི་མི་ཏྲ་བྱ་བ་ཡིན་པར་གདའ། རྟེན་དགེ་བསྙེན་ལ་པཎྜི་ཏ་མཁས་པ་ཡིན། ཆུང་བ་དཔལ་གྱི་སྙིང་པོ་ནི་དགེ་སློང་བིརྱ་ཙནྡྲ་བྱ་བ་ཡིན་ཏེ། བོད་དུ་ཡང་བྱོན་གསང་སྔགས་ཀྱི་དཀྱིལ་འཁོར་དངོས་སུ་སྤྲུལ་ནུས་པ་ཅིག་བྱུང་། ངམ་ཤོད་ཀླུ་དགོན་པར་སྐུ་གཤེགས། དེ་ཡང་པཎྜི་ཏ་སའི་སྙིང་པོས་བསྟོད་པ་ལས། ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཆེ་བའི་དབང་དུ་བྱས་ན། ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། དེ་ན་གྲོང་ཁྱེར་ཆེན་པོ་ཡོད། །བི་ཀྲ་མ་ནི་པུ་ར་ཡིན། །དེ་ཡིན་དབུས་ན་རྒྱལ་པོའི་ཁབ། །ཕོ་བྲང་ཤིན་ཏུ་ཡངས་པ་ཡོད། །གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ། །ལོངས་སྤྱོད་འབྱོར་པ་མངའ་ཐང་ནི། །རྒྱ་ནག་སྟོང་ཁུན་རྒྱལ་པོ་འདྲ། །ཞེས་གསུངས་སོ། །རིགས་ཕུན་སུམ་ཚོགས་པའི་ཆེ་བའི་དབང་དུ་བྱས་ན། ཡུལ་དེའི་རྒྱལ་པོ་དགེ་བའི་དཔལ། །བཙུན་མོ་དཔལ་མོ་འོད་ཟེར་ཅན། །ཡབ་ཡུམ་གཉིས་ལ་སྲས་གསུམ་མངའ། །པདྨའི་སྙིང་པོ་ཟླ་སྙིང་པོ། །དཔལ་གྱི་སྙིང་པོ་ཞེས་བྱའོ། །རྒྱལ་པོ་པདྨའི་སྙིང་པོ་ལ། །བཙུན་མོ་ལྔ་ཡོད་སྲས་ནི་དགུ། །སྲས་ཀྱི་ཐུ་བོ་བསོད་ནམས་དཔལ། །ད་ལྟའི་དུས་ན་མཁས་པ་ཆེ། །དྷཱ་ན་ཤྲཱི་ཞེས་བྱར་གྲགས། །ཆུང་བ་དཔལ་གྱི་སྙིང་པོ་ནི། །དགེ་སློང་བིརྱ་ཙནྡྲ་ཡིན། །འབྲིང་པོ་ཟླ་བའི་སྙིང་པོ་ནི། །ད་ལྟ་བླ་མ་རྗེ་བཙུན་ཡིན། །ཞེས་གསུངས་ཤིང་། ལོཙྪ་བའི་བསྟོད་པ་བརྒྱད་ཅུ་པ་ལས་ཀྱང་། རིགས་ཀྱི་ནང་ནས་མཆོག་གྱུར་པ། །ཁྱོད་ནི་རྒྱལ་པོའི་རིགས་སུ་འཁྲུངས། །དྲེགས་པས་མྱོས་པ་ཐམས་ཅད་ཀྱང་། །ཞབས་ཀྱི་པདྨར་སྤྱི་བོས་གཏུགས། །ཞེས་གསུངས་སོ།།
༣. རང་གི་ལྷག་པའི་ལྷས་བྱིན་གྱིས་བརླབས་པའི་ཆེ་བ་ནི། ཇོ་བོ་ཆེན་པོ་འདི་ཆུ་ཕོ་རྟའི་ལོ་ལ་སྐུ་འཁྲུངས་ནས། ཕོ་བྲང་གསེར་གྱི་རྒྱལ་མཚན་གྱི་ཡང་ཐོག་ན་རིན་པོ་ཆེའི་ཁྲི་སྟེང་དུ་ཉལ་ནས་བཞུགས་པ་ལ། ནང་གཅིག་གདུང་མཚམས་ནས་ཚིག་རྒྱང་དང་འུར་སྒྲ་ལ་སོགས་པ་བྱུང་བས། ཅི་འོང་ངམ་སྙམ་བལྟས་པས། ཨུད་པ་ལ་སྔོན་པོ་སྐྱེས་མ་ཐག་ལྟ་བུ་ཞིག་བྱུང་བ་ཡབ་ཡུམ་གྱིས་གཟིགས། ཇོ་བོ་ཉིད་ཀྱིས་ཇོ་མོ་སྒྲོལ་མའི་ཞལ་ཇི་ལྟ་བ་བཞིན་དུ་གཟུགས་པ་ཡིན་ཏེ། སྐྱེ་བ་དཔག་ཏུ་མེད་པ་ནས་བྱིན་གྱིས་བརླབས་པའི་ལྷ་ཡིན་གསུངས།
༤. འཁོར་བས་ཡིད་བྱུང་སྟེ་རྒྱལ་སྲིད་ལ་མ་ཆགས་པའི་ཆེ་བ་ནི། སའི་སྙིང་པོས། དེ་ལྟ་བུ་ཡིན་བྷངྒ་ལའི། །རྒྱལ་སྲིད་སྤངས་ནས་ཐར་པར་གཤེགས། །ཞེས་དང་། ལོ་ཙྪ་བས། འཁོར་བའི་སྐྱོན་དང་མཚང་གཟིགས་པས། །བྷངྒ་ལ་ཡི་རྒྱལ་སྲིད་དེ། །མཆིལ་མའི་ཐལ་བ་བཞིན་བོར་ནས། སངས་རྒྱས་བསྟན་པ་རྒྱས་པར་མཛད། །ཅེས་བསྟོད་པ་ལྟར་རོ།།
༥. སྔོན་བཟོས་པ་བསྒོམས་པའི་འབྲས་བུས་སྐུ་ལྟ་བས་ཆོག་མི་ཤེས་པའི་ཆེ་བ་ནི། ལོཙྪ་བས། ཁྱོད་ཀྱི་སྐུ་ལུས་མཐོང་བ་ན། །ཐམས་ཅད་མཐུན་པར་ཤིན་ཏུ་མོས། །སྐུ་མདོག་འཇམ་ཞིང་གསལ་བས་ན། །དང་པོ་ཐ་མའི་མིག་ཆགས་འགྱུར། །ཞེས་དང་། ཇོ་བོ་ཉིད་ཀྱི་ཞལ་ནས། ང་གཟུགས་ལེགས་པས་བླ་མ་ཐམས་ཅད་ཀྱིས་ཐུགས་ལ་བཏགས་པ་ཡིན་གསུངས།
༦. རྣམ་འཚེ་སྤངས་པས་སྙུན་དང་བྲལ་བའི་ཆེ་བ་ནི། རྣམ་པར་འཚེ་བ་སྤངས་པ་ཡིས། །ཁྱོད་ཀྱི་སྐུ་ལ་སྙུན་མི་མངའ། །བསོད་ནམས་ཚོགས་ནི་བསགས་པ་ཡིས། །ཞལ་མཐོང་ཙམ་གྱིས་དད་པར་བྱེད། །ཅས་པ་ལྟར་རོ།།
༧. སྤྱོད་ལམ་རྣམ་བཞིའི་ཉེས་པས་མ་གོས་པའི་ཆེ་བ་ནི། ཁྱོད་ནི་སྤྱོད་ལམ་ཐམས་ཅད་དུ། །ཆོས་དང་མཐུན་པར་མཛད་པ་ཡིས། །འཇིག་རྟེན་ཁ་ན་མ་ཐོ་བ། །གྲགས་པ་ངན་པས་ཁྱོད་མ་གོས། །ཞེས་པ་ལྟར་རོ།།
༨. ལོངས་སྤྱོད་ཀྱིས་མི་ཕོངས་པའི་ཆེ་བ་ནི། ཡུལ་ཕྱོགས་གང་དང་གང་དུ་བྱོན་པ་དེར་ཡང་མཐོ་དམན་མེད་པའི་སྐྱེ་བོ་ཐམས་ཅད་ཀྱིས་ཡོ་བྱད་ཅི་ཡོད་ཀྱིས་བསྙེན་བཀུར་བ་ལགས་པར་གདའ། བསྟོད་པ་ལས་ཀྱང་། སྔོན་གྱི་སྦྱིན་པའི་འབྲས་བུ་ཡིས། །གཞན་གྱིས་བསགས་པ་ཁྱོད་ལ་འབུལ། །ཞེས་སོ།།
༩. ཡོ་བྱད་ཆུད་མི་གཟོན་པའི་ཆེ་བ་ནི། སྔོན་ལྷ་སར་བཞུགས་དུས་ཟང་ཟིང་གི་འབུལ་བ་དཔག་ཏུ་མེད་པ་བྱུང་བ་ལས། ནང་པར་གཅིག་ཀྱང་མ་ལུས་པར་གདའ་བས། འཁོར་རྣམས་ཀྱིས་ཁ་སང་གི་འབུལ་བ་རྣམས་གར་སོང་ཞུས་པས། ཁོ་བོ་སྦྱིན་པ་གཏོང་བ་ལ་མཁས་པ་ལགས་གསུངས་སྐད། བསྟོད་པ་ལས་ཀྱང་། ཡོ་བྱད་མངའ་བ་ཐམས་ཅད་ཀྱང་། ལོངས་སྤྱོད་བསྲུང་ཞིང་ཆུད་མི་གཟོན། །ཞེས་སོ།།
༡༠. དགེ་བའི་རྩ་བ་ཆུད་མི་ཟ་བའི་ཆེ་བ་ནི། འཁོར་གསུམ་མི་དམིགས་པའི་སྒོ་ནས་བྱང་ཆུབ་ཏུ་བསྔོ་བར་མཛད་པ་ཡིན་ཏེ། དགེ་བ་མཛད་པ་ཐམས་ཅད་ཀྱང་། །འཁོར་བའི་རྒྱུ་ནི་སྤང་བའི་ཕྱིར། །འཁོར་གསུམ་ཡོངས་སུ་དག་པ་དང་། །སྟོང་པས་མ་ཟིན་གང་ཡང་མེད། །ཅེས་སོ།།
༡༡. རིག་གནས་ཐུན་མོང་བ་ལ་མཁས་པའི་ཆེ་བ་ནི་དགུང་ལོ་བཅུ་བཞེས་ཀྱི་བར་དུ་བཟོ་དང་གསོ་བའི་དཔྱད་དང་ཡི་གེ་ལ་སོགས་པ་བསླབས་པས་མཁས་པའི་ཕུལ་དུ་སྐྱོལ་པར་མཁྱེན། དེ་ནས་ལོ་ཉི་ཤུ་རྩ་གཅིག་བཞེས་ཀྱི་བར་དུ་རྟེན་དགེ་བསྙེན་ཀུ་ས་ལི་པ་མཛད་ནས། སྒྱུར་རྩལ་དྲུག་ཅུ་རྩ་བཞི་དང་། ཕྱི་རོལ་པའི་སྒྲ་དང་ཚད་མ་དང་། ནང་པའི་སྒྲ་ཚད་མ་ལུས་པར་གསན་པས། སྒྲ་ཚད་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར། ཁྱད་པར་དུ་ལོ་བཅོ་ལྔ་བཞེས་པའི་ཚེ་རིག་ཐིགས་ཚར་གཅིག་གསན་པས། ཕྱི་རོལ་པའི་རྟོག་གེ་པ་མཁས་པར་གྲགས་པ་ཅིག་དང་བརྩད་པས། དེ་ཕམ་པར་མཛད་པས་སྙན་པའི་གྲགས་པས་ཕྱོགས་ཀུན་དུ་རྒྱས་སོ་ཞེས་གྲོང་ལུང་པ་ཆེན་པོ་གསུང་ཞེས་གསུངས་སོ། །བསྟོད་པ་ལས་ཀྱང་། ལོ་ནི་ཉི་ཤུ་རྩ་གཅིག་ན། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང་། །སྒྲ་ཡི་བསྟན་བཅོས་ཐམས་ཅད་དང་། །ཚད་མ་ཀུན་ལ་མཁས་པ་ལགས། །ཞེས་གསུངས་སོ།།
༡༢. རིགས་མཆོག་ཏུ་གྱུར་པས་ཐོག་མར་རྡོ་རྗེ་ཐེག་པར་ཞུགས་པའི་ཆེ་བ་ནི། ལོ་ཉེར་གཉིས་ལོན་པ་ན་རི་ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱཻ་རྡོ་རྗེའི་ཞལ་གཟིགས་ཤིང་། རྡོ་རྗེ་མཁའ་འགྲོ་མའི་ལུང་བསྟན་ཐོབ་པའི་བླ་མ་རཱ་ཧུ་ལ་གུཔྟ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང་། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས། དཔལ་ཀྱཻ་རྡོ་རྗེའི་ཞལ་མངོན་སུམ་དུ་གཟིགས། གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེས་སོ། །རྗེ་བཙུན་ཉིད་ཀྱི་རྡོ་རྗེའི་གླུ་ལས་ཀྱང་། །མར་མེ་མཛད་དཔལ་ཡེ་ཤེས་བདག་ལ་ནི། །ཤིན་ཏུ་ཟབ་པའི་རྒྱུད་ཀྱི་དོན་སྟོན་པ། །རྗེ་བཙུན་དམ་པ་གསང་བའི་སྒྲ་གཅན་ཟིན། །བླ་མ་ཉི་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ།།
༡༣. རྒྱུད་སྡེ་བཞི་ལ་མཁས་པའི་ཆེ་བ་ནི། དགུང་ལོ་ཉེར་དགུ་ཚུན་ཆད་ལ་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེ་ཐེག་པ་ལ་སྦྱངས་པས། རྒྱུད་སྡེ་བཞིའི་གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ། རྗེ་བཙུན་འདིས་དུས་དང་གནས་སྐབས་གཞན་དུ་གསན་པ་མ་གཏོགས་པར། ནུབ་གཅིག་གི་རྨི་ལམ་དུ་པཎྜི་ཏ་དག་གི་དབང་ཕྱུག་གྲགས་པ་ལ། རྒྱུད་འབུམ་ཕྲག་གཅིག་དང་བཞི་བརྒྱ་ལྔ་བཅུ་རྩ་གཅིག་གསན་ཏེ། ཐུགས་དགོངས་ལ་ཡང་ཐེག་པ་ཆེན་པོ་གསང་སྔགས་ལ་ང་ཉིད་མཁས་སོ་སྙམ་པའི་ཐུགས་རྒྱལ་ཡང་བྱུང་བ་ན། ཌཱ་ཀཱི་མ་རྣམས་ཀྱིས་གསང་སྔགས་ཀྱི་གླེགས་བམ་སྔར་མཐོང་མ་མྱོང་བ་མང་པོ་མནལ་ལམ་དུ་བསྟན་པས་ཐུགས་རྒྱལ་བཅག་གོ། དེ་སྐད་དུ་ཡང་། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །གསུངས་པའི་གསང་སྔགས་རྒྱུད་སྡེ་བཞི། །རིམ་པ་གཉིས་ཀྱི་མན་ངག་ནི། །མཁས་པ་མང་པོའི་བརྒྱུད་པ་མངའ། །གསང་སྔགས་ཕྱི་ནང་རྒྱུད་སྡེ་དང་། །མཁས་པ་མང་པོས་མཛད་པའི་གཞུང་། །གཟིགས་དང་གསན་དང་བཤད་པ་ཡིས། །གཞུང་ལ་ཤིན་ཏུ་གོམས་པར་མཛད། །ཅེས་གསུངས་སོ།།
༡༤. རང་བཞིན་གྱི་རྣམ་འབྱོར་མས་བྱིན་གྱིས་བརླབས་པའི་ཆེ་བ་ནི། བི་ཀྲ་མ་ན་བཞུགས་པའི་དུས་སུ་ཇོ་བོས། བུད་མེད་གཅེར་བུ་རུས་པའི་རྒྱན་གསོལ་བ། རེས་ངུ་རེས་དགོད་པ་ཅིག་གཟིགས་པས། ཡོན་ཏན་ཡིན་པར་མཁྱེན་ནས། ཡིད་ཀྱིས་ཕྱག་དང་མཆོད་པ་ཕུལ་ནས། གདམས་ངག་ཅིག་ཞུ་གསུངས་པས། ང་ལ་གདམས་ངག་ཡོད་ཅིག་གསུངས་ནས། ཤར་ཕྱོགས་བྷངྒ་ལར་བཞུད། ཇོ་བོས་ཕྱིར་བྱོན་པས། དུར་ཁྲོད་ཆེན་པོ་ཞིག་ན་བཞུགས་ནས། ཁྱོད་ཀྱིས་ང་ལ་ཡོན་ཏན་ཡོད་པར་མཐོང་ངམ་གསུངས། མཐོང་ལགས་ཞུས་པས། དེ་ནས་ཚེགས་ཆུང་ལ་དོན་ཆེ་བ་དབང་བྱིན་རླབས་ཀྱི་ལུགས་བྱ་བ་བསྐུར། དེའི་དུས་སུ་རྡོ་རྗེ་རྣལ་འབྱོར་མའི་ཞལ་ཇི་ལྟ་བ་བཞིན་དུ་གཟིགས་ནས། གདམས་ངག་མ་ལུས་པར་ཞུས་ནས་བྱིན་གྱིས་བརླབས་པ་ཡིན་གསུངས།
༡༥. བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་པའི་ཆེ་བ་ནི། གསང་སྔགས་ཐེག་པའི་གཞུང་ལྟར་ན། །བསྐྱེད་པའི་རིམ་པ་བརྟན་པར་ངེས། །ཕ་རོལ་ཕྱིན་པའི་གཞུང་ལྟར་ན། །སྦྱོར་བའི་ལམ་པ་ཡིན་པར་གསལ། །རང་ལྷར་བྱིན་གྱིས་བརླབས་སོ་ཞེས། །གྲགས་པའི་སྙན་པས་ཕྱོགས་བཅུར་ཁྱབ། །ཅེས་སོ།།
༡༦. རྫོགས་པའི་རིམ་པ་ལ་མངའ་བརྙེས་པའི་ཆེ་བ་ནི། ཁྱོད་ནི་གསང་སྔགས་རྣལ་འབྱོར་པ། །དྲི་མེད་རྡོ་རྗེའི་ཐུགས་དང་ལྡན། །ཞེས་གསུངས་པ་ལྟར། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བའི་ལྷན་ཅིག་སྐྱེས་པའི་བདེ་བ་དང་སྟོང་པ་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ཟབ་མོ་ཐུགས་ལ་འཁྲུངས་ཤིང་། བླ་མ་ཨ་ཝ་དྷཱུ་ཏི་པ་ལོ་བདུན་གྱི་བར་དུ་བསྟེན་ནས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའང་ལོ་དྲུག་གམ་གསུམ་དུ་མཛད་ཅིང་། དེའི་ཚེ་ཨྱོན་དུ་མཁའ་འགྲོ་མ་རྣམས་ཀྱིས་གླུ་བླངས་པ་ཐུགས་ལ་བཟུང་བའང་ཡོད་དོ། །དེ་དག་ནི་ཁྱིམ་ན་གནས་པའི་རྣམ་པར་ཐར་པ་ལགས། ཐར་པར་གཤེགས་པའི་ཡོན་ཏན་གྱི་དབང་དུ་བྱས་ན།
༡༧. དཔལ་ཧེ་རུ་ཀས་རབ་ཏུ་བྱུང་བར་བསྐུལ་བའི་ཆེ་བ་ནི། རྗེའི་ཐུགས་དགོངས་ལ། གསང་སྔགས་ཀྱི་གདམས་པ་དང་བྱིན་རླབས་དང་ནུས་མཐུ་དང་མཁྱེན་རྒྱ་ང་ལས་ཆེ་བ་མེད། ད་ལམ་འདི་ཉིད་ལ་བརྟེན་ནས་བྱང་ཆུབ་བསྒྲུབ་བོ་དགོངས་ནས། སྒྲུབ་པ་ཉམས་སུ་ལེན་ཅིང་ཡོད་པའི་དུས་སུ། ནུབ་གཅིག་རྨི་ལམ་དུ། དཔལ་ཧེ་རུ་ཀ་མདུན་གྱི་ནམ་མཁའ་ལ་བྱོན་ནས། རིགས་ཀྱི་བུ་ཨ་ཝ་དྷཱུ་ཏིའི་སྤྱོད་པས་གར་ཡང་མི་ཕྱིན་གྱིས། ཁྱོད་རབ་ཏུ་ཕྱུང་ན། དུས་ཕྱིས་ཙ་ན་རབ་ཏུ་བྱུང་བའི་གདུལ་བྱ་མང་པོ་འོང་བར་འདུག་གོ་ཞེས་ལུང་བསྟན་ཏོ།།
༡༨. བཅོམ་ལྡན་འདས་ཉིད་ཀྱིས་རབ་ཏུ་འབྱུང་བར་བསྐུལ་བའི་ཆེ་བ་ནི། ནུབ་གཅིག་གི་རྨི་ལམ་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དགེ་འདུན་མང་པོའི་འཁོར་དང་བཅས་ནས། གདུགས་ཚོད་གསོལ་གྱིན་འདུག །དེའི་གྲལ་ཞབས་ན་ཇོ་བོ་ཉིད་ཀྱང་བཞུགས་འདུག་པ་ལ། བཅོམ་ལྡན་འདས་ཀྱིས་ཇོ་བོ་ལ་གཟིགས་ནས། མི་མ་གི་ཅི་ལ་ཆགས་ནས་རབ་ཏུ་མི་འབྱུང་ཞེས་གསུང་བ་ཅིག་རྨིས། དེ་ནས་རབ་ཏུ་འབྱུང་བར་ཐུགས་ཀྱིས་དགོངས་སོ།།
༡༩. སོ་སོ་ཐར་པའི་བསྟན་པའི་སྒོར་རྫོགས་པར་ཞུགས་པའི་ཆེ་བ་ནི། ཁྱོད་ཀྱི་མཁན་པོ་སྦྱོར་ལམ་པ། །ཡིན་པར་ཀུན་ལ་གྲགས་པ་ལགས། །ཞེས་འབྱུང་བ་ལྟར། །དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ་ཕལ་ཆེན་སྡེ་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཤཱི་ལ་རཀྵི་ཏ་ཞེས་བྱ་བ་སྦྱོར་ལམ་གྱི་དེ་ཁོ་ན་ཉིད་ཀྱི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་བརྙེས་པ་ཅིག་ལ་མཁན་པོ་ཞུས་ནས་རབ་ཏུ་བྱུང་ཞིང་བརྙེན་པར་རྫོགས་པར་མཛད་དེ། མཚན་ཡང་དཔལ་མར་མེ་མཛད་ཡེ་ཤེས་བྱ་བར་གསོལ།
༢༠. ནང་རིག་པའི་བསྟན་བཅོས་སྡེ་སྣོད་གསུམ་ལ་མཁས་པའི་ཆེ་བ་ནི། དེ་ནས་ལོ་སུམ་ཅུ་རྩ་གཅིག་གི་བར་དུ་བླ་མ་མང་པོ་ལ་ཐེག་པ་གསུམ་གྱི་གཞུང་ཤིན་ཏུ་མང་བར་གསན་ཏེ། ཐེག་པ་ཆུང་ངུའི་གཞུང་ལ། རྩ་བའི་སྡེ་བཞི་ཀའི་མདོ་སྡེ་འདུལ་བ་མངོན་པ་གསུམ་ག་མཁྱེན། སྡེ་པ་བཞི་ཀའི་ལག་ལེན་བྱིན་ལེན་ཚུན་ཆད་མ་འདྲེས་པར་འབྱེད་པ་མཁྱེན། དེ་ཐམས་ཅད་ཀྱི་ཐུན་མོང་བ་བྱེ་བྲག་བཤད་མཚོ་ཆེན་མོ་དགྲ་བཅོམ་པ་ཉེར་སྦས་ཀྱིས་མཛད་པ་བམ་པོ་བརྒྱད་བརྒྱ་ཡོད་པ་དེ་བླ་མ་དྷརྨ་རཀྵི་ཏ་ལ་ཨོ་ཏནྟ་པུ་རིར་ལོ་བཅུ་གཉིས་སུ་གསན་ནོ། །བསྟོད་པ་ལས། བླ་མ་བཟང་པོ་མང་བསྟེན་པས། །ཁྱོད་ནི་ཐོས་པའི་རྒྱན་གྱིས་བརྒྱན། །ཐེག་པ་གསུམ་དང་སྡེ་སྣོད་གསུམ། །ཁྱོད་ནི་མཁས་པ་ཆེན་པོ་ཡིན། །ཞེས་སོ།།
༢༡. ལྷག་པར་ཐེག་པ་ཆེན་པོའི་གཞུང་ལ་མཁས་པའི་ཆེ་བ་ནི། མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་རྣམས་རིག་པའི་ཁུ་བྱུག་ཆེ་བ་དང་། བླ་མ་བྱང་ཆུབ་བཟང་པོ་དང་། ཨ་ཝ་དྷཱུ་ཏཱི་པ་རྣམས་ལ་གསན་ལ། བྱམས་པ་ཐོགས་མེད་ནས་བརྒྱུད་པའི་རྒྱ་ཆེ་བའི་ལམ་གྱི་རིམ་པ་བླ་མ་གསེར་གླིང་པ་དང་། ཤནྟི་པ་ལ་གསན་ནས་གཞུང་མན་ངག་མ་ལུས་པ་ཐུགས་སུ་ཆུད་པ་ཡིན་ཏེ། ཡུན་རིང་བསྟེན་པའི་བླ་མ་ནི། །ཤནྟི་པ་དང་གསེར་གླིང་པ། །བྷ་དྲ་བོ་དྷི་ཛྙཱ་ན་ཤྲཱི། །དངོས་གྲུབ་ཐོབ་པ་མང་པོ་དང་། །ཁྱད་པར་དུ་ཡང་ཀླུ་སྒྲུབ་ནས། །གཅིག་ནས་གཅིག་ཏུ་བརྒྱུད་པ་ཡི། །ཟབ་པ་དང་ནི་རྒྱ་ཆེ་བའི། །གདམས་པ་ཁྱོད་ལ་མངའ་བ་ལགས། །ཞེས་གསུངས་སོ།།
༢༢. དམ་པའི་ཆོས་ཀྱི་ཕྱིར་དཀའ་བ་སྤྱད་པའི་ཆེ་བ་ནི་སློབ་དཔོན་ཀླུ་སྒྲུབ་ནས་བརྒྱུད་པའི་གཞུང་རྣམས་མཉན་པའི་ཕྱིར། རྒྱ་མཚོ་ཆེན་པོར་ཞུགས་ནས་བླ་མ་རྗེ་བཙུན་དགོན་པ་བ་ལ་བརྟེན་ནས་བཀའ་དྲིན་ཞུས་སོ། །བླ་མ་གསེར་གླིང་པ་ལ་བྱམས་སྙིང་རྗེ་ལས་བརྩམས་པའི་ཆོས་གསན་པར་བཞེད་ནས། ནོར་བུ་རིན་པོ་ཆེ་ལེན་པའི་ཚོང་པ་ཚན་གཅིག་དང་བསྡེབས་ནས་གཟིངས་ཆེན་པོ་བྱས་ནས་བྱོན་པ་ལ། དུང་གི་མཚོན་དང་། འོ་མའི་མཚོ་དང་། མཚོ་ས་གནོན་ལ་སོགས་པར་གཟིངས་རླུང་གིས་དེད་པས་ཆུ་སྲིན་ཆེན་པོ་ཉ་རློན་མིད་ཆེན་པོ་ཡང་མཐོང་གསུངས། རྒྱ་མཚོ་ཆེན་པོ་ན་གསེར་སྐུ་ཆེན་པོ་ཞིག་བཞུགས་འདུག་པའི་སྒྱིད་པའི་འོག་ན་ཕར་མི་གཅིག་གཟན་ཟ་ཙམ་འགྲོ་དགོས་པར་འདུགསྤྱི་བོ་ན་བྱ་མང་པོ་བབས། སྟེང་ནས་སྐུ་ལུས་ཁྱབ་པའི་ཆུ་ཡང་འབབ་ཀྱི་འདུག །ངས་དེ་ལྟ་བུ་ཡང་མཐོང་། ཁྱེད་ཀྱིས་དཀའ་བའི་ལས་མ་བགྱིས་པར་སྙིང་པོའི་དོན་རྙེད་པ་བསོད་ནམས་ཆེའོ། །ལེགས་པར་ནན་ཏན་གྱིས་ཤིག་གསུངས། དཔལ་དྷརྨ་ཀཱིརྟིས། བགྲོད་པར་དཀའ་བའི་ཆུ་གཏེར་དང་། །བཤུལ་རིང་དུབ་པ་ཁྱད་བསད་ནས། །བླ་མ་མཆོག་ལ་རི་མོ་དག། ཁྱོད་ཀྱིས་མ་བྱས་གང་ཞིག་ཡོད་ཅེས་བསྟོད་པ་ལྟར་རོ།།
༢༣. གཞན་ཕན་བདེ་ལ་འགོད་པའི་བྱམས་པ་དང་ལྡན་པའི་ཆེ་བ་ནི། །ཁྱོད་ནི་གཞན་ལ་ཕན་པ་དང་། །བདེ་མཛད་ཐུགས་ནི་ཆུང་གྱུར་པས། །གཞན་གྱིས་ཇི་ལྟར་ཞུས་པ་བཞིན། །མི་གནང་བར་ནི་ཁྱོད་མི་མཛད། །ཅེས་པ་ལྟར་རོ།།
༢༤. སྙིང་རྗེ་ཆེན་པོ་དང་ལྡན་པའི་ཆེ་བ་ནི། །སེམས་ཅན་སྡུག་བསྔལ་ཅན་གཟིགས་ནས། །ཐུགས་ཀྱིས་མི་བཟོད་སྤྱན་ཆབ་འབྱུང་། །སྙིང་རྗེས་ཐུགས་ནི་གདུངས་པ་ཁྱོད། །རྟག་ཏུ་གཞན་དོན་འབའ་ཞིག་མཛད། །དེས་ན་ཁྱོད་ལ་ཐམས་ཅད་ཀྱིས། །བསྙེན་བཀུར་ཆེན་པོ་བྱ་བར་རིགས། །གང་ཟག་དམ་པ་ཁྱོད་ལྟ་བུ། །ཡུལ་ཕྱོགས་གང་ནའང་ཡོད་མ་ཡིན། །ཞེས་པ་ལྟར་རོ།།
༢༥. ལྷག་པའི་བསམ་པས་གཞན་དོན་གྱི་ཁུར་ཁྱེར་བའི་ཆེ་བ་ནི། ཁྱོད་ནི་སྐུ་ན་འགྲེས་ན་ཡང་། །ལྷག་པའི་བསམ་པ་རྣམ་དག་པས། །གཞན་དོན་གཙོ་བོར་མཛད་པའི་ཕྱིར། །ལོ་ཟླའི་བཤུལ་ཡང་བགྲོད་པར་མཛད། །ཅེས་པ་ལྟར་རོ།།
༢༦. བདག་གཞན་མཉམ་པར་གཟིགས་པའི་ཆེ་བ་ནི། ཁྱོད་ལ་བདག་དང་གཞན་མེད་པས། །དགྲ་ཟུན་ཕམ་རྒྱལ་ཁེངས་དྲེགས་མེད། །ཀུན་གྱི་ཕ་མ་ཁྱོད་ལྟ་བུ། །དེང་སང་དུས་ན་ངོ་མཚར་ཆེ། །རྒྱུ་འབྲས་འབྲེལ་པ་ཆུད་གཟོན་པའི། །གཞན་དག་སྡིག་པ་བྱེད་གཟིགས་པ། །དེ་ཡི་འགྲོ་བ་ཅིར་འགྱུར་ཞེས། །ཐུགས་ཀྱིས་མི་བཟོད་སྤྱན་ཆབ་འབྱུང་། །ཞེས་པ་ལྟར་རོ།།
༢༧. སྦྱིན་པ་ལ་ཉེ་རིང་མེད་པའི་ཆེ་བ་ནི། འདི་ལ་མི་སྦྱིན་འདི་ལ་སྦྱིན། །འདི་ལ་མི་དབུལ་འདི་ལ་དབུལ། །ཐུགས་ནི་ཀུན་ལ་སྙོམས་གྱུར་པས། །གང་ལའང་བྱེ་བྲག་དབྱེར་མི་མཛད་ཅེས་སོ།།
༢༨. ཉེས་པ་ཕྲ་མོས་ཀྱང་མ་གོས་པའི་ཚུལ་ཁྲིམས་དང་ལྡན་པའི་ཆེ་བ་ནི། ཁ་ན་མ་ཐོ་ཕྲ་རབ་ལའང་། །ཐུགས་ནི་ཤིན་ཏུ་འཇིགས་པར་མཛད། །དྲན་དང་ཤེས་བཞིན་ལྡན་པ་ཡིས། །ཚུལ་བཞིན་མ་ཡིན་ཡིད་མི་མཛད། །བག་ཡོད་དྲན་དང་གཡོ་སྒྱུ་མེད། །ལྟུང་བའི་ཉེས་པས་ཁྱོད་མ་གོས། །ཞེས་གསུངས་སོ།།
༢༩. མི་མཐུན་པའི་རྐྱེན་གྱིས་སྒུལ་མི་ནུས་པའི་བཟོད་པ་དང་ལྡན་པའི་ཆེ་བ་ནི། འཇིག་རྟེན་མི་རྣམས་ཐམས་ཅད་ཀྱིས། །བརྙས་ཤིང་སྐུར་པ་འདེབས་པ་དང་། །ཕྲག་དོག་རྔན་ཆེན་བྱེད་ན་ཡང་། །གཉེན་པོ་བསྟེན་ནས་ཕྱིར་ལ་འགྱེས། །ཞེས་སོ།།
༣༠. བཟོད་པའི་རྒྱུ་ཆོས་བརྒྱད་མགོ་སྙོམས་པའི་ཆེ་བ་ནི། ཁྱོད་ཀྱིས་འཇིག་རྟེན་ཆོས་བརྒྱད་པོ། །ཐམས་ཅད་ཁྱད་དུ་བསད་ནས་ནི། །གཞན་དག་ཇི་ལྟར་མོས་པ་ཡི། །སེམས་དང་བསྟུན་པའི་སྤྱོད་པ་མཛད། །ཅེས་དང་། བསྟོད་པ་དང་ནི་སྨད་པ་ཡིས། །ཁྱོད་ལ་དགྱེས་དང་མི་དགྱེས་མེད། །ཅེས་གསུངས་པ་ལྟར་རོ།།
༣༡. བརྩོན་འགྲུས་ཆེན་པོས་ཡེ་ཤེས་ཀྱི་ཚོགས་གསོག་པའི་ཆེ་བ་ནི། ཆོས་ཀྱི་དབྱིངས་ན་རྟག་བཞུགས་པས། །ཡེ་ཤེས་ཚོགས་ནི་གསོག་པར་མཛད། །ཅེས་སོ།།
༣༢. བསོད་ནམས་ཀྱི་ཚོགས་གསོག་པའི་ཆེ་བ་ནི། ཐེག་ཆེན་མདོ་སྡེ་ལས་གསུངས་པའི། །ཐབས་ཀྱིས་བསོད་ནམས་ཚོགས་རྫོགས་མཛད། །ཅེས་སོ།།
༣༣. ནམ་མཁའ་རྣམ་པར་དག་པ་ལྟ་བུའི་མཉམ་གཞག་ལ་གནས་པའི་ཆེ་བ་ནི། ཁྱོད་ནི་སྟོང་ཉིད་རྣལ་འབྱོར་པ། །རྟག་ཏུ་ཆོས་སྐུའི་ངང་ལ་གནས། །ཞེས་གསུངས་སོ།།
༣༤. རྗེས་ཐོབ་ཏུ་ལྷ་སྐུ་སྒྱུ་མ་ལྟ་བུ་ལས་མ་གཡོས་པའི་ཆེ་བ་ནི། །གཟུགས་སྐུ་གཉིས་ཀྱི་ཐུགས་དམ་ལྷ། །ཐུན་མཚམས་རྣལ་འབྱོར་ཡེངས་མི་མཛད། །ཅེས་སོ།།
༣༥. ཟབ་གསལ་ཐོགས་པ་མེད་པའི་ཤེས་རབ་དང་ལྡན་པའིད་ཆེ་བ་ནི། ཚུལ་ཁྲིམས་རྣམ་པར་དག་གྱུར་པས། །སྐྱོབ་པ་ཤཱཀྱ་སེང་གེ་ཡི། །ཟབ་པ་དང་ནི་རྒྱ་ཆེ་བའི། །བསྟན་པ་ཁྱོད་ཀྱི་ཐུགས་ལ་གནས། །ཅེས་སོ།།
༣༦. གཞན་ལྟ་བ་ངན་པའི་འཆིང་བ་ལས་གྲོལ་བར་མཛད་པའི་ཆེ་བ་ནི། །ལྟ་བ་མི་མཐུན་སྣ་ཚོགས་པ། །སྔོན་གི་སློབ་དཔོན་རྗེས་འབྲངས་ནས། །སོ་སོར་མི་འཐུན་རྩོད་པ་ཀུན། །ཁྱོད་ཀྱིས་ལུང་དང་རིག་པས་བཀྲོལ། །ཞེས་སོ།།
༣༧. བརྒྱུད་ལྡན་གྱི་བླ་མ་ཇི་ལྟར་བསྟེན་པའི་ཆེ་བ་ནི། སྤྱིར་ན་བླ་མ་ལྔ་བཅུ་བསྟེན་པར་གྲགས་ལ། སྔགས་དང་ཕ་རོལ་ཏུ་ཕྱིན་པའི་གདམས་པ་གསན་པའི་བླ་མ་བདུན་ཅུ་རྩ་གཉིས་ཡོད། ཁྱད་པར་བྱང་ཆུབ་སེམས་ཀྱི་གདམས་པ་སྟོན་པའི་བླ་མ་གསུམ་ནི། བླ་མ་དྷརྨ་རཀྵི་ཏ། བྱམས་པའི་རྣལ་འབྱོར་པ། གསེར་གླིང་པ་སྟེ། དེ་དག་ལས་ཀྱང་བླ་མ་གསེར་གླིང་པ་ལས་བྱང་ཆུབ་ཀྱི་སེམས་རྫོགས་པར་འཁྲུངས་ཤིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་རྫོགས་པར་གསན་པས། རྩ་བའི་བླ་མ་འགྲན་གྱི་དོ་མེད་དུ་མཛད་དོ། །
དེས་ན་བརྒྱུད་པ་འདིའི་ལུགས་ལ་གང་ལས་བྱང་ཆུབ་ཀྱི་སེམས་རྙེད་པ་ལ་རྩ་བའི་བླ་མར་འཛིན་ཅིང་། རྩ་བའི་བླ་མ་དེ་ཡང་ངེས་པར་བྱང་ཆུབ་ཀྱི་ཐུགས་དང་ལྡན་པ་ཅིག་དགོས་ཏེ། བེའུ་བུམ་སྔོན་པོ་ལས།ཐེག་ཆུང་སྡེ་སྣོད་གསུམ་ནི་ཤེས་ན། །བྱང་སེམས་མི་ལྡན་ཁྱིམ་པ་ལས་ཀྱང་། །མཉན་རུང་གསུངས་ཏེ་དེ་ཡང་དཀའ་ན། །ཆེན་པོའི་སྡེ་སྣོད་ཤེས་པར་གྱུར་ཀྱང་། །བྱང་སེམས་མི་ལྡན་ཀུན་ལས་མི་རུང་། །མཉན་རུང་དེ་ལས་ཡོན་ཏན་མི་འབྱུང་། །ཐེག་ཆེན་བྱིན་གྱིས་བརླབས་ལ་རག་ལུས། །ཞེས་གསུངས་སོ། །དངོས་གྲུབ་བརྙེས་པའི་བླ་མ་གསུམ་ནི། ཨ་ཝ་དྷཱུ་ཏཱི་པ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ། ཌོམྡྷི་པ་རྣམས་སོ།། ཨ་ཝ་དྷཱུ་ཏཱི་པ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་ལ། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ནི་སྔར་སེམས་ཙམ་གྱི་ལྟ་བ་འཛིན་པ་ལ། ཕྱིས་དབུ་མའི་རྟོགས་པ་བརྙེས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ཡིན། འདི་དབུ་མ་བརྟན་པའི་གཏན་ཚིགས་ཀྱང་ཡིན་གསུངས། ཌོམྦྷི་བ་ནི། ཇོ་བོས་དངོས་སུ་མ་མཇལ་ཡང་བྱིན་གྱིས་བརླབས་པའི་བླ་མ་ཡིན་ཏེ། བླ་མ་དེ་དང་ཇོ་བོ་གཉིས་ཟླ་ལམ་ཙམ་ན་བཞུགས་པ་ལ་གསོལ་བ་བཏབ་པ་ལས། ནུབ་གཅིག་གི་རྨི་ལམ་ན་དགེ་སློང་ཞིག་མི་ཤ་ལག་པ་གཅིག་ཟ་ཡིན་བྱུང་བས། དགེ་སློང་མི་ཤ་ཟ་བ་སྙམ་པ་ཅིག་ཐུགས་ལ་བྱུང་བ་ན། སངས་རྒྱས་ལ་འཁྲུལ་པ་མངའ་འམ་ཟེར། མི་མངའ་བྱས་པས། འོ་ན་ཁྱོད་འདི་ཟ་འམ་ཟེར་ནས་སྲིན་ལག་གཅིག་བཅད་ནས་བྱིན་པ་ཟོས་པ་སྙམ་བྱེད་པ་ཅིག་རྨིས་པ་དང་། ཇོ་བོས་ཏིང་ངེ་འཛིན་ཁྱད་པར་ཅན་ཐོབ་པ་དེ་ནི་བླ་མ་དེས་དངོས་སུ་བྱིན་གྱིས་བརླབས་པ་ཡིན་ཀྱང་ཌོམྡྷི་པའི་ཡིན་པ་མ་ཤེས་པ་ལ། དུས་ཕྱིས་ཌོམྡྷི་པ་ལ་སྔགས་པ་གཅིག་གིས་གསོལ་བ་བཏབ་པས། བླ་མ་ཌོམྡྷི་པའི་ཞལ་ནས། ང་དང་ཁྱོད་ལས་འབྲེལ་མེད། ངས་དུས་ཚོད་འདི་ཙ་ན་བྱིན་གྱིས་བརླབས་པའི་ངའི་སློབ་མ་ཡེ་ཤེས་ཀྱི་མཚན་ཅན་ཞིག་ཡོད། དེ་དང་ལས་ཀྱི་འབྲེལ་པ་ཡོད་པས་གསོལ་བ་ཐོབ་ཅིག་གསུངས་ནས་ལུང་བསྟན། སྔགས་པ་དེས་ཇོ་བོའི་སྤྱན་སྔར་བྱོན་ནས་མཎྜལ་ཕུལ་གསོལ་བ་བཏབ་པས། ཁྱོད་འདིར་སུས་བཏང་གསུངས། གོང་གི་ལོ་རྒྱུས་ཞུས་པས། བླ་མ་ཌོམྡྷི་པས་བྱིན་གྱི་བརླབས་པར་མཁྱེན་སྔགས་པ་དེ་ལ་ཇོ་བོས་བྱིན་གྱིས་བརླབས་པས། ཧེ་རུ་ཀའི་དཀྱིལ་འཁོར་མངོན་སུམ་དུ་གྱུར་ཟེར་ཏེ། བདེན་པ་གཟིགས་པའི་དོན་ཡིན་གསུངས།
དེ་ཡང་བེའུ་བུམ་ལས། མངོན་ཤེས་རྒྱ་ཆེན་མངའ་བའི་བླ་མའང་། །གསུམ་མངའ་ལོ་བདུན་འབྲངས་པའི་ཨ་དྷཱུ། །གཤིན་རྗེ་གཤེད་དང་བྱིན་རློབ་བླ་མ། །གཤིན་རྗེས་སྔ་ན་སེམས་ཙམ་ལྟ་བ། །ཕྱིས་ནི་དབུ་མའི་རྟོགས་པ་བརྙེས་གསུངས། །བྱིན་རློབ་བླ་མ་རྨི་ལམ་ན་ཡིན། །ལྷ་གཅིག་ཏིང་འཛིན་ཁྱད་པར་ཅན་བརྙེས། །དེ་ནི་དེ་ཡིས་དངོས་སུ་བྱིན་རླབས། །ཤེས་བྱེད་གཞན་གྱིས་ཞུས་པ་དེས་ཤེས། །ང་དད་འབྲེལ་མེད་དེ་ལ་ཞུས་དང་། །དེ་ཡིས་ཉི་མ་བཞི་ལྔར་མཎྜལ། །ཞབས་ལ་ཅུང་ཟད་ཕུལ་ནས་དྲིན་ཁྱབ། །ཧེ་རུ་ཀ་ཡི་དཀྱིལ་འཁོར་མངོན་གྱུར། །ཞེས་འབྱུང་བ་ལྟར་རོ། །
གཞན་ཡང་ལྟ་བ་ལུང་སྟོན་པའི་བླ་མ་ནཱ་རོ་པ། ལས་ཚོགས་བྱིན་རླབས་སྟེར་བའི་བླ་མ་བ་ལཱིཾ་ཨཱ་ཙཱ་རྻ་ཆེན་པོ། རྫུ་འཕྲུལ་གྱི་བྱིན་རླབས་སྟེར་བའི་བླ་མ་པཎྜི་ཏ་མི་ཆེན་པོ། ཕག་མོའི་བྱིན་རླབས་སྟེར་བའི་བླ་མ་བྷུ་ཏ་ཀོ་ཊི་པ། ཀླུ་སྒྲུབ་ཀྱི་གདམས་པ་སྟེར་བའི་བླ་མ་མཁས་པ་ཆེན་པོ་རྟ་མཆོག །བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་བླ་མ་ཤེས་རབ་བཟང་པོ། ཚིག་དང་དོན་རྒྱས་པར་བྱེད་པའི་བླ་མ་ཤནྟི་པ། དཔལ་ན་ལེནྡྲའི་པཎྜི་ཏ་བྱང་ཆུབ་བཟང་པོ། ཐོག་མར་རྗེས་སུ་བཟུང་བའི་བླ་མ་ཛེ་ཏཱ་རི་དང་། རདྣ་ཀཱི་རྟི་རྣམས་སོ། །ཇོ་བོ་ཉིད་ཀྱི་ཞལ་ནས། ཕྱི་ནང་གི་ཁྱད་པར་འབྱེད་མཁྱེན་པ་ངའི་བླ་མ་གསེར་གླིང་པ་དང་ཤནྟི་པ་གཉིས་ང་དང་གསུམ། ངའི་སློབ་མ་སའི་སྙིང་པོ་དང་བཞི་ལས་མེད། དེ་ཡང་ཐེ་ཚོམ་གྱི་གཅོད་ས་དང་། ཆོས་འདྲི་ས་ང་དང་བླ་མ་ཤནྟི་པ་གཉིས་ལ་བྱེད་པ་ཡིན་པ་ལ། བླ་མ་འདས། ང་བོད་དུ་འོངས། རྒྱ་གར་ཡང་ངན་བར་ཐལ་གསུངས།
༣༨. ཟབ་མོའི་ལྟ་བ་ལ་གཞན་དྲིང་མི་འཇོག་བའི་ཆེ་བ་ནི། བླ་མ་གསེར་གླིང་པ་ལྟ་བ་སེམས་ཙམ་རྣམ་བདེན་འཛིན། ཤནྟི་པ་རྣམ་རྫུན་འཛིན། ཇོ་བོ་ཉིད་ནི་རབ་ཏུ་མི་གནས་པའི་དབུ་མ་འཛིན་ཏེ། དབུ་མའི་མན་ངག་ཏུ་བསྟན་པ་དེ་ཡིན། བླ་མ་གསེར་གླིང་པ་ཆོས་ཐམས་ཅད་རང་བཞིན་མེད་པར་འདོད་པ་ནི་ནོར་པར་རྩི་བས། ཇོ་བོ་ལ་ཡང་ཁྱོད་ལྟ་བུའི་ཤེས་རབ་ཆེ་བས་ཀྱང་ལྟ་བ་དེ་ལྟར་ངོ་མཚར་ཆེ་ཞེས་ཡང་དང་ཡང་དུ་གསུང་ཡང་། ཇོ་བོ་ནི་དབུ་མའི་ལྟ་བ་དེ་ལ་སླར་མོས་པ་ཆེར་སོང་སྐད། བླ་མ་ཤནྟི་པ་ཕར་ཕྱིན་འཆད་པའི་དུས་སུ། སློབ་དཔོན་སེང་གེ་བཟང་པོས་བརྒྱད་སྟོང་འགྲེལ་ཆེན་དུ་དབུ་མར་བཤད་པ་མྱུག་བྱུང་ཚད་རེ་རེ་ནས་སུན་འབྱིན་ཅིང་འཆད་པ་ལ། ངའི་དབུ་མ་དེ་ཉིད་ཀྱིས་གསལ་བཏབ་པ་ལྟར་སོང་བས། རྣལ་འབྱོར་སྤྱོད་པའི་དབུ་མ་ཤིན་ཏུ་བརྟན་ཏུ་སོང་། སློབ་དཔོན་ཟླ་གྲགས་ཀྱི་དབུ་མ་ལ་འཇུག་པའི་ལུགས་ལ་ཡང་ཆེར་དད་དུ་སོང་གསུངས་ཏེ། དེ་ཡང་བེའུ་བུམ་ལས། ལྷ་གཅིག་བླ་མ་གསེར་གླིང་ཤནྟིཾ། །ལྟ་བ་སེམས་ཙམ་རྣམ་བདེན་རྣམ་རྫུན། །ལྷ་གཅིག་རབ་ཏུ་མི་གནས་དབུ་མ། །རྣལ་འབྱོར་དབུ་མ་ཞེས་ཀྱང་མིང་འདོགས། །གསེར་གླིང་ངོ་མཚར་ཆེ་བས་ཡང་ཡང་། །ཁྱོད་ལྟ་ཤེས་རབ་ཤིན་ཏུ་ཆེ་ཡང་། །ལྟ་བ་འདི་ལྟར་གོ་བ་མཚར་ཆེ། །གསུང་ཡང་དེ་ལ་མོས་པ་སླར་ཆེ། །བླ་མ་ཤནྟིཾ་ཤེར་ཕྱིན་འཆད་སྐབས། །དབུ་མར་བཤད་པ་རེ་རེར་སུན་འབྱིན། །ང་ཡི་དབུ་མ་དེ་ཉིད་གསལ་བཏབ། །རྣལ་འབྱོར་དབུ་མ་ཤིན་ཏུ་བརྟན་ལ། །སློབ་དཔོན་ཟླ་གྲགས་ལུགས་ལའང་ཆེར་དད། །ཅེས་འབྱུང་ངོ་།།
༣༩. བསྟན་བཅོས་རྩོམ་པ་ལ་དབང་བའི་ཆེ་བ་ནི། རབ་ཡི་དམ་ལྷའི་ཞལ་གཟིགས་པ། འབྲིང་རིག་པའི་གནས་ལྔ་ལ་མཁས་པ། ཐ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས། དམ་པ་བར་མ་ཆད་པའི་མན་ངག་དང་ལྡན་པ་གསུམ་ལས། གང་ཡང་རུང་བ་ཅིག་གིས་ཀྱང་བསྟན་བཅོས་རྩོམ་པ་ལ་དབང་ན། ཇོ་བོ་ལ་ནི་གསུམ་ག་མངའ་བས། རྒྱལ་བའི་དགོངས་པ་ལེགས་པར་གཏན་ལ་འབེབས་ནུས་སོ། །དོན་དེ་ཉིད་བེའུ་བུམ་ལས། དེ་ལྟར་བླ་མའི་མན་ངག་མངའ་ཞིང་། ཐུགས་དམ་ལྷ་ཡི་ཞལ་ཡང་གཟིགས་ལ། །རིག་པའི་གནས་ལྔ་ཀུན་ལ་མཁས་པས། །བྱང་ཆུབ་ལམ་ནི་གསལ་བར་མཛད་ནུས། །ཞེས་འབྱུང་ངོ་།།
༤༠. སོ་སོ་ཐར་པའི་སྡོམ་པ་མཆོག་དང་ལྡན་པའི་ཆེ་བ་ནི། ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་མནོས་ནས། བསླབ་པའི་གཞི་ཕྲ་མོ་རེ་ཡང་སྲོག་དང་བསྡོས་ནས་བསྲུངས་པས། གནས་བརྟན་འདུལ་བ་འཛིན་པ་ཆེན་པོར་གྱུར་པ་ཡིན་ཏེ། དེ་ཡང་བསྟོད་པར། ཁྱོད་ནི་ཉན་ཐོས་ཐེག་པའི་སྒོར་ཞུགས་ནས། །ཚུལ་ཁྲིམས་གཡག་རྔ་བཞིན་དུ་བསྲུང་མཛད་ཅིང་། །ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཆོག།གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ། །ཞེས་དང་། ཁྱོད་ནི་བསླབ་པ་གསུམ་ལྡན་པས། །འཆལ་པའི་དྲི་མ་གསལ་བ་ཡིན། །ཚུལ་ཁྲིམས་དྲི་དང་ལྡན་པས་ན། །རིང་ན་གནས་པ་རྣམས་ཀྱང་འདུ། །ཞེས་གསུངས་སོ།།
༤༡. བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་ཆེ་བ་ནི། བླ་མ་གསེར་གླིང་པ་ལས་བྱང་ཆུབ་སེམས་དཔའི་སྨོན་པ་དང་འཇུག་པའི་སྡོམ་པ་མནོས་ནས། ཕམ་པ་དང་ཉེས་བྱས་ཀྱིས་མ་གོས་པར་བསྲུང་བར་མཛད་པ་ཡིན་ཏེ། ཁྱོད་ནི་ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །ལྷག་པའི་བསམ་པ་རྣམ་པར་དག་གྱུར་ཅིང་། །བྱང་ཆུབ་སེམས་ཀྱི་འགྲོ་རྣམས་མི་གཏོང་བ། །བློ་ལྡན་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ། །ཞེས་སོ།།
༤༢. གསང་སྔགས་ཀྱི་སྡོམ་པ་དང་ལྡན་པའི་ཆེ་བ་ནི། རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་བཅས་པའི་མཚམས་ལས་མི་འདའ་བར་དམ་ཚིག་ཚུལ་བཞིན་དུ་སྲུང་བར་མཛད་ཅིང་། རང་གི་ལུས་ལྷར་གཟིགས་པའི་བསྐྱེད་པའི་རིམ་པ་དང་། རྡོ་རྗེའི་ཐུགས་རྗོགས་པའི་རིམ་པ་དང་ལྡན་པས་རྣལ་འབྱོར་པའི་གཙོ་བོ་ཞེས་སྤྱིར་བསྟོད་པ་ཡིན་ཏེ། ཁྱོད་ནི་གསང་སྔགས་ཐེག་པའི་སྒོར་ཞུགས་ནས། །རང་ལུས་ལྷར་གཟིགས་རྡོ་རྗེའི་ཐུགས་དང་ལྡན། །རྣལ་འབྱོར་དབང་ཕྱུག་ཨ་ཝ་དྷཱུ་ཏཱི་པ། །སྦས་པའི་བརྟུལ་ཞུགས་མཛད་ལ་ཕྱག་འཚལ་ལོ། །ཞེས་དང་། བག་ཡོད་དྲན་དང་གཡོ་སྒྱུ་མེད། །ལྟུང་བའི་ཉེས་པས་ཁྱོད་མ་གོས། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་སྡོམ་པ་གསུམ་གྱི་བསླབ་པ་རྣམས་ཁས་ལེན་པ་ལ་དཔའ་བ་ཙམ་མ་ཡིན་པར་ཇི་ལྟར་ཁས་བླངས་པའི་རྗེས་སུ་འབྲངས་ཏེ། བཅས་པའི་མཚམས་ལས་མི་འདའ་བར་བསྲུང་ཞིང་། རྒྱ་ལ་ཅུང་འདས་ན་ཡང་མྱུར་བ་མྱུར་བར་རང་རང་གི་ཕྱིར་བཅོས་ཀྱི་ཆོ་གས་དག་པར་བྱེད་པའི་རྣམ་པར་ཐར་པ་འདི་ནི་གསུང་རབ་ཀྱི་གནད་ཤེས་པའི་མཁས་པ་རྣམས་དགའ་བ་སྐྱེད་པའི་རྣམ་པར་ཐར་པར་ཤེས་པར་བྱས་ལ། དམ་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ་ཞེས་རྗེ་བཙུན་ཙོང་ཁ་པ་གསུང་ངོ་། །བླ་མ་ཉིད་ཀྱི་ཞལ་ནས་ཀྱང་། ང་ལ་སོ་སོ་ཐར་པའི་ཉེས་པས་གཏན་ནས་མ་གོས་བྱར་བཏུབ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་ཉེས་པ་ཅོལ་ལེ་བ་ཙམ་གྱིས་གོས། གསང་སྔགས་ཀྱི་དམ་ཚིག་ལ་ཉེས་པ་ཅ་རེ་ཉ་རེ་རྒྱབ་སྟེ་ཉེས་པ་དང་ཞག་གཅིག་ཀྱང་འགྲོགས་མ་མྱོང་གསུངས། དེ་དག་ནི་བཙུན་པའི་ཡོན་ཏན་ཡིན་ལ། མཁས་པའི་ཡོན་ཏན་གོང་དུ་བཤད་ཟིན།
༤༣. སྒྲུབ་པའི་ཡོན་ཏན་ལ་སྤྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོའི་ཞལ་གཟིགས་པའི་ཆེ་བ་ནི། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པའི་མན་ངག་ལ་བརྟེན་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ཞལ་གཟིགས། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་མཛད་པས་ཀྱང་ཡི་དམ་མང་པོའི་ཞལ་གཟིགས་པ་ཡིན་གསུངས། བསྟོད་པ་ལས་ཀྱང་། ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱི། །བྱིན་རླབས་ཐུགས་ལ་སྐྱེས་པ་ཡིན། །ཞེས་སོ།།
༤༤. ཁྱད་པར་ཡི་དམ་གྱི་ལྷ་དྲུག་གིས་བྱིན་གྱིས་བརླབས་ཤིང་རྗེས་སུ་གཟུང་བའི་ཆེ་བ་ནི། དཔལ་ཀྱཻ་རྡོ་རྗེ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོ། འཇིག་རྟེན་དབང་ཕྱུག །སྒྲོལ་མ། འཁོར་ལོ་བདེ་མཆོག །མི་གཡོ་བ་རྣམས་ཀྱི་ཞལ་གཟིགས་ཤིང་ཆོས་བསྟན་པ་ཡིན་ཏེ། བསྟོད་པ་ལས། དཔལ་ལྡན་དགྱེས་པ་རྡོ་རྗེ་དང་། །དམ་ཚིག་གསུམ་བཀོད་རྒྱལ་པོ་དང་། །དཔའ་བོ་འཇིག་རྟེན་དབང་ཕྱུག་དང་། །ཇོ་མོ་རྗེ་བཙུན་སྒྲོལ་མ་སོགས། །ཞལ་གཟིགས་གནང་བ་ཐོབ་པས་ན། །རྨི་ལམ་ན་འམ་མངོན་སུམ་དུ། །ཟབ་པ་དང་ནི་རྒྱ་ཆེ་བའི། །དམ་ཆོས་རྟག་ཏུ་གསན་པ་ལགས། །ཞེས་འབྱུང་ངོ་། །བླ་མ་གསེར་གླིང་པའི་དྲུང་དུ་ལོ་བཅུ་གཉིས་བཞུགས་ཏེ་གདམས་པ་མཐའ་ཡས་པ་གསན། བྱང་ཆུབ་ཀྱི་ཐུགས་ལ་ངེས་པ་འཁྲུངས་ཏེ། སླར་ཡང་འཛམ་བུ་གླིང་པའི་ཚོང་པ་དང་འགྲོགས་ནས་མ་ག་དྷའི་ས་སྐོར་དུ་བྱོན་ནོ།།
༤༥. སྦྱིན་པའི་ཞིང་མཆོག་ཏུ་ལུང་བསྟན་པའི་ཆེ་བ་ནི། རྡོ་རྗེ་གདན་གྱི་ལྷ་ཁང་ཞིག་ན་ཁ་སརྤ་ན་རང་བྱུང་ཞིག་བཞུགས། དེ་ལ་རབས་ཆད་རྒན་རྒོན་གཉིས་ཀྱིས་བསྙེན་བཀུར་བྱེད་ཀྱི་ཡོད་པ་ལ། རྒན་པོའི་རྨི་ལམ་ན། ང་ལ་བསྙེན་བཀུར་མ་བྱེད་པར། གནས་འདི་ན་དགེ་སློང་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་ཡོད་ཀྱི་དེ་ལ་བསྙེན་བཀུར་གྱིས། བསོད་ནམས་ཤིན་ཏུ་ཆེའོ། །ཞེས་གསུང་བ་རྨིས་པས། རྒན་པོས་ནང་པར་ཇོ་བོ་འགྲོན་ཁང་གཅིག་ན་བཞུགས་འདུག་པ་ལ། དགེ་སློང་དཱི་པཾ་ཀ་ར་ཡིན་ནམ་བྱས་པས། ཡིན་དུ་རུང་གསུངས། འོ་ན་ངའི་ཆོས་སྟོན་གསོལ་བར་ཅི་གནང་ཞུས་པས། གནང་ནས་རྡོ་རྗེའི་གདན་དུ་བཞུགས་སོ།།
༤༦. བྱང་ཆུབ་ཀྱི་སེམས་ཉིད་ཐུགས་དམ་གྱི་མཐིལ་དུ་མཛད་པའི་ཆེ་བ་ནི། དེའི་དུས་སུ་བླ་མ་རྗེ་བཙུན་ཆེན་པོའི་ཐུགས་དགོངས་ལ། བླ་མ་མང་པོ་ལ་ཐེག་པ་མཐའ་དག་གི་ཆོས་མ་ལུས་པར་བསླབས། གསང་སྔགས་ཀྱི་དཀྱིལ་འཁོར་མང་པོའང་མངོན་དུ་གྱུར། ད་ནི་སེམས་རྩེ་གཅིག་ཏུ་བཞག་ལ་མྱུར་དུ་འཚང་རྒྱ་བར་བྱའོ་སྙམ་པའི་ཐུགས་དགོངས་འཁྲུངས་པ་ན། རི་ནག་པོའི་ཁོང་གསེང་ན་བཞུགས་པའི་བླ་མ་རཱ་ཧུ་ལ་གུཔྟས་མངོན་པར་ཤེས་པས་མཁྱེན་ཏེ། དེར་བྱོན་ནས་ཇོ་བོ་ལ་གསུངས་པ།ཡི་དམ་གྱི་ལྷ་ཞལ་མཐོང་བ་དང་། དཀྱིལ་འཁོར་གྱི་ལྷ་ཚོགས་མང་པོ་མངོན་དུ་གྱུར་པ་དང་། ཐུན་མོང་གི་དངོས་གྲུབ་མང་པོ་ཐོབ་པ་དང་། ཏིང་ངེ་འཛིན་རི་རྒྱུད་ཙམ་ཡོད་པས་གར་ཡང་མི་ཕྱིན། བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོངས། ཐུགས་རྗེ་ཆེན་པོ་སྙིང་རྗེའི་ལྷ་ཡིན་པས་ཡི་དམ་དུ་ཟུངས། འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པར་དམ་ཆོས་ཤིག་གསུངས་པས། བླ་མ་གསེར་གླིང་པས་ཀྱང་ཐུགས་ངེས་པར་མཛད་པའི་སྟེང་དུ་དེ་བས་ཀྱང་ངེས་པར་གྱུར་གསུངས། རྡོ་རྗེའི་གདན་གྱི་འཁོར་ས་ན་ཕར་བསྐོར་བ་མཛད་པའི་ཚེ་ལྡེར་བཟོ་གཅིག་གིས་གཅིག་ལ་དྲི་བ་དང་ལན་འདེབས་པའི་ཚུལ་དང་། རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ཀྱི་ནམ་མཁའ་ལ་མིའི་ལུས་ལས་འདས་པའི་བུ་མོ་གཉིས་གཅིག་གིས་གཅིག་ལ་འདྲི་བའི་ཚུལ་དུ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཆོས་གང་ལ་བསླབ་པར་བྱ་ཞེས་ཟེར་བ་ལ། ཅིག་ཤོས་ན་རེ། བྱང་ཆུབ་ཀྱི་སེམས་ལ་བསླབ་བར་བྱའོ། །ཞེས་གསུངས་ནས། །བྱང་ཆུབ་ཀྱི་སེམས་སྦྱངས། ཐབས་བཟང་བ་ཅིག་གསུང་གི་འདུས་པ་ལ། བསྐོར་བ་འཕྲོ་བཅད་ནས་གསན་པས་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ་ཐུགས་སུ་ཆུད། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྡོ་ར་ན་བཞུགས་ཙ་ན། བུད་མེད་རྒན་གཞོན་གཉིས་འདུག་པས། གཞོན་པ་དེ་ལ་རྒན་པ་དེས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་སྦྱོངས་གསུང་བ་དང་། ཡང་རྡོ་རྗེ་གདན་གྱི་གནྡྷོལ་ལ་བསྐོར་བ་མཛད་པའི་ཚེ། བྱ་འདབ་འོག་ན་དེ་བཞིན་གཤེགས་པའི་སྐུ་གཅིག་བཞུགས་པའི་ཞལ་ནས། བྷ་དནྡ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྦྱོངས་ཤིག་གསུངས། ཡང་རྡོ་ར་ཁང་བུ་ལ་བསྐོར་བ་མཛད་པའི་ཚེ། བ་སོའི་རྒྱལ་བ་ཤཱཀྱ་ཐུབ་པ་གཅིག་འདུག་པ་དེའི་ཞལ་ནས། ཛོ་ཀི་མྱུར་དུ་མངོན་པར་རྫོགས་བར་འཚང་རྒྱ་བར་འདོད་པས་བྱང་ཆུབ་ཀྱི་སེམས་ལ་སྦྱོངས་གསུངས། དེ་ལྟར་བླ་མ་དང་སངས་རྒྱས་བྱང་སེམས་རྣམས་ཀྱིས་བསྐུལ་བ་ལ་བརྟེན་ནས། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་དམ་དུ་མཛད་པས། འགྲོ་བ་མང་པོའི་དོན་འགྲུབ་པ་ཡིན་ཏེ། བསྟོད་པ་ལས། རང་དོན་ཡལ་བར་དོར་ནས་གཞན་གྱི་དོན། །ལྷུར་མཛད་དེ་ནི་བདག་གི་བླ་མ་ལགས། །དངོས་སམ་བརྒྱུད་པས་རྟག་ཏུ་གཞན་དོན་མཛད། །བླ་མ་སྙིང་རྗེ་ཅན་ལ་ཕྱག་འཚལ་ལོ་ཞེས་གསུངས་སོ།།
༤༧. བྱམས་པ་ཆེན་པོས་གནོད་ལན་དུ་ཕན་འདོགས་མཛད་པའི་ཆེ་བ་ནི། རྡོ་རྗེ་གདན་ན་བཞུགས་དུས། མ་གདྷའི་རྒྱལ་པོ་ནཻ་རྻ་པཱ་ལ་དང་། ནུབ་ཕྱོགས་ཀརྞའི་རྒྱལ་པོ་གཉིས་རྩོད་པར་གྱུར་ཏེ། ཀརྞའི་རྒྱལ་པོས་མ་གདྷར་དམག་དྲངས། གྲོང་མ་ཐུབ་པར་གནས་གཞི་རྣམས་སུ་དྲངས་པས། རབ་ཏུ་བྱུང་བ་བཞི། དགེ་བསྙེན་གཅིག་དང་ལྔ་བཀྲོངས། ཡོ་བྱད་མང་པོ་ཁྱེར་བའི་དུས་སུ། ཀོ་ལོང་མ་མཛད་པར་བྱང་ཆུབ་ཀྱི་སེམས་བསྒོམས། ཕྱིས་གཡུལ་ལོག་ནས་ཀརྞའི་དམག་མི་ཐམས་ཅད་གསོད་པ་ལ་ཐུག་པ་ན། རྒྱལ་པོ་དང་དམག་མི་ཐམས་ཅད་ཀྱི་སྲོག་བསྐྱབས་ནས་བཏང་བ་ལགས་པར་གདའ། དེ་ཡང་བསྟོད་པ་ལས། རྒྱལ་པོ་ནཻ་རྻ་པཱ་ལ་དང་། །ནུབ་ཕྱོགས་ཀརྞའི་རྒྱལ་པོ་གཉིས། །རྩོད་པ་ཆེན་པོ་བྱུང་བའི་ཚེ། །ནུབ་ཕྱོགས་ཀརྞའི་རྒྱལ་པོ་ཡིས། །མ་གདྷར་ནི་དམག་དྲངས་པས། །གྲོང་ཁྱེར་མ་ཐུབ་གནས་གཞིར་དྲངས། །རབ་བྱུང་དགེ་བསྙེན་ལྔ་ཡང་བསད། །ཡོ་བྱད་མང་པོ་གནང་དུ་ཁྱེར། །ཁྱོད་ལ་ཞེ་སྡང་མི་མངའ་བས། །ཀོ་ལོང་མ་མཛད་སྙིང་རྗེ་འཁྲུངས། །གཡུལ་ལོག་ཚེ་ན་དམག་མི་བསྐྱབས། །ཕྱི་ནས་བླ་མས་བསྡུམས་མཛད་དེ། །འཚོ་བའི་ཡོ་བྱད་མ་གཏོགས་པ། །ཡོ་བྱད་ལྷག་མ་མེད་པར་བཏང་། །ལུས་དང་སྲོག་ལ་མ་གཟིགས་པར། །ཆུ་བོ་ཆེན་པོ་ཡང་ཡང་བརྒལ། །དེ་གཉིས་བསྡུམས་ནས་མཛའ་བོར་མཛད་ཅེས་གསུངས་སོ།།
༤༨. རྫུ་འཕྲུལ་གྱི་ཡུལ་ཤེས་པ་དང་ལྡན་པའི་ཆེ་བ་ནི། ཇོ་བོ་བསམ་ཡས་ཀྱི་བྱ་འདབ་འོག་ན་བསྐོར་བ་མཛད་པའི་ཚེ། འདོམ་རེ་ཙམ་གྱི་ནམ་མཁའ་ལ་འབྱོན་པ་བནྡེ་མོ་ཞིག་གིས་མཐོང་། དེས་གསང་ཕུ་བ་ལ་བསྙད། ཇོ་བོ་ལ་ཞུས་པས། བནྡེ་མོ་མིག་འཁྲུལ་བ་མིན་ནམ་གསུངས་ནས་ཞལ་གྱིས་མ་བཞེས། ཇོ་བོ་ལྷ་སར་བཞུགས་པའི་ཚེ། དགེ་བཤེས་གསང་ཕུ་བས་ཇོ་བོ་ནམ་མཁའ་ལ་བསྐོར་བ་མཛད་ཀྱི་འདུག་པ་གཟིགས་པས། དེར་གསང་ཕུ་བས་ཇོ་བོ་ལ། བསམ་ཡས་ཀྱི་བནྡེ་མོ་དེ་སྣང་བ་དག་པར་གདའ། ཇོ་བོ་ནམ་མཁའ་ལ་བསྐོར་བ་མཛད་ཀྱི་གདའ་ཞུས་པས། ཁོ་བོ་ལ་རྒྱ་གར་ན་ཡང་དེ་ལྟར་དུ་གྲགས་ཞེས་གསུངས་ནས། བསྐོར་བའི་གདམས་པ་རིགས་མང་དུ་སྣང་ངོ་། །བྱང་ཆུབ་གླིང་དུ་ལྷ་བཙུན་པོ་དྷེ་རཱ་ཛཱ་ཡེངས་པ་ཅིག་ལ། ཇོ་བོ་སངས་རྒྱས་མ་ཆགས་པདྨའི་སྤྱན་གྱི་ཞབས་ཀྱི་རྡུལ་ན་བཟའི་ཐུ་བས་འཕྱི་ཡིན་གདའ་སྐད།
༤༩. ལྷའི་རྣ་བ་དང་ལྡན་པའི་ཆེ་བ་ནི། ཇོ་བོ་པེ་དཀར་གླིང་ན་སྟོན་པ་དང་རས་ཡོལ་གྱིས་བཅད་ནས་གཟིམས་པའི་ནམ་ཕྱེད་ཡོལ་ཙ་ན། ང་ལ་རྒྱ་གར་སློབ་མ་གཅིག་གསོལ་བ་འདེབས་པའི་སིལ་སྙན་གྱི་སྒྲ་ཐོས་ཏེ། ཁྱེད་ཀྱིས་ཐོས་སམ་གསུངས། དེ་ཡང་སུམ་ཅུ་པ་ལས། མ་གདྷ་ནས་སློབ་མ་གུས་པ་ཡིས། །སིལ་སྙན་ཕུལ་ནས་གསོལ་བ་བཏབ་པའི་སྐད། །བོད་དུ་གསན་ནས་འབྲོམ་ལ་སྦྲན་པ་ཡིས། རྣ་བའི་མངོན་ཤེས་མངའ་ལ་གསོལ་བ་འདེབས། །ཞེས་གསུངས།
༥༠. གཞན་གྱི་སེམས་ཤེས་པའི་ཆེ་བ་ནི། མང་ཡུལ་གྱི་བཟོ་གནས་ན་བཞུགས་པའི་ཚེ། སྟོན་པ་དང་གཞན་ཞིག་གཉིས་ལ་སྒྲུབ་ཐབས་ཤིག་གསུངས་པ་ལ། འབྲུ་བཤད་གཅིག་ནོར་རམ་སྙམ་པ་གཉིས་ཀ་ལ་བྱུང་བས། བསམ་པ་ངན་པ་མི་རུང་གསུངས་ནས་ཕྱག་ཡུག་ཡུག་མཛད་སྐད། སྙེ་ཐང་ན་སྟོན་པ་དང་གསང་ཕུ་བ་གཉིས་ཡོད་པའི་ཚེ། ཇོ་བོ་སྟོན་པ། མིའི་ཁ་ལ་མ་ཉན་ཞེས་གསུངས།
༥༡. སྔོན་གྱི་གནས་རྗེས་སུ་དྲན་པའི་ཆེ་བ་ནི། སྟོན་པའི་ཞལ་ནས། ངའི་ཇོ་བོ་རྗེ་ལྷ་གཅིག་འདི་རྒྱ་གར་ན་བཞུགས་པའི་ཚེ། ཉིན་ལམ་གསུམ་ཚུན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སྐད་དང་བསམ་པ་དང་སྤྱོད་པ་མཁྱེན་ཟེར། དེ་ད་ལྟ་མེད་ད་ཅང་འོང་ངམ་གསུང་ངོ་། །གཞན་ཡང་ཇོ་བོ་ཡེར་པ་ལྷ་རིའི་མགུལ་ན་བཞུགས་པའི་ཚེ་རང་དང་གཞན་གྱི་ཚེ་རབས་མང་པོ་གསུངས་པ་རྣམས་སོ།།
༥༢. ལྷའི་མིག་དང་ལྡན་པའི་ཆེ་བ་ནི། ཡེར་པ་ནས་འཕན་ཡུལ་དུ་བྱོན་པའི་ལམ་ཀར་ཉི་མ་རྩེ་ཤར་ལ་སྤེའུ་དེར་འདེད་གསུངས་ཏེ། ཟླ་བ་གཅིག་བཤོས་དྲངས་པའི་ཡོན་བདག་མོ་ཤི་བ་མཁྱེན་ཞིང་། སྙེ་ཐང་ན་བཞུགས་པའི་ཚེ་རྣལ་འབྱོར་པ་ལ་མ་རྒན་འོ་རྒྱལ་གྱིས་བཞུད་དང་གསུངས་ཏེ། རྒོད་མ་ཅིག་ལྕང་མའི་བར་ན་སྐེ་ཆུད་ནས་མ་ཐོན་པར་གདའ་སྐད།
༥༣. ཕྱི་རོལ་པའི་སྨྲ་བ་ངན་པ་ཚར་བཅད་པའི་ཆེ་བ་ནི། དཔལ་རྡོ་རྗེ་གདན་དུ་བསྐོར་བ་མཛད་ཀྱིན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་ཐུགས་སྦྱོང་བ་ན། ལྷོ་ཕྱོགས་ནས་མུ་སྟེགས་པའི་པཎྜི་ཏ་གདུགས་བཅུ་གསུམ་ཕུབ་པ་ཅིག་བྱུང་ནས། སངས་རྒྱས་པའི་བསྟན་པའི་བདག་པོ་ནི་ཁྱོད་ཡིན། མུ་སྟེགས་པའི་བསྟན་པའི་བདག་པོ་ནི་ཁོ་བོ་ཡིན་པས། རང་ཅག་གཉིས་རྩོད་པ་བྱས་ལ་སུ་རྒྱལ་བ་ལ་འཇུག་དགོས་ཟེར་ནས། རྒྱལ་པོ་དཔང་དུ་བཙུགས་རྩོད་པ་བྱས་པས། ཇོ་བོས་ཚེགས་མེད་པར་ཚར་བཅད་པས། གདུགས་བཅུ་གསུམ་པོ་ཇོ་བོ་ལ་ཕུལ། ཞབས་སྤྱི་བོའི་གཙུག་ཏུ་བླངས། སློབ་མ་བྱས་ནས་ཕྱི་རོལ་པ་ཐམས་ཅད་ནང་པའི་བསྟན་པ་ལ་བཙུད། ཡང་སང་ཕོད་ལོ་དུས་སུ་མུ་སྟེགས་པའི་སྟོན་པ་གདུགས་བརྒྱད་ཕུབ་པ་གཅིག་བྱུང་བའང་སྔ་མ་བཞིན་དུ་ཚར་བཅད། དེའི་སང་ཕོད་མུ་སྟེགས་ཀྱི་སྟོན་པ་གདུགས་ལྔ་ཕུབ་པ་སྒྲ་ཚད་ལ་ཤིན་ཏུ་མཁས་པ་ཅིག་བྱུང་ནས། སྔ་མ་ཁོ་ན་བཞིན་དུ་ཟེར་བ་ལ། ཇོ་བོས་ཀྱང་རྩོད་པར་ཞལ་གྱིས་བཞེས་ནས། རྩོད་པའི་དུས་བོར། རྒོལ་ཕྱིར་རྒོལ་གྱི་སྟན་བཤམས། པཎྜི་ཏ་མང་པོ་དང་། སྐྱེ་བོའི་ཚོགས་འདུས་པར་གྱུར་པའི་དབུས་སུ་རྩོད་པ་བྱས་པས། པཎྜི་ཏ་སུམ་ཅུ་ཙམ་གྱིས་གོ། དེ་ནས་བཅོ་ལྔ་ཙམ་གྱིས་གོ། དེ་ནས་ཕྲ་བར་གྱུར་པས་བཅུ་འམ་ལྔ་ཙམ་གྱིས་གོ། དེ་ནས་རབ་ཏུ་ཕྲ་བར་གྱུར་པས། ཁོང་རང་གཉིས་ཀྱིས་གོ་གཞན་གྱིས་མི་གོ་བར་གྱུར་ཏོ། །དེར་མུ་སྟེགས་པ་དེས་སྒྲའི་ཚིགས་སུ་བཅད་པ་གཅིག་གིས་དོན་དྲིས་པས། ཁྱོད་དེར་སྡོད་ཅིག་གསུངས་ནས། ཇོ་མོ་སྒྲོལ་མ་ལ་མཎྜལ་ཕུལ་གསོལ་བ་བཏབ་པས། ཐུགས་ལ་ཝལ་གྱིས་བྱུང་ནས། ལན་བཏབ་པས་པཎྜི་ཏ་དེ་ཚར་བཅད། སློབ་མར་ཁས་བླངས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་པ་ཡིན་ཞེས་ཀྲིཥྞ་པཎྜི་ཏ་བྱ་བས་དགེ་བཤེས་ལོཙྪ་བ་ལ་ཞིབ་ཏུ་ལོ་རྒྱུས་གསུང་བར་གདའ། དོན་འདི་ཡང་བརྒྱད་ཅུ་པ་ལས། བྱང་ཆུབ་ཆེན་པོའི་ཕོ་བྲང་དུ། །ཐམས་ཅད་འདུས་ཤིང་འཚོགས་པ་ན། །རང་དང་གཞན་གྱི་སྡེ་པ་ཡི། །གྲུབ་མཐའ་ངན་པའི་རྒོལ་བ་ཀུན། །སེང་གེའི་ང་རོའི་སྒྲ་སྐད་ཀྱིས། །ཐམས་ཅད་ཀྱི་ནི་ཀླད་པ་འགེམས། །ཞེས་སོ། ། དེ་ནས་རྒྱལ་པོ་མ་ཧཱ་པ་ལའི་རིང་ལ། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་སྤྱན་དྲངས། ལྡེ་མིག་བཅོ་བརྒྱད་ཀྱི་བདག་པོ་མཛད་ནས། དགེ་སློང་ཉི་ཤུའི་སྡེ་གཅིག་གི་ས་ཏྲ་ཡང་བཙུགས། དགེ་སློང་ཅི་བདེ་བ་ཁ་ཅིག་ལ་གནས་དབྱུང་ཡང་མཛད་དོ།།
༥༤. སྟོན་པའི་འཁོར་རྣམ་བཞིའི་གཙུག་གི་ནོར་བུ་ལྟ་བུར་གྱུར་པའི་ཆེ་བ་ནི། དེ་ལྟར་ཕྱི་རོལ་པ་དང་རང་སྡེའི་གྲུབ་མཐའ་ངན་པ་ཐམས་ཅད་ཀྱང་ལུང་རིག་གིས་ཚར་བཅད། མ་གདྷའི་ས་སྐོར་ན་གནས་གཞི་ཡང་བསམ་གྱིས་མི་ཁྱབ། དེ་དག་ན་རབ་ཏུ་བྱུང་བ་དང་། རྣལ་འབྱོར་པ་ཀུ་ས་ལི་པ་དང་། མཁས་པ་པཎྜི་ཏ་ཡང་བསམ་གྱིས་མི་ཁྱབ་པ་བཞུགས། དེ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟ་བུར་འཛིན་ཅིང་། བི་ཀྲ་མ་ལའི་སྔ་གདོང་གཡས་པ་ལ་མགོན་པོ་ཀླུ་སྒྲུབ། གཡོན་པ་ལ་ཇོ་བོའི་སྐུ་འབག་བྲིས་ནས་ཡོད་སྐད་དོ། །མགོན་པོ་ཀླུ་སྒྲུབ་དང་མཉམ་པར་གསོལ་བ་ལགས་སྐད། བསྟོད་པ་ལས། ཨོ་ཏནྟ་ཡི་པུ་རིན། །རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ། །བི་ཀྲ་མ་ནི་ཤཱི་ལ་ན། །རབ་བྱུང་བརྒྱ་ཕྲག་མ་ལོངས་ཙམ། །རྩ་བའི་སྡེ་བཞི་ཚང་བར་བཞུགས། །སྡེ་པའི་ཁེངས་དྲེགས་མི་མཛད་པས། །མ་གདྷ་ཡི་ཡུལ་གྱི་ནི། །གནས་གཞི་མ་ལུས་ཐམས་ཅད་ཀྱི། །སྟོན་པའི་འཁོར་ནི་བཞི་པོ་ཡི། །ཀུན་གྱི་གཙུག་གི་ནོར་བུར་གྱུར། །ཞེས་སོ།།
༥༥. སྡེ་པ་བཅོ་བརྒྱད་ཀྱི་ལུང་ལེན་པ་དང་ཐེ་ཚོམ་གཅོད་པར་གྱུར་པའི་ཆེ་བ་ནི། ཉན་ཐོས་རྩ་བའི་སྡེ་བཞི་ལ། གྱེས་པ་མི་འདྲ་བ་བཅོ་བརྒྱད་ཡོད་པ་ལ། སངས་རྒྱས་ཡེ་ཤེས་ཞལ་སྔ་ཡི། །སློབ་མ་བརྒྱུད་པའི་བརྒྱུད་དུ་འཁྲུངས། །ཞེས་གསུངས་པ་ལྟར། ཇོ་བོ་འདི་ཉིད་ལྷ་སངས་རྒྱས་ཡེ་ཤེས་ཞབས་ཀྱི་བཀའ་བརྒྱུད་ཕལ་ཆེན་སྡེ་པ། དེའི་ནང་ཚན་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་ཡིན་ལ། སྡེ་པའི་ཕྱོགས་རིས་མི་མཛད་ཅིང་། སོ་སོའི་ལུགས་མ་འདྲེས་པར་འབྱེད་མཁྱེན་པས་ཐམས་ཅད་ཀྱིས་ཚད་མར་འཛིན་པ་ཡིན། བསྟོད་པ་ལས། ཁྱོད་ནི་སྡེ་པ་བཅོ་བརྒྱད་ཀྱི། །ཀུན་གྱི་སྤྱི་ལ་བཞུགས་པས་ན། །ཐམས་ཅད་ཀྱིས་ནི་ལུང་ཡང་ལེན། །ཞེས་པ་ལྟར་རོ། །དེ་ལ་བེའུ་བུམ་ལས། བསླབ་པ་གསུམ་པོ་ཐོས་བསམ་གསུམ་གྱིས།།རང་བརྒྱུད་འཛིན་པ་དེ་ནི་དང་པོ། །དེ་འཛིན་གང་ཟག་གནོད་བསྲུང་གཉིས་པ། །ཐབས་ཚུལ་ཀུན་གྱིས་ཕན་འདོགས་གསུམ་པ།ཞེས་བཤད་པ་ལྟར་རོ།།
༥༦. བསྟན་པ་འཛིན་པའི་ཆེ་བ་ནི། སྔར་བཤད་པ་ལྟར་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞིའི་ཚིག་མ་ལུས་པ་ཐུགས་སུ་ཆུད་པས། ལུང་གི་བསྟན་པ་འཛིན་པའི་མཆོག་ཀྱང་ཡིན་ལ། ཁྱོད་ནི་བསླབ་པ་གསུམ་ལྡན་པས། །ཞེས་དང་། ཁྱོད་ནི་གསང་སྔགས་རྣལ་འབྱོར་པ། །དྲི་མེད་རྡོ་རྗེའི་ཐུགས་དང་ལྡན། །ཞེས་བཤད་པ་ལྟར། བསླབ་པ་གསུམ་དང་། རིམ་པ་གཉིས་ཀྱིས་ཏིང་ངེ་འཛིན་བརྟན་པོ་ཐུགས་ལ་མངའ་བས། རྟོགས་པའི་བསྟན་པ་འཛིན་པའི་མཆོག་ཀྱང་ཇོ་བོ་ཉིད་མཆོག་ཏུ་གྱུར་པ་ཡིན་ནོ།།
༥༧. བསྟན་པ་བསྲུང་བར་མཛད་པའི་ཆེ་བ་ནི། ཇོ་བོས་རབ་ཏུ་བྱུང་བ་མ་མཛད་གོང་དུ་བྷ་ངྒ་ལར། ཕྱི་ནང་རྩོད་པ་ཆེན་པོ་བྱུང་ནས། ནང་པའི་བསྟན་པ་ཕལ་ཆེ་བ་མུ་སྟེགས་པ་ལ་ཤོར། མུ་སྟེགས་པའི་རྩོད་པ་ཟློག་པའི་པཎྜི་ཏ་མ་རྙེད་པའི་སྐབས་སུ། ཇོ་བོ་བྷངྒ་ལ་ན་བཞུགས་པ་དང་དུས་མཚུངས་པར། བུ་མོ་ཞིག་གིས་ཇོ་བོའི་སྐུ་ལུས་ལ་འོད་འཕྲོ་བ་མཐོང་ནས། གནས་བརྟན་གྱི་སར་འོངས་ཏེ། སྤྲང་པོ་ལུས་ལ་འོད་འཕྲོ་བ་ཅིག་འདུག་ན། རྣལ་འབྱོར་པ་ཅིག་ཡིན་ཏེ་འོང་། རྩོད་པ་ཞུས་ན་ཟེར་བས། གནས་བརྟན་གྱིས་བལྟས་པས། ཇོ་བོར་སྣང་བས་ཞུ་བ་ཕུལ་བས་ཞལ་གྱིས་བཞེས་ནས། མུ་སྟེགས་པ་ཐམས་ཅད་ཚར་བཅད། སྔར་ཤོར་བའི་པཎྜི་ཏ་དང་གནས་བརྟན་ཐམས་ཅད་ཚུར་ལ་ཐོབ། ཕྱི་རོལ་པ་ཐམས་ཅད་ཀྱང་བསྟན་པ་ལ་བཙུད། སྤྱིར་བསྟན་པ་བསྲུང་བ་ལ། རྣལ་འབྱོར་གྱི་སྟོབས་ཀྱིས་སྲུང་བ། དབང་ཕྱུག་གི་སྟོབས་ཀྱིས་སྲུང་བ།རིགས་ཀྱི་སྟོབས་ཀྱིས་སྲུང་བ། རིགས་པའི་སྟོབས་ཀྱིས་སྲུང་བ་རྣམས་ལས། ཇོ་བོས་ནི་དེ་བཞི་ཀའི་སྒོ་ནས་སྲུང་བར་མཛད་པ་ཡིན་ནོ། །བསྟོད་པ་ལས་ཀྱང་། ཁྱོད་ནི་མཁས་པ་མང་པོ་ཡིས། །བརྡ་ལ་བདར་བའི་སྐྱེས་བུ་ཡིན། །བདག་དང་གཞན་གྱིས་རྒོལ་བ་ནི། །ཀུན་ཀྱང་ཚར་བཅད་ཕམ་པར་མཛད། །ཅེས་སོ།།
༥༨. བསྟན་པ་སྐྱོང་བར་མཛད་པའི་ཆེ་བ་ནི། རྒྱ་གར་དང་བོད་དུ་ས་ཏྲ་བཙུགས་ནས་དགེ་འདུན་གྱི་འཚོ་བ་སྦྱོར་བར་མཛད་པ་དང་། གནས་གཞི་བཞེངས་པ་སོགས་ཐབས་ཚུལ་དུ་མས་བསྟན་པ་སྐྱོང་བར་མཛད་པ་ལགས། བསྟོད་པ་ལས། སངས་རྒྱས་བསྟན་པ་རིན་པོ་ཆེ། །སྲུང་དང་འཛིན་དང་སྐྱོང་བ་ཡི། །འདྲེན་པ་ཁྱོད་ནི་འདས་པ་ན། །བསྟན་པ་ཕལ་ཆེར་ནུབ་དང་འདྲ། །ཞེས་སོ།།
༥༩. བསྟན་པའི་བདག་པོར་མངའ་གསོལ་བའི་ཆེ་བ་ནི། ཇོ་བོ་བོད་དུ་ཕེབས་པ་ལ་ཉེ་བའི་དུས་སུ། རྗེ་ནཱ་རོ་པཎ་ཆེན་བྱ་བ་དེ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་བྱོན། དེའི་ཚེ་རབ་ཏུ་བྱུང་བ་ཐམས་ཅད་ཀྱིས་བསུ་བ་མཛད་དེ། ཇོ་བོ་ཆེན་པོས་ཕྱག་གཡས་ནས་བརྟེན། མཁན་པོ་ཛྙཱ་ན་ཤྲཱི་མི་ཏྲས་གཡོན་ནས་བརྟེན་ནས་ལྡོ་ལི་ལ་གདན་དྲངས་སོ། །དེའི་དུས་སུ་རྗེ་ནཱ་རོ་པའི་ཞལ་ནས། ཇོ་བོ་དཱི་པཾ་ཀ་ར། དུས་དེང་སང་གི་སངས་རྒྱས་ཀྱི་བསྟན་པའི་བདག་པོ་ནི་ཁྱོད་ཡིན་ནོ་ཞེས་བསྟན་པ་གཏད་པ་ལ། ཇོ་བོའི་ཞལ་ནས། ཁྱེད་ཉི་མ་དང་ཟླ་བ་ལྟ་བུ་བཞུགས་བཞིན་དུ་ཁོ་བོ་སྲིན་བུ་མེ་ཁྱེར་ལྟ་བུས་འཇིག་རྟེན་སྣང་བར་ག་ལ་ནས་ཞེས་ཞུས་པས། སངས་རྒྱས་ཀྱི་བསྟན་པའི་བདག་པོ་ནི་ཁྱོད་ཡིན་ནོ་གསུངས། དེར་ཞག་ཉི་ཤུ་ཙམ་བཞུགས་པ་ལ་ཇོ་བོ་དང་གཉིས་གཅིག་ལ་གཅིག་ཆོས་ནི་མི་ཞུ་བར་འདུག་ཅེས་ལོ་ཙྪ་བ་གསུངས། དེ་ནས་རྗེ་ནཱ་རོ་ལ་ལྷོ་ཕྱོགས་ལ་གཤེགས་ཏེ། ཞག་ཉི་ཤུ་ཙམ་ན་གྲོངས་ནས། གདུང་ཇོ་བོས་གདན་དྲངས་ཏེ། ད་ལྟ་སྙེ་ཐང་གི་མཆོད་སྡོང་ན་ཡོད་གསུངས།
༦༠. འཛམ་བུ་གླིང་གི་རྒྱན་དུ་གྱུར་པའི་ཆེ་བ་ནི། བླ་མ་རྗེ་བཙུན་ཆེན་པོ་འདི་རིག་པའི་གནས་མ་ལུས་པ་ལ་ནི་མཁས། ཡི་དམ་གྱི་ལྷ་མང་པོའི་ཞལ་ནི་གཟིགས། ཏིང་ངེ་འཛིན་དང་མངོན་པར་ཤེས་པ་ལ་མངའ་བརྙེས། ཁྱད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཐུགས་ཉམས་སུ་བཞེས་ཤིང་། དེའི་སྒོ་ནས་འགྲོ་བ་མཐོ་དམན་མེད་པའི་དོན་མཛད་པས། མ་ག་དྷ། རྒྱ་གར་ཤར་ནུབ། ཁ་ཆེ། བལ་པོ། བོད་ཡུལ་ཐམས་ཅད་དུ་སྙན་པར་གྲགས་ཤིང་། མཚན་ཙམ་གྱིས་ཀྱང་འགྲོ་བའི་གསོས་སྨན་དུ་གྱུར་པ་ཡིན་ཏེ། བརྒྱད་ཅུ་པ་ལས། དེས་ན་ཁྱོད་ནི་འཛམ་གླིང་གི །རྒྱན་དུ་གྱུར་པ་ཆེན་པོ་ཡིན། །སྙན་པར་གྲགས་ཤིང་འགྲན་ཟླ་མེད། །མཁས་པ་རྣམས་ཀྱི་བླ་མར་འོས། །ཞེས་གསུངས་སོ།།
༦༡. བསྐལ་པ་བཟང་པོའི་སངས་རྒྱས་སུ་ལུང་བསྟན་པའི་ཆེ་བ་ནི། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ཐང་པོར་ཆེར་ཕེབས་པའི་དུས། ཉིན་གཅིག་བསོད་སྙོམས་བསླངས་ནས་བྱོན་པའི་ཚེ། མི་ཁྲོམ་ཆེས་པས་མ་གཤོགས་ཏེ། སཙྪའི་ཁང་བུ་ཞིག་གི་སྟེང་དུ་ལྷུང་བཟེད་ཟས་ཀྱིས་བཀང་བ་བཞག་པས། འགྲེད་ནས་ཟས་ཀྱི་ལྷག་ལྷོག་གིས་ཚ་ཁང་མ་རུང་པར་བྱས། དེ་ནས་ཐུགས་དམ་གྱི་བསྐྱེད་རྫོགས་ཀྱང་མི་གསལ། ཐུགས་བྱིང་བ་ཤས་ཆེ་བས་མྱོག་མྱོག་པ་ཅིག་བྱུང་བས། རྗེ་བཙུན་མའི་ཞལ་ནས། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བྱ་བ་དེ་བསྐལ་པ་བཟང་པོའི་སངས་རྒྱས་ཡིན། དེས་ཁོང་རང་ལ་བསོད་ནམས་བྱས་པ་ཐམས་ཅད་འཁོར་བར་མི་ལྟུང་བར་བྱེད་པའི་ལས་དང་སྨོན་ལམ་གྱི་རྟེན་སཙྪ་བཞུགས་ནས་སྐོར་བ་བྱེད་པ་ཡིན་པ་ལ། ཁྱེད་ཀྱིས་ལྷུང་བཟེད་ནས་ཟས་ཀྱི་ལྷག་ལྷོག་ལྷུང་བའི་ལས་སྒྲིག་ཀྱིས་ཉེས་པ་བྱས། འདི་ཀ་ཙུག་མ་བཤགས་ན་འཁོར་ཐམས་ཅད་ལ་ཡང་རིམས་ནད་ཀྱིས་འདེབས་པར་འགྱུར་རོ་གསུང་སྐད། དེ་མ་ཐག་ཆོས་རྗེ་ཉིད་ལ་ཕུལ་བའི་ཡོ་བྱང་ཐམས་ཅད་དགེ་འདུན་གཞི་འགྲོན་ཐམས་ཅད་ཀྱི་སྟོན་མོ་མཛད། རྡོ་རྗེ་རྣམ་འཇོམས་དང་། གཙུག་ཏོར་རྣམ་པར་རྒྱལ་མའི་ཁྲུས་ཆོག་མཛད་ཅེས་ཁྲོ་ལོའི་རྣམ་ཐར་འཁྲི་ཤིང་མ་ལས་འབྱུང་ངོ་།།
༦༢. ཐུབ་པའི་དབང་པོ་ཉིད་དང་དབྱེར་མེད་པའི་ཆེ་བ་ནི། དགེ་བཤེས་སྟོན་པ་ར་སྒྲེང་ན་བཞུགས་ཙ་ན། ཇོ་བོ་ལ་གསོལ་བ་བཏབ་པས། ཇོ་བོ་ཉིད་དངོས་སུ་བྱོན། དེ་ལ་ཉམས་དགའ་ནས་ཡང་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བྱོན་པས། དགེ་བཤེས་སྟོན་པའི་ཞལ་ནས། བླ་མ་དང་ཡིད་དམ་གྱི་ལྷ་ཐ་མི་དད་པར་འདུག་གསུངས། དེ་ལྟར་བླ་མ་རྗེ་བཙུན་ཆེན་པོ་དེ་བོད་དུ་ཇི་ལྟར་སྤྱན་དྲངས་པའི་ཚུལ་ནི། མངའ་རིས་གྱི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཅེས་གྲགས་པ་དེའི་རྒྱལ་ཚབ་སྲོང་ངེ། དེའི་སྲས་རྒྱལ་པོ་ལྷ་ལྡེ། དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་འོད་ལྡེ། བར་པ་ལྷ་བླ་མ་བྱང་ཆུབ་འོད། ཆུང་བ་དགེ་སློང་ཞི་བའི་འོད་ཅེས་བྱ་བ། ལོ་ཙྪ་ཡང་ཤིན་ཏུ་མཁས་པར་མཁྱེན་པ་ཅིག་བཞུགས། དེའི་ཚེ་ཇོ་བོའུ་སྐུ་ཆེ་བའི་ཡོན་ཏན་དང་སྙན་པ་རིམ་པར་གསན་པས། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་ཇོ་བོ་དེ་ཅི་ནས་སྤྱན་འདྲེན་དགོས་སྙམ་དུ་དགོངས་ནས། ལོཙྪ་བ་རྒྱ་བརྩོན་འགྲུས་སེང་གེ་ལ་གསེར་ཐི་བ་ཤིང་སྲང་བཅུ་དྲུག་ཡོད་པའི་ལིང་བ་གཅིག་གིས་སྣ་དྲངས་པའི་གསེར་གསིལ་མ་མང་དུ་བསྐུར་ནས། ཇོ་བོ་སྤྱན་འདྲེན་དུ་བཏང་བས་ལོཙྪ་བས་ཀྱང་སྐུ་གཉེར་བཞེས་ནས། བི་ཀྲ་མ་ལར་བྱོན། གསེར་ལིང་བ་དེ་ཇོ་བོ་ལ་ཕུལ་ནས། བོད་དུ་འབྱོན་པའི་ཞུ་འབུལ་བྱས་པས། ཇོ་བོའི་ཞལ་ནས། བོད་དུ་འགྲོ་བ་ལ་རྒྱུ་གཉིས་ཡིན་ཏེ། ཡང་ན་འདོད་པ་གསེར་ལ་དམིགས་ནས་འགྲོ་བ་ཡིན་ཏེ། གསེར་གྱིས་ང་ལ་དགོས་པ་མེད། ཡང་ན་བྱང་ཆུབ་ཀྱི་སེམས་རང་བས་གཞན་གཅེས་ཀྱིས་འགྲོ་བ་ཡིན་ཏེ། དེ་ཡང་ང་ལ་མེད་པས་མི་འགྲོ་གསུངས། གསེར་ཚུར་ལ་གཏད། ལོཙྖ་བས་ན་བཟའ་ལ་འཇུས་ནས་བཤུམས་པས་ཀྱང་མ་གནང་། དེ་ནས་རྒྱས་གསེར་ལིང་བ་དེ་རྒྱལ་པོ་ལ་གཏད་ནས། ཁོང་རང་ཉིད་སླར་རྒྱ་གར་ལ་བྱོན་ནོ། །
དེ་ནས་ལྷ་བླ་མས་པཎྜི་ཏ་སྤྱན་འདྲེན་པའི་སླད་དུ་གསེར་འཚོལ་དུ་བྱོན་པས། གར་ལོག་གིས་བཙོན་དུ་བཟུང་ནས། གར་ལོག་གིས་ཡེ་ཤེས་འོད་ལ་ཁྱོད་དཀོན་ཅོག་གསུམ་ལ་སྐྱབས་སུ་འཛིན་པ་གཏོང་ན། ངེད་ཀྱིས་བཙོན་ལས་གཏོང་། དེ་ལྟ་མ་ཡིན་ན་ལུས་རིལ་པོ་དང་ལྗིད་མཉམ་པའི་གསེར་བྱུང་ན་གཏོང་ཟེར་ནས། བཙོན་དུ་ཡུན་རིང་རབ་ལུས་པ་ལ། དབོན་པོ་རྣམས་ཀྱིས་མངའ་རིས་ཉིད་དུ་གསེར་མང་དུ་བསྒྲུབས། དབུས་གཙང་གི་རབ་ཏུ་བྱུང་བ་རྣམས་ལ་ཡང་ཤམ་ཐབས་ཁྲལ་བླངས་ཏེ་གསེར་ཕལ་ཆེར་འཛོམ། དབུའི་ཆ་ཙམ་ཞིག་མ་འཛོམ་པའི་ཚེ། དབོན་པོ་བྱང་ཆུབ་འོད་ཀྱིས་གར་ལོག་ཏུ་ལྷ་བླ་མ་ལ། ངེད་ཚོས་རང་རེའི་སྐུ་ལུས་དང་མཉམ་པའི་གསེར་རྙེད་ཟིན། ད་དབུ་ཙམ་ཞིག་དགོས་པ་རྙེད་ནས་སྤྱན་འདྲེན་དུ་འོང་ཞུས་པས། ཇོ་བོ་ལྷ་བླ་མས་ལྷ་བཙུན་པ་བྱང་ཆུབ་འོད་ལ་འཕྲིན་བསྐུར་ནས། ད་ནི་ཁྱེད་ཀྱི་བྱ་ཐབས་དེ་ལས་མེད། གསེར་དེ་ཚོས་ང་མ་སླུ་བར་རྒྱ་གར་ནས་ཇོ་བོ་སྤྱན་འདྲོངས་ན་རབ་ཡིན་ཏེ་མི་འདྲོངས། ཇོ་བོ་འོག་ནས་ཆེ་བའི་པཎྜི་ཏ་དུ་འདྲོངས་པ་སྤྱན་དྲོངས། མཐོ་ལྡིང་དུ་མཆོད་པ་ཆེན་པོ་གྱིས། ཡབ་མེས་ཀྱི་ལྷ་ས་བསམ་ཡས་ལ་ཞིག་གསོས་གྱིས། ཞེས་འཕྲིན་བསྐུར་བྱུང་བ་ལ། ད་དུང་གསེར་རང་བཙལ་ལ་སླུ་དགོས་དགོངས་པའི་བར་དུ། ལྷ་བླ་མ་དེ་སྐུ་གཤེགས་ཏེ་སླུ་རྒྱུ་མེད་པར་སོང་བས། ལྷ་བཙུན་པའི་ཐུགས་དགོངས་ལ། ཁུ་བོ་རང་གི་ཐུགས་དགོངས་ཡོངས་སུ་རྫོགས་པར་བྱ་བ་ལ། རྒྱ་གར་ནས་པཎྜི་ཏ་ཆེན་པོ་ཞིག་སྤྱན་འདྲེན་དགོངས་ནས་བང་ཆེན་གྱི་འོས་བཙལ་བས་མ་རྙེད་པ་ལ། དགེ་བཤེས་གུང་ཐང་པ་དེ་རྒྱ་གར་ལ་བཞུད་པ་ཐུགས་ལ་མངའ་བས། ཞང་ཞུང་ནས་བྱོན་ནས་གུང་ཐང་ལྷ་བཙན་གདོང་བྱ་བ་གུང་ཐང་པའི་མི་ཆོས་ཀྱི་སར་བྱོན་ནས་ཁྱེད་ཀྱི་འདུལ་བ་འཛིན་པ་དེ་རྒྱ་གར་ནས་བྱོན་ན་ང་ལ་སྦྲོན་ཅིག་བྱ་བའི་འཕྲིན་བཞག་གོ །
དགེ་བཤེས་གུང་ཐང་པས་དེ་རེས་རྒྱ་གར་དུ་ལོ་གཉིས་བཞུགས་ནས། རྒྱ་བརྩོན་སེང་ལ་མངོན་པ་ཡང་གསན། ལོཙྪ་མཁས་པར་བསླབས་ནས། བོད་དུ་བརྒྱགས་ལེན་དུ་བྱོན་པས། མི་ཆོས་རྣམས་ཀྱིས་ལྷ་བཙུན་པའི་འཕྲིན་བྱས་པས། གུང་ཐང་པས་ལྷ་བཙུན་པ་ཅན་དུ་བྱོན་ནས་དོན་ཅི་བདོག་ཞུས་པས། ལྷ་བཙུན་པའི་ཞལ་ནས། བོད་འདིར་བསྟན་པའི་འཕེལ་འགྲིབ་ཤིན་ཏུ་མང་བར་བྱུང་། ཁྱད་པར་དུ་ཨ་ཙརྱ་དམར་པོ་བྱ་བས་གསང་སྔགས་ཐེག་པའི་སྒོར་བྱ་བ་བསྒྱུར་ནས། རབ་ཏུ་བྱུང་བ་ཐམས་ཅད་ཕབ་སྟེ་སེར་ཁྱིམ་བྱས། ཤམ་ཐབས་སྔོན་པོ་ཅན་བྱ་བ་ཅིག་བྱུང་ནས་ཀྱང་སྦྱོར་བ་དང་སྒྲོལ་བ་བྱ་བའི་ཆོས་ལོག་སྣ་ཚོགས་བསྟན་ནས། བསྟན་པ་འགྲིབ་པ་ལ་ཐུག་པ་བྱུང་། ཡབ་མེས་ཀྱིས་པཎྜི་ཏ་ཆང་ཆུང་བཅུ་གསུམ་ཙམ་གདན་དྲངས་འདུག་སྟེ་བསྟན་པ་ལ་མ་ཕན་པར་སླར་གནོད་པ་བྱས་པ་བཞིན་དུ་སོང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ན་པཎྜི་ཏ་དཱི་པཾ་ཀ་ར་བྱ་བ་ཅིག་བཞུགས་པ་དེ་ལ་སྤྱན་འདྲེན་ལན་གཉིས་བརྫངས་པ་ལ་གསེར་བརླག་པ་དང་ཕོ་ཉ་བ་ཚུར་མ་ལོག་པ་ལས་མ་བྱུང་། ད་འདུལ་བ་འཛིན་པ་ཁྱེད་ལམ་རྒྱུས་ཀྱང་ཡོད། ཚད་པ་ཡང་གོམས། ལོཙྖ་ཡང་ཤེས་པས་པཎྜི་ཏ་སྤྱན་འདྲེན་པའི་ཕོ་ཉ་ལ་གཏང་དགོས་པར་འདུག །ཇོ་བོ་གདན་འདྲོངས་ན་རབ་ཡིན། མ་འདྲོངས་ན་དེའི་འོག་ནས་ཆེ་བ་ཅིག་སྤྱན་འདྲེན་དགོས་པས། དེ་འདུལ་བ་འཛིན་པ་ལ་ཞུ་བ་ལགས་གསུངས་པས། དེར་འདུལ་བ་འཛིན་པས་ཕར་ལ་ཇོ་བོ་ལྷ་བཙུན་པ་ལ་དེ་སྐད་མི་གསུང་བར་ཞུ། ཁོ་བོ་སློབ་གཉེར་ཅིག་ལ་འགྲོ་བས་དེའི་བར་ཆད་དུའང་འགྲོ། པཎྜི་ཏ་སྤྱན་འདྲེན་པའི་གཉེར་ཁོ་བོས་རྔོ་མི་ཐོགས་ལགས་ཞེས་ཞུ་བ་ཕུལ་བས། ལྷ་བཙུན་པའི་ཞལ་ནས། ངེད་རྒྱལ་པོ་བྱ་བའི་བཀའ་གཅག་ཏུ་མི་རུང་། ད་རེད་ང་དགའ་བར་བྱས་ན། ཕྱི་ནས་འདུལ་བ་འཛིན་པ་དགའ་བ་ཡང་བྱེད་དེ། རྒྱ་གར་དུ་སློབ་གཉེར་མཛད་རུང་། བོད་དུ་མཛད་རུང་། སློབ་གཉེར་མི་མཛད་པར་བཞུགས་རུང་ཞབས་ཏོག་བགྱིད་པས། ད་རེས་ཅིས་ཀྱང་བཞུད་དགོས་གསུངས་པས། དེར་འགྲོ་བར་ཞལ་གྱིས་བཞེས་སོ། །
དེ་དུས་གུང་ཐང་པས་ལོ་ཉི་ཤུ་རྩ་བདུན་ལོན། ཁོང་ལ་འཁོར་བརྒྱ་ཙམ་གཏོང་གྲབས་བྱས་པས། འཁོར་ལྔ་ཙམ་གྱིས་ཆོག །ཕར་ལམ་ཚུར་ལམ་དང་བྱས་པས་གསེར་དྲག་ཏུ་བསྐུར་གསུངས། དེ་ནས་པཎྜི་ཏ་ལ་ཞུ་རྟེན་དུ་གསེར་ཐི་བ་ཤིང་སྲང་བཅུ་དྲུག །འདུལ་བ་འཛིན་པ་ལ་སྲང་བདུན། ཕར་ལམ་ཚུར་ལམ་གྱི་བརྒྱགས་སུ་སྲང་བདུན། འཕྲལ་སྐད་ཤེས་པ་གཅིག་ལ་སྲང་ལྔ། ཨན་སྟོན་ཀེཀ་སྟོན་རྒྱ་སྟོན་གསུམ་ལ་སྲང་ཤས་རེ་བསྐུར་ནས། ཁོང་དཔོན་གཡོག་ལྔས་བྱོན་པ་ལ། རྒྱ་གར་མཐའ་འཁོབ་ཀྱི་སྨྱུག་མའི་ཁང་པ་ཅིག་ཏུ་བཞུགས་པས། ཨ་ཙ་རས་གསེར་ཡོད་པ་ཚོར་ནས་སྨྱུག་ཁང་གི་མདོ་བཅད་ནས་ནམ་ལ་གསོད་པའི་གྲབས་བྱས་པ་དང་། ལོཙྪ་བས་རིག་ནས། ཁོང་དཔོན་གཡོག་ལྔས་སྨྱུག་ཁང་ལ་རྒྱབ་ཏུ་བུག་པ་ཕུག་ནས་ནམ་ལ་བྲོས་པས་ཐར། དེར་བལ་པོའི་རྒྱལ་ཕྲན་ཞིག་རྒྱ་གར་དུ་འགྲོ་བ་དང་འགྲོགས་ནས་བྱོན། སྔོན་ལ་རྡོ་རྗེའི་གདན་དུ་སླེབས། རྡོ་རྗེའི་གདན་ནས་བིཀྲ་མ་ཤཱི་ལའི་གན་ཇི་ར་ཉི་ཟེར་ལ་གསལ་གྱིན་གདའ་སྐད། ཐང་ཆེ་བས་དགུང་གསུམ་འགྲོ་དགོས་པར་བྱུང་། ཉི་མ་རྒས་ཁ་ཅིག་ལ་ཆུ་བོ་གང་གཱའི་འགྲམ་དུ་སླེབ་པས། གྲུ་པས་འགྲོན་པོ་ཚན་གཅིག་གྲུར་བཅུག་ནས་སོང་བ་ལ་སྐད་བཏང་པས། ད་རེས་མི་ཐེག་རྟིང་ལ་བསུ་ཟེར། དེ་ནས་སྲོད་འཁོར་ཙ་ན་གྲུ་བྱུང་། སྔོན་ལ་རྒྱལ་པོ་མི་ཆེ་བར་བྱས་ནས་བསྒྲལ། ལོཙྪ་བ་དཔོན་གཡོག་གི་གཟིགས་པའི་གྲབས་བྱས་པས། འཕྱི་གུ་ན་སྒྱ་བ་ཅབ་ཅབ་བྱུང་། ད་མི་འོང་ངམ་སྙམ་བྱས་ཙ་ན། སྐད་ཀྱིས་སླེབས་ནས་མ་བསུས་ན་ངེད་ལ་འཆད་པ་འོང་ཟེར་ནས་ནམ་ལ་བསྒྲལ། གང་གཱའི་འགྲམ་ན་བྲག་དེའུ་ཞིག་གི་ཁ་ན་བི་ཀྲ་མ་ཡོད་པས། དེར་འཛེགས་ཏེ་འགྲོན་ཁང་དུ་བྱོན་ནས་འདི་ན་བོད་སུ་ཡོད་ཅེས་བོས་པས། རྒྱ་བརྩོན་སེང་སྒོ་ཁང་གི་སྟེང་ན་མར་མེ་ལ་གཟིགས་རྟོག་བྱེད་ཅིང་བཞུགས་པས་བོད་ང་ཡོད། དོ་ནུབ་དེར་སྡོད་ཅིག་ནང་པར་མཇལ་ལོ་གསུངས། ནང་བར་སྔ་མོར་བོད་སྐད་དུ་མདོ་བཏོན་པས། རྒྱ་བརྩོན་སེང་སྙིང་སངས་སངས་བ་བྱུང་། དེར་འགྲོན་ཁང་དུ་དཔོན་སློབ་མཇལ་ལོཙྪ་བ་དཔོན་གཡོག་གིས་གསེར་བག་ཙམ་རེའི་ཕྱག་རྟེན་བྱས་པ་དང་། ཁྱེད་དཔོན་གཡོག་པཎྜི་ཏ་སྤྱན་འདྲེན་དུ་འོངས་སམ། སློབ་གཉེར་ལ་འོངས་གསུངས། ལོཙྖ་བས་བོད་ཀྱི་རྒྱལ་པོས་པཎྜི་ཏ་སྤྱན་འདྲེན་དུ་བཏང་པ་ལགས། ཇོ་བོ་ཆེན་པོ་སྤྱན་འདྲོངས་ན་རབ་ཡིན། དེ་མ་འདྲོངས་ན་ཇོ་བོའི་འོག་ནས་ཆེ་བའི་པཎྜི་ཏ་ཅིག་སྤྱན་དྲོངས་ལ་ཤོག་གསུང་ཞུས་པས། རྒྱའི་ཞལ་ནས། ཇོ་བོའི་འོག་ན་ཆེ་བའི་པཎྜི་ཏ། ཏ་ཐཱ་ག་ཏ་ར་ཀྵི་ཏ་བྱ་བ་དང་། སུ་མ་ཏི་ཀཱི་རྟི་བྱ་བ་ལ་སོགས་པ་མང་པོ་ཡོད་ཀྱང་། དེ་ཚོས་བོད་ལ་ཕན་མི་ཐོགས། ཇོ་བོ་ཆེན་པོ་འདི་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་གཞན་དང་མི་འདྲ་བ་ཅིག་ཡོད་པས། བོད་ལ་ཕན་ཐོགས་ནས་འོང་བ་ཡིན། ད་དུང་ཇོ་བོ་རང་སྤྱན་འདྲེན་དགོས། ཁྱེད་རྣམས་ཀྱང་པཎྜི་ཏ་སྤྱན་འདྲེན་དུ་འོངས་པ་སྐད་མ་ཟེར་བར། གནས་བརྟན་རདྣ་ཨཱ་ཀཱ་ར་ལ་གནས་ཀྱི་སློབ་དཔོན་ཞུས་ལ། སློབ་གཉེར་ལ་འོངས་པ་སྐད་གྱིས་གསུངས།
དེ་ནས་ཉིན་གཅིག་དབེན་པའི་དུས་སུ། ལོཙྪ་བ་ལ་ཤོག་གསུངས་ནས་ཇོ་བོའི་གཟིམས་ཁང་དུ་ཁྲིད། མཎྜལ་ཁྲུ་གང་པ་ཅིག་ཡོད་པའི་སྟེང་དུ་གསེར་ལིང་བ་དེ་བཞག །གསིལ་མ་རྣམས་ཚོམ་བུར་བཀོད་ནས་ཇོ་བོ་ལ་ཕུལ་ཏེ། ལོཙྪ་བ་རྒྱ་བརྩོན་འགྲུས་སེང་གེ་གཏམ་བཏང་བ། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་ལུགས། ཆོས་རྒྱལ་མེས་དབོན་གསུམ་གྱི་རིང་ལ་ཆོས་ཇི་ལྟར་དར་ལུགས། གླང་དར་མས་བསྟན་པ་བསྣུབས་ལུགས། བླ་ཆེན་པོའི་དྲིན་ལ་དགེ་འདུན་ཇི་ལྟར་སྤེལ་ལུགས། ལྷ་བླ་མ་ཁུ་དབོན་གྱི་ཇོ་བོ་སྤྱན་འདྲེན་པའི་ཕྱིར་དུ་དཀའ་སྤྱད་བྱས་ལུགས། ད་ལྟ་བོད་ན་ཆོས་ལོག་ཇི་ལྟར་དར་ལུགས་ཞིབ་རྒྱས་དང་བཅས་པ་ཞུས་ནས། ད་ཡང་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས་ཚེ་དང་ལྡན་པ་འདི་སྤྱན་འདྲེན་དུ་བཏང་ནས་གདའ་བས། ན་ནིང་སྐད་མི་གསུང་བར་བོད་ལ་ཐུགས་རྗེས་གཟིགས་པར་ཞུ་ཞུས་པས། ཇོ་བོའི་ཞལ་ནས་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་པར་འདུག །ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན་ཏེ། དེ་བས་བླ་ཆེན་པོ་ཡང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན། དེ་མིན་ན་བསྟན་པའི་མེ་རོ་བསླང་བར་མི་ནུས། ཇོ་བོ་ལྷ་བླ་མ་དེ་ཀུན་བྱང་ཆུབ་སེམས་དཔའ་ཡིན་པར་འདུག །བྱང་ཆུབ་སེམས་དཔའི་དཀའ་གཅག་ཏུ་ཡང་མི་རུང་བ་ཡིན། རྒྱལ་པོ་དེ་ལ་ངོ་ཡང་གནོང་པར་ཡོད། ཁོང་གི་མི་ནོར་མང་པོ་ཆུད་ཟོས་ལ་སོང་། ཁྱེད་བོད་རྣམས་སྙིང་རྗེ་བར་ཡང་འདུག་སྟེ། ང་ཡང་ན་སོ་རྒས། ལྡེ་མིག་མང་པོ་འང་འཛིན། བྱ་བ་མང་པོའི་འཕྲོ་ཡང་དོད་པས། བོད་དུ་ཐོན་ཏེ་མི་འོང་ངམ། འོན་ཀྱང་ངས་བརྟག་པ་བྱའི། རེ་ཞིག་ཁྱེད་རང་གི་གསེར་ཚགས་གྱིས་དང་གསུངས་ནས། ཕྱིར་ལ་གཏོང་པར་མཛད། དེ་དག་ནི་བོད་ལ་སྤྱན་འདྲེན་པར་གསོལ་བའི་སྐབས་སོ།།
དེ་ལ་བོད་ཁམས་འདི་བླ་མ་རྗེ་བཙུན་འདིའི་གདུལ་བྱ་ཡིན་པས། སྔ་གོང་ནས་ལུང་བསྟན་པ་དང་། དེ་ཉིད་ཀྱི་དུས་སུ་ལུང་བསྟན་པ་གཉིས་ལས།
༦༣. འཇིག་རྟེན་དབང་ཕྱུག་གིས་བོད་ཡུལ་དུ་འབྱོན་པར་བསྐུལ་བའི་ཆེ་བ་ནི། སྔར་རབས་ཆད་རྒན་རྒོན་གཉིས་ཀྱིས་སྦྱིན་བདག་བྱས་ནས་རྡོ་རྗེ་གདན་དུ་བཞུགས་པའི་དུས། ལྷ་དང་བླ་མ་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་ཇི་ལྟར་སྦྱོང་བར་བསྐུལ་བ་བཞིན། ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས་རྡོ་རྗེའི་གདན་གྱི་ནུབ་ཕྱོགས་ན་འོད་དཔག་ཏུ་མེད་པའི་ལྷ་ཁང་ཞིག་ཡོད་པ་དེའི་ནང་དུ་བྱམས་པའི་ཐུགས་དམ་ལ་བཞུགས་པས། ཇོ་བོ་ཆེན་པོའི་ཞལ་མངོན་སུམ་དུ་གཟིགས་ནས། ཐུགས་རྗེ་ཆེན་པོའི་ཞལ་ནས། སྐྱེས་བུ་དམ་པ་ལེགས་སོ་ལེགས་སོ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གསང་བའི་མཛོད་གང་ཡིན་པ་དེ་ཁྱོད་ཀྱིས་ཤེས་སམ། འདི་ནས་བྱང་ཕྱོགས་ན་ངའི་ཞིང་ཁམས་ཡོད། ཁྱོད་ཀྱི་ཡི་དམ་ཇོ་མོ་སྒྲོལ་མ་ཡང་དེ་ན་སེམས་ཅན་གྱི་དོན་མཛད་ཅིང་བཞུགས། ཁྱོད་ཀྱིས་གདུལ་བྱ་མང་པོ་དེ་ན་ཡོད་པས། བྱང་ཕྱོགས་སུ་སོང་ཞིག་གསུངས་ནས་བོད་ཁ་བ་ཅན་འདུལ་བར་ལུང་བསྟན་ཏོ།།
༦༤. ཇོ་མོ་སྒྲོལ་མས་བོད་དུ་འབྱོན་པར་བསྐུལ་བའི་ཆེ་བ་ནི། ཇོ་བོ་བི་ཀྲ་མ་ན་བཞུགས་པའི་དུས། དགེ་སློང་ཅི་བདེ་བ་ཁ་ཅིག་བཏོན་པས། ཇོ་བོའི་ཐུགས་དགོངས་ལ་ལེགས་སམ་མ་ལེགས་སྙམ་ནས། དེའི་ནུབ་མོ་སྒྲོལ་མ་ལ་མཆོད་པ་ཕུལ་གསོལ་བ་བཏབ་པས། ཇོ་མོའི་ཞལ་ནས་བུ་མ་ལེགས་སོ་དགེ་སློང་ཅི་བདེ་བ་བཏོན་པའི་ནང་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཞིག་བཞུགས་པ་དེ་མངའ་བདག་མཻ་ཏྲི་པ་ཡིན། བྱང་ཆུབ་སེམས་དཔའ་ལ་སྡིག་བསགས་པའི་རྣམ་པར་སྨིན་པ་ཤིན་ཏུ་ཆེའོ་གསུངས། འདི་ལ་རྣམ་སྨིན་ཇི་ལྟ་བུ་ཞིག་འབྱིན་ཞུས་པས། རི་རབ་ལ་ལན་གསུམ་དུ་འཁོར་བའི་སེམས་ཅན་ཆེན་པོ་ཞིག་ཏུ་སྐྱེས་ནས་བྱ་སྣ་ཚོགས་ཀྱིས་ཟ་བར་བྱེད་གསུངས། དེ་ལ་ཅི་ཕན་ཞུས་པས། བྱང་ཕྱོགས་སུ་སོང་ནས་ཐེག་པ་ཆེན་པོའི་ཆོས་དར་བར་བྱས་ན་ཕན། ཉི་མ་རེ་ལ་སཱཙྪ་བདུན་བདུན་བཏབ་ན་ཕན་གསུང་སྟེ། དོན་ལ་ཇོ་བོ་བོད་དུ་བཞུད་དུ་འཇུག་པའི་སྙད་ཡིན་གསུངས།
༦༥. བླ་མས་བོད་དུ་འབྱོན་པར་ལུང་བསྟན་པའི་ཆེ་བ་ནི། ཇོ་བོས་བླ་མ་གངྒཱ་པཱ་ད་ལ་དགེ་སློང་ཅི་བདེ་བ་བཏོན་པ་ལ་གང་ཕན་ཞུས་པས། གང་ཡང་ཕན་ཏེ་ཁྱོད་ཀྱིས་ཕན་སེམས་ཀྱིས་བྱས་པས་ཉེས་པ་མེད་དེ། འབྲས་ཆན་བྲེ་གང་སྦྱིན་པར་བཏང་བ་ཅིག་བོད་ན་རྒྱལ་པོ་བྱེད། དེའི་མཆོད་གནས་ལ་ཁྱོད་འགྲོ་བར་འདུག་གསུངས། ཇོ་བོའི་བླ་མ་པཎྜི་ཏ་ཧ་ལ་ནག་པོ་བྱ་བ་ཅིག་གིས་ཀྱང་། ཇོ་བོ་ལ་ཁྱོད་བོད་དུ་འགྲོ་བར་འདུག །ཁྱོད་ལ་གདན་ས་བྱང་སྐྱབས། ལྷོ་གཞོལ་བ། རྩི་ཤིང་ནགས་ཚལ་དང་ལྡན་པ་ཞིག་འོང་བར་འདུག །བོད་ནས་ཚུར་ལྡོག་པར་ཡང་མི་འདུག །ཁྱོད་ལ་བུ་སློབ་མང་པོ་འོང་བར་འདུག དེ་ཙ་ན་འདི་དགོས་པ་ཡིན་གསུངས་ནས། ས་དཔྱད་འཁྲུལ་གྱི་མེ་ལོང་བྱ་བ་ཅིག་གནང་ངོ་།།
༦༦. ཇོ་བོ་ཉིད་ཀྱིས་ཀྱང་དགོངས་པ་ལུང་བསྟན་པའི་ཆེ་བ་ནི། ཇོ་བོ་སོམ་བུ་རི་བྱ་བ་དེར་རྟོག་གེ་འབར་བ་གསུང་བའི་དུས་སུ། ད་ནི་ལོ་ཉི་ཤུ་ན་ཚེའི་འདུ་བྱེད་བོད་དུ་བཏང་ནས་དགའ་ལྡན་གནས་སུ་འགྲོ་ཞེས་གསུངས་པ་ཡིན་ཏེ། བསྟོད་པ་ལས་ཀྱང་། ཁྱོད་སྔོན་སོམ་བུ་རི་ན། །རྟོག་གེ་འབར་བ་གསུང་བའི་ཚེ། ད་ནི་ལོ་ནི་ཉི་ཤུ་ན། །ཚེ་ཡི་འདུ་བྱེད་གཏོང་འགྱུར་གསུངས། །དེ་ནས་ལོ་གཉིས་ལོན་པ་ན། །བོད་དུ་འབྱོན་ཁའི་དུས་སུ་ནི། །བི་ཀྲ་མ་ལ་ཤཱི་ལར་ནི། །ད་ནི་ལོ་ནི་བཅོ་བརྒྱད་ན། །ཚེ་ཡི་འདུ་བྱེད་བཏང་ནས་ནི། །ལུས་འདི་བོད་དུ་འཇོག་གོ་གསུངས། ཞེས་འབྱུང་ངོ་། །དུས་དེ་ཉིད་ཀྱི་ཚེ།
༦༧. ཇོ་མོ་སྒྲོལ་མས་བོད་ཡུལ་དུ་འབྱོན་པར་ལུང་བསྟན་པའི་ཆེ་བ་ནི། ཇོ་བོའི་དེའི་ནུབ་མོ་རྗེ་བཙུན་མ་སྒྲོལ་མའི་རྟེན་གྱི་སྤྱན་སྔར་མཆོད་པ་བཤམས། མཎྜལ་ཕུལ་ནས་གསོལ་བ་བཏབ་པ་ནི། ངས་བོད་དུ་ཕྱིན་ན་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་བྱ་བ་དང་། རྒྱལ་པོ་བྱང་ཆུབ་སེམས་དཔའི་ཐུགས་དགོངས་རྫོགས་སམ་མི་རྫོགས་བྱ་བ་དང་། རང་གི་ལུས་སྲོག་གི་བར་ཆད་དུ་འགྱུར་རམ་མི་འགྱུར་བྱ་བ་ལན་གསུམ་གསོལ་བ་བཏབ་པས། དེའི་ནུབ་མོ་རྨི་ལམ་ན། གནས་འདི་འདྲ་བ་ཅིག་ན་ནང་པའི་ལྷ་ཁང་ཆུང་ངུ་ཞིག་ཡོད། ནང་བར་དེར་སོང་ལ་རྣལ་འབྱོར་མ་ཅིག་འོང་གི་དེ་ལ་དྲིས་དང་གསུང་བ་རྨིས། ནང་བར་ཇོ་བོས་མེ་ཏོག་སྙིམ་པ་གང་བསྣམས་ནས་ལྷ་ཁང་དེར་བཞུགས་པ་ལ། རྣལ་འབྱོར་མ་རལ་པ་ས་ལ་ཞ་མེ་བ་ཅིག་བྱུང་། དེ་ལ་མེ་ཏོག་རྣམས་ཕུལ་ནས། ང་བོད་ཀྱི་རྒྱལ་པོས་སྤྱན་འདྲེན་ན། བོད་ཀྱི་སེམས་ཅན་ལ་ཕན་ཐོགས་སམ་མི་ཐོགས་ཞུས་པས། བོད་དུ་བྱོན་ན་ཕན་ནི་ཐོགས་ནས་འོང་། ཁྱད་པར་ཨུ་པ་སི་ཀ་ཅིག་ལ་བརྟེན་ནས་ཕན་ཐོགས་ཏེ་འོང་བར་འདུག །དེ་ལ་བྱིན་གྱིས་རློབས་ཤིག་གསུངས། དེ་ཇོ་མོ་སྒྲོལ་མའི་སྤྲུལ་པ་ཡིན།
༦༨. རང་བཞིན་གྱི་རྣལ་འབྱོར་མས་ལུང་བསྟན་པའི་ཆེ་བ་ནི། ད་དུང་རྡོ་རྗེ་གདན་ལ་མཆོད་པ་ཆེན་པོ་ཞིག་བྱས་ལ།གསོལ་བ་གདབ་དགོས་སྙམ་ནས་འབྱོན་པར་ཆས་པ་ན། མཁན་པོ་ཛྙཱ་ན་ཤྲཱི་མ་ཏྲིས་མགྲོན་བུ་པར་གང་བསྐུར་ནས་རྡོ་རྗེ་གདན་གྱི་ལྷ་རིས་ཀྱི་གསེབ་ན་རྒན་མོ་རལ་པ་སེ་ཤ་རེ་བ་ཅིག་ཡོད། དེ་ལ་ཕུལ་གསུང་སྐད། དེ་ནས་རྡོ་རྗེ་གདན་དུ་བྱོན་ཙ་ན་རྒན་མོ་རལ་པ་སེ་ཤ་རེ་བ་ཅིག་ན་རེ། ང་ལ་བསྐུར་བའི་མགྲོན་བུ་ཚུར་ཐོང་གསུངས། དེ་ལ་ཡང་ཡིད་ཀྱིས་ཕྱག་དང་དྲི་བ་མཛད་པས་ཀྱང་གོང་དང་མཐུན་པར་བྱུང་། དེ་རང་བཞིན་གྱི་རྣལ་འབྱོར་མ་ཡིན་གསུངས།
༦༩. ལུས་སྲོག་ལ་ཡང་མི་ལྟ་བར་ཐུགས་རྗེ་ཆེན་པོས་གཟིགས་པའི་ཆེ་བ་ནི། བོད་དུ་བྱོན་ན་ཕན་ཐོགས་པར་ལུང་བསྟན་པ་ན། ལུས་སྲོག་གི་བར་ཆད་དུ་འགྱུར་རམ་མི་འགྱུར་ཞུས་པས། ཚེ་ནི་བོད་དུ་བྱོན་ན་ཐུང་བར་འདུག་གསུངས། ཇི་ཙམ་གྱིས་ཐུང་ཞུས་པས། བོད་དུ་མ་བྱོན་ན་དགུ་བཅུ་གོ་གཉིས་ཐུབ། ཕྱིན་ན་བདུན་ཅུ་རྩ་གསུམ་ལས་མི་ཐུབ་གསུངས། དོན་ལ་ཉི་ཤུ་ཐམ་པས་ཐུང་ངུ་སོང་བ་ཡིན་སྐད། དེའི་ཚེ་ཇོ་བོའི་ཐུགས་དགོངས་ལ་བོད་ལ་ཕན་ཐོགས་ན་ཚེ་ཐུང་ན་ཡང་ཐུང་སྟེ། ཚེ་ལ་མི་ལྟ་སྙམ་པའི་ཐུགས་སྟོབས་ཆེན་པོ་སྐྱེས། རང་བས་གཞན་གཅེས་བྱ་བ་དེ་ལྟ་བུ་ཞིག་ཡིན་གསུངས། དོན་འདི་ལ་ལག་སོར་བའི་ཞལ་ནས་། ཇོ་བོ་འདི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པར་ཤེས། བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་ཡིན་པར་ཤེས། བྱང་ཆུབ་སེམས་དཔའ་ཆེན་པོའི་ཆེན་པོ་ཞིག་ཡིན་པར་ཤེས། པཎྜི་ཏ་གཞན་མ་གསེར་རྙེད་མི་རྙེད་ལ་འདམ་སྟེ། ཇོ་བོ་ནི་སེམས་ཅན་ལ་ཕན་ཐོགས་མི་ཐོགས་ལ་འདམ། རང་གི་ལུས་སྲོག་ལ་མི་ལྟ་གསུངས།
དེ་ནས་ཇོ་བོས་ལོཙྪ་བ་གཉིས་པོ་བསགས་ནས། བླ་མ་རྣམས་དང་ཡི་དམ་གྱི་ལྷ་རྣམས་ཀྱི་ཞལ་ནས་བོད་དུ་སོང་འགྲོ་བ་ལ་ཕན་ཐོགས་གསུངས། ཁྱེད་ཀྱང་ནན་ཆེ་བས་འདེང་གི། ད་བྱ་བ་གསར་པའི་འཕྲོ་མི་གཏོད། རྙིང་པའི་འཕྲོ་བསྡུ་བ་སོགས་ལ་བརྩོན་འགྲུས་བསྐྱེད་ཀྱང་ཟླ་བ་བཅོ་བརྒྱད་འགོར་བར་འདུག་ན། དེའི་བར་སྡོད་ནུས་སམ་གསུང་བ་ལ། ལོཙྪ་བ་གཉིས་པོས་ལོ་གསུམ་སྡོད་གསུང་ཡང་རྔོ་ཐོགས་ལགས་ཞེས་ཞུས་པས། འོ་ན་དེའི་བར་དུ་རདྣ་ཨཱ་ཀཱར་ལ་གནས་ཀྱི་སློབ་དཔོན་ཞུས་ལ་སློབ་གཉེར་མཛོད། ཐབས་མཁས་ཀྱི་འགྲོ་བར་བྱའོ་གསུངས། ནག་ཚོས་ཇོ་བོའི་ཞབས་དྲུང་དུ་སླེབས་ནས་བོད་དུ་མི་འབྱོན་གྱི་བར་ལ་ལོ་ཧྲིལ་པོ་གསུམ་དང་ཟླ་ངོ་ལྔར་ཉེ་བར་སོང་། དེའི་བར་དུ་སློབ་གཉེར་སྨར་བར་བྱུང་གསུངས། དེ་ནས་ཇོ་བོ་དཔོན་གཡོག་བོད་དུ་འབྱོན་པར་ཆས་ཏེ། རྡོ་རྗེའི་གདན་ལ་མཆོད་པ་མཛད། ཇོ་བོའི་ཞལ་ནས། རྒྱ་གར་མཐའ་འཁོབ་ན་ཆོས་བློན་ཞིག་གིས་གདན་འདྲེན་ཡོད་པ་ལ། སྔར་འགྲོ་མ་ཁོམ། ད་འགྲོ་བ་ཡིན་གསུངས་ནས་བྱོན། ཡང་ཇོ་བོའི་ཞལ་ནས། རང་བྱུང་ལ་མཆོད་པ་བྱེད་དུ་འགྲོ་བས་ཁྱེད་རྣམས་ལོག་ཅིག་གསུངས། དེར་གནས་བརྟན་རདྣ་ཨཱ་ཀཱ་རའི་ཞལ་ནས། ནག་ཚོ་ལ་ཨཱ་ཡུ་ཥྨ་ནྟ་ཁྱོད་སློབ་གཉེར་ལ་འོངས་སམ་ཙ་ན། ངའི་པཎྜི་ཏ་རྐུ་བར་འདུག །ད་པཎྜི་ཏ་ཉིད་ཀྱང་བཞུད་པ་ལ་དགྱེས། བོད་ཀྱི་མིང་མང་པོ་ཡང་གུམ་པས་བོད་སྙིང་རྗེ་བར་འདུག །བོད་དུ་ལོ་གསུམ་ལས་མ་བཞུགས། དེ་རྟིང་ཚུར་བསྐྱལ་དགོས་གསུང་བས་ནག་ཚོས་ཁས་བླངས། དེ་ལ་ཇོ་བོས་རྒྱ་གར་ནས་ལྕགས་འབྲུག་གི་མཇུག་ལ་ཕྱགས་བཏེག །ལོ་དེ་ལ་ནཱ་རོ་པ་སྐུ་གཤེགས། ལྕགས་སྦྲུལ་ལ་བལ་པོར་ཕེབས་དེར་ལོ་གཅིག་བཞུགས། ཆུ་ཕོ་རྟ་ལ་མངའ་རིས་སུ་ཕེབས། དེའི་ཚེ་ནག་ཚོས་ལོ་སུམ་ཅུ་རྩ་གཅིག་ལོན། ཐོག་མར་མང་ཡུལ་དུ་ཕྱགས་ཕབ། དེ་ནས་མཐོ་ལྡིང་གི་གཙུག་ལག་ཁང་ཆེན་པོར་ཕེབས། དེའི་དུས་སུ་ལྷ་བཙུན་པས་བསུ་བའི་བཀོད་པ་རྒྱ་ཆེན་པོ་མཛད་ནས། ཇོ་བོ་ལ་སྙུན་སྨེད་ (རྨེ) འདི་སྐད་མཛད་དེ།
ཨེ་མ་ཧོ། བླ་མ་རྗེ་བཙུན་ཆེན་པོའི་ཞལ་སྔ་ནས། །ལྷོ་བལ་ཡུལ་ནས་བོད་ཀྱི་ཡུལ་དུ་བྱོན། །བཤུལ་ཐག་རིང་བས་སྐུ་ཉོན་མ་མོངས་སམ། །འདུ་བ་རྣམ་བཞིའི་སྐུ་སྙུན་མི་མངའ་འམ། །སྐུ་ཉམས་བདེ་འམ་དགྱེས་པར་སྤྱོད་ལགས་སམ། སྐུ་གསུང་ཐུགས་ལ་གནོད་པ་མི་མངའ་འམ། །ཞེས་དང་། བདག་ཅག་བོད་ཀྱི་སྐྱེ་བོ་ཕལ་ཆེར་ནི། །བླ་མ་དང་བྲལ་རང་དགར་སྨྲ་བ་སྟེ། །ཀླ་ཀློའི་སྤྱོད་པ་མ་བསྲུངས་རྩིང་བ་རྣམས། །ཨ་ཏི་ཤ་ཡིས་བཟོད་པར་མཛད་དུ་གསོལ། །ཞེས་བོད་སྤྱིའི་བཟོད་གསོལ་དང་། དགེ་བཤེས་ལོཙྪ་བ་ལ་བཟོད་པར་གསོལ་བ་ནི། སློབ་དཔོན་ཚུལ་ཁྲིམས་རྒྱལ་བའི་སྤྱན་སྔ་ནས། །རེ་བ་ཆེ་བས་བདག་གི་ཐུགས་དམ་ཞུས། །ཐུགས་ལ་བཏགས་ནས་ལྷོ་བལ་ཡུལ་དུ་བྱོན། །དཀའ་བ་མང་དུ་སྤྱད་པ་བཟོད་པར་གསོལ། །ཞེས་དང་། རང་གིས་དཀའ་ལས་བྱས་པའི་བླ་མ་འདུས་བོད་ལ་ཕན་ཐོགས་པར་སྨོན་ལམ་བཏབ་པ།
ཨེ་མ་ཧོ་དགེ་སློང་བྱང་ཆུབ་འོད་བདག་གིས། །རྟག་ཏུ་བསམས་པའི་བླ་མ་སྤྱན་འདྲོངས་པས། །བོད་ཀྱི་ཡུལ་དུ་སྐྱེས་བུ་དམ་པ་འདིའི། །གཞུང་ལུགས་ཤིན་ཏུ་དར་ཞིང་རྒྱས་པར་ཤོག །ཅེས་གསོལ་ནས། བོད་ལ་ཆོས་ཟབ་ཟབ་པོ་ལས་ཀྱང་། ལས་རྒྱུ་འབྲས་ཀྱི་ཆོས་ཀྱིས་བསྐྱང་བར་ཞུ་ཞུས་པར་གདའ། དེར་འགྲོ་བའི་དོན་མཐའ་ཡས་པ་མཛད་ནས། པུ་རངས་རྒྱལ་ཞིང་བྱ་བར་ཕེབས་པ་ན་འབྲོམ་གྱིས་མཇལ། མང་ཡུལ་དུ་བོད་དབུས་གཙང་གི་མི་ཆེན་ཐམས་ཅད་ཀྱི་བསུ་བས་སླེབས། ཇོ་བོ་ཡང་དགྱེས་ནས་དགེ་འདུན་ལ་སྤྱི་ཕྱག་མཛད།
དེ་ནས་བོད་སྟོན་རྣམས་ཕྱིར་ཐེགས་ནས། ཇོ་བོ་དཔོན་གཡོག་རིམ་གྱིས་འབྱོན་པར་བྱས་ནས། རྒྱང་དུ་ཕེབས་པའི་ཚེའང་དགེ་འདུན་རྣམས་ཀྱིས་བསུས་པས་མཉེས། དེ་ནས་བྱང་གི་སའི་ཆ་ཚ་སྣ་བྱ་བར་བྱོན་ནས། སྐྱེ་བོ་མང་པོ་ལ་ཆོས་བསྟན། ཇོ་བོའི་འཕྲིན་ལས་ལ་བརྟེན་པའི་གནས་ཆུང་ཞིག་ཀྱང་བྱུང་། དེ་ནས་གཙང་གི་ལམ་རྣམས་སུ་བཀུར་སྟི་ཆེ་བ་ཙམ་ཡང་མ་བྱུང་། སླར་ཉན་མཚོ་གནས་སུ་ཕེབས་ནས་སྐྱེ་བོ་རྣམས་ཀྱིས་བསྙེན་བཀུར་ཡང་དག་པར་བྱས། ཡོལ་ཆོས་དབང་ལ་སོགས་པ་ལ་ཆོས་མང་དུ་གསུངས། འགོས་ལྷས་བཙས་ཀྱིས་ཀྱང་དེའི་དུས་སུ་མཇལ། དེ་ནས་རོང་ལ་བྱོན་ཏེ། དཔོན་གཡོག་རྣམས་བཀྲེན་ཆེ་བ་ལ། ཉ་མ་དད་པ་ཅན་ཞིག་གིས་ཞབས་ཏོག་བྱས། གསེར་གྱི་རྟ་ལ་གཡུའི་མིའུ་ཐུང་བསྐྱོན་པ་ཅིག་ཕུལ་བས། ནན་ལྟར་མཉེས་ཏེ། ཡུན་རིང་གི་ནད་པ། བཤུལ་རིང་གི་འགྲོན་པོ། ཕ་མ་རྒན་རྒོན་ལ་ཞབས་ཏོག་བགྱིས་པ་དང་། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་བསྒོམས་པ་བསོད་ནམས་མཉམ་གསུངས།
དེ་ནས་གན་པ་བྱང་ཐང་དུ་ཕེབས་པ་ན་ལྷ་སའི་ཐད་ཀྱི་རི་ལ་ཕྱག་མཛུབ་གཏད་ནས་ཕ་གི་ན་ཅི་ཡོད་པ་ཡིན་གསུངས། ལྷ་སའི་གཙུག་ལག་ཁང་བདོག་པ་ལགས་ཞུས་པས། དེ་ཐད་འཇའི་གུར་གསུམ་བརྩེགས་འདུག །ལྷའི་བུ་དང་བུ་མོ་མང་པོས་མཆོད་པ་བྱེད་ཀྱི་འདུག་གསུངས། དེ་ནས་རིམ་གྱིས་སྣ་པོ་ལར་ཕེབས་དུས་རག་དུང་བུས་རུང་བྱས་པས། མི་ཐམས་ཅད་ཁྱིམ་དུ་བྲོས། ཕྱུགས་ཐམས་ཅད་ཐག་པ་བཅད་སྐད། ཇོ་བོའི་ཞལ་ནས། བལ་པོའི་མཐིལ་འདྲ། མང་ཡུལ་གྱི་གྲོང་འདྲ་གསུངས་ནས་མཉེས། གྲ་ཕྱི་ཚོང་འདུས་སུ་གནས་ཆུང་ཞིག་གིས་གདན་དྲངས། ལྷ་ཁང་ཞིག་ལ་རབ་གནས་མཛད། ཆོས་འཁོར་གང་ན་ཡོད་གསུང་པ་ལ། རི་མ་གིའི་སྣ་ནས་མཐོང་ཞུས་པས། དགྱེས་ནས་མེས་ཡར་གྱི་གྲུ་ལ་བྱོན། ཆོས་འཁོར་བསམ་ཡས་སུ་ཕྱག་ཕེབས། ལྷ་བཙུན་བོདྷི་རཱ་ཛས་ཞབས་ཏོག་ལེགས་པར་མཛད། བོད་ཀྱི་མི་ཆེན་མང་པོའང་འདུས། ཁུ་སྟོན་གྱིས་ཡར་ཀླུངས་སུ་སྤྱན་དྲངས། ཐང་པོ་ཆེར་ར་ཁྲི་བཟང་བྱ་བས་བརྩིགས་པའི་ར་བརྩིགས་ཁང་པར་བཞུགས། ཆོས་མང་དུ་གསུངས། དེར་འབྲོམ་གྱིས་ཀྱང་སྤྱན་སྔར་བྱོན། ཁུས་ཞབས་ཏོག་བཟང་བ་ཁ་ན་མ་བྱུང་བས། དབོན་སློབ་རྣམས་བྲོས་ཏེ་ཉང་པོའི་གྲུ་ལ་ཞུགས་པ་ན། ཁུ་སྟོན་གྱིས་ཀྱང་རྗེས་བསྙེགས་སུ་སླེབས་ནས་ཨ་ཏི་ཤ་དེར་བཞུགས་ཞེས་སྐད་ཆེན་པོ་བཏང་། ཞུ་བ་བྱས་ཀྱང་མ་གསན་པར། དབུ་ཞྭ་ཕྱིར་བྱིན་རླབས་ཀྱི་རྟེན་དུ་འཕངས། དེ་ནས་འོན་གྱི་ལྷ་ཁང་ཀེ་རུར་ཟླ་བ་གཅིག་བཞུགས། དེའི་རྩིག་ངོས་ལ་ཉིད་ཀྱི་སྐུ་འདྲ་གཅིག་བྲི་བར་མཛད་དེ། དེང་སང་ཡང་མཆོད་པའི་གནས་སུ་གྱུར།
དེ་ནས་བསམ་ཡས་སུ་ཕེབས་ནས་པེ་དཀར་གླིང་དུ་བཞུགས། རྒྱ་དཔེ་མང་པོ་འདུག་པ་གཟིགས་པས། ཤིན་ཏུ་དགྱེས་ཏེ་སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་བ། རྒྱ་གར་དུ་ཡང་བྱུང་བ་དཀའ་གསུངས། བྱང་ཆུབ་ཆེན་པོ་གཟིགས་པས་མ་ཧཱ་བོ་དྷི་དང་ཁྱད་མི་སྣང་གསུངས་ནས། གནས་དང་གཙུག་ལག་ཁང་ལ་དགྱེས་ཏེ། བང་སྟོན་གྱིས་སྤྱན་འདྲེན་བྱུང་ཡང་མ་གསན། དེ་ནས་བང་སྟོན་གྱི་བསུ་བ་རྟ་པ་ཉིས་བརྒྱ་ཙམ་གྱིས་སླེབས་ཏེ། དཔོན་གཡོག་རྣམས་རྒོད་དཀར་ལ་ལ་ཐེགས། སྲིའི་རྒྱ་ཕིབས་སུ་ཟླ་བ་ཕྱེད་བཞུགས། དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་ས་འཕྲུལ་སྣང་དུ་སྤྱན་དྲངས། ཞབས་ཏོག་རྒྱ་ཆེར་མཛད། འཕྲུལ་སྣང་གི་ཐུགས་རྗེ་ཆེ་པོ་དེ་ལ་འདི་ལས་ངོ་མཚར་ཆེ་བ་མེད། ཐུགས་རྗེ་ཆེན་པོ་དངོས་ཡིན་གསུངས། ཇོ་བོ་ཤཱཀྱ་གཟིགས་པས་སྤྲུལ་པའི་སྐུ་དངོས་ཡིན་གསུངས་ནས། ལྷ་བཟོ་བ་མཁས་པ་གཅིག་ལ་དེ་ཁོ་ན་འདྲ་བ་ཅིག་བཞེངས་སུ་བཅུག །ལྷ་སར་དགུན་གཅིག་བཞུགས་པ་ལ། ཆོས་ཀྱང་དེར་གསུངས་པ་རྣམས་ཟབ། རྟགས་ཁྱད་པར་དུ་འཕགས་པ་མང་པོའང་བྱུང་གསུངས། དེའི་དབྱར་རྡོག་བྱང་ཆུབ་འབྱུང་གནས་ཀྱིས་སྤྱན་དྲངས་ནས་ཡེར་པ་བ་རང་དུ་བཞུགས། འགྲོ་བའི་དོན་རྒྱ་ཆེར་མཛད། སྐ་བ་ཤཱཀྱ་དབང་ཕྱུག་གིས་འཕན་ཡུལ་དུ་སྤྱན་དྲངས། ལན་པ་སྤྱིལ་བུར་བཞུགས། ཆོས་མང་དུ་གསུངས། དེ་ནས་ཡེར་པར་བྱོན། དེའི་དུས་སུ་བང་སྟོན་གྱིས་སྤྱན་འདྲེན་བྱུང་སྟེ། ཕྱིར་ལམ་ལྷ་སར་མཛད་དེ། སྙེ་ཐང་དུ་ཕེབས། དེ་ལྟར་ན་ཇོ་བོས་མངའ་རིས་སུ་ལོ་གསུམ། དབུས་གཙང་གཞན་དུ་ལོ་བཞི། སྙེ་ཐང་དུ་ལོ་དྲུག་སྟེ། བོད་དུ་ལོ་བཅུ་གསུམ་འགྲོ་བའི་དོན་མཛད་ནས། ཤིང་ཕོ་རྟའི་ལོ་དབྱུག་པ་ཟླ་བའི་ཚེས་བཅོ་བརྒྱད་ལ་ཞི་བར་གཤེགས། ནག་ཚོས་ཇོ་བོ་བོད་དུ་ལོ་བཅུ་གཉིས་བསྟེན། རྒྱ་གར་དུ་སྔ་རེས་ལོ་གཉིས། ཕྱི་རེས་ལོ་ལྔ་སྟེ་ལོ་བཅུ་དགུ་བསྟེན་པར་ཁོང་རང་གི་གསུང་ལས་ཀྱང་འབྱུང་སྟེ། ལོ་ནི་བཅུ་དགུ་བསྟེན་ཅིང་འགྲོགས་ན་ཡང་། ཞེས་སོ།།
༧༠. གནས་གཞི་གཙུག་ལག་ཁང་བཞེངས་པའི་ཆེ་བ་ནི། བླ་མ་ཆེན་པོ་འདིས། རྒྱ་གར་དུའང་དགེ་འདུན་གྱི་སྡེ་དང་གནས་གཞི་མང་དུ་འཛུགས་པར་མཛད་ཅིང་། བལ་པོར་ཡང་ཐམ་བི་ཧ་ར་ཞེས་པའི་གཙུག་ལག་ཁང་བཞེངས། མང་ཡུལ་དུ་ཀེ་རུ་བྱ་བ་དང་། བྱང་དུ་ཚ་སྣ། དབུས་སུ་དགེ་བཤེས་སྟོན་པས་རྭ་སྒྲེང་གི་གཙུག་ལག་ཁང་བཞེངས་སུ་གསོལ་བ་ཡང་ཇོ་བོ་ཉིད་ཀྱི་ཡིན་ཏེ། ཁ་ཆེ་པཎ་ཆེན་གྱི་གསུང་ལས། དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ལྷ་ཁང་ལྟ་ཞེས་གསུངས་ནས་རྭ་སྒྲེང་དུ་ཕེབས་པར་མཛད་ཅིང་། ཁྲོ་ལོས་ཇོ་བོ་ལ་བསྟོད་པ་མཛད་པར་ཡང་། བསྟན་སྲོག་ཁྱོད་ཀྱིས་རྒྱ་བོད་བལ་གསུམ་དུ། །བསྟན་གཞི་ཕོ་བྲང་རྟེན་བཅས་བཞེངས་སྩལ་ཞིང་། །བསྟན་རྩ་དགེ་འདུན་འབུམ་ཕྲག་མང་རྒྱས་མཛད། །དེ་ཤས་འཕྲིན་ལས་ཆ་ཙམ་བདག་ནོད་དོ། །ཞེས་འབྱུང་ངོ་།།
༧༡. གསང་སྔགས་སྒྲ་ཇི་བཞིན་པར་བཟུང་སྟེ་རྩིང་ཆོས་སུ་བྱེད་པ་ཚར་བཅད་པའི་ཆེ་བ་ནི། གསང་དབང་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པ་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་བཅད་པར་གྱུར་པའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང་། །དེ་ནི་ངན་སོང་ངེས་ལྟུང་བས། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་ཏེ། །སྙིང་རྗེའི་སེམས་སྤངས་ནས་ཕ་རོལ་པོ་སྒྲོལ་བ་དང་། །དེ་ཁོ་ན་ཉིད་མ་རིག་པར་དབང་གསུམ་པ་ཉམས་སུ་ལེན་པ་སོགས་ནི་མི་རུང་བར་གསུངས་སོ། །བསྟོད་པ་ལས་ཀྱང་། དགེ་བའི་བཤེས་གཉེན་དང་བྲལ་ཞིང་། །ཐེག་ཆེན་མདོ་སྡེ་མ་མཐོང་བས། །སྙིང་རྗེ་ལས་བྱུང་བྱང་ཆུབ་སེམས། །སྤངས་ནས་གསང་སྔགས་འབའ་ཞིག་སྤྱོད། །གནོད་སྦྱིན་ལག་ན་རྡོ་རྗེ་དང་། །སྲིན་པོ་ཤ་ཟ་སོགས་པར་སྐྱེ། །ཞེས་དང་། །རྒྱུད་ཀྱི་དགོངས་པ་མི་ཤེས་པར། །སྒྲ་བཞིན་འཇུག་པའི་སྔགས་པ་ཀུན། །ལོག་པའི་ལམ་དུ་ཞུགས་ཟིན་ནས། །ཁྱོད་ཀྱིས་ཡང་དག་ལམ་དུ་བཙུད། །ཅེས་འབྱུང་ངོ་།།
༧༢. འདུལ་བ་ལ་རང་བཟོ་བྱེད་པ་ཚར་བཅད་པའི་ཆེ་བ་ནི། །གཟུས་རྡོ་རྗེ་རྒྱལ་མཚན་གྱིས། །འདུལ་བ་ལ་བདག་འདི་ལྟར་བྱེད་ཀྱི་ཡོད་ཞུས་པས། ཇོ་བོའི་ཞལ་ནས། ཨ་ཙ་མ་མི་རུང་། ཁྱེད་ཐམས་ཅད་མཁྱེན་པ་ཡིན་ནམ་གསུང་སྐད། བྲག་རྒྱབ་པའི་དཔོན་ན་རེ། ཇོ་བོ་མ་བྱོན་གོང་དུ་ཤམ་ཐབས་རང་ཡང་མི་འདྲ་བ་གསུམ་བྱུང་ཟེར་ཏེ། ཇོ་བོའི་དྲིན་ལ་འདུལ་བའི་ལག་ལེན་ལེགས་པར་གཏན་ལ་ཕེབས་ཏེ། ཉམས་སུ་བླང་བཏུབ་པར་བྱུང་བ་ཡིན།
༧༣. ལྟ་བ་ངན་པ་ཚར་བཅད་པའི་ཆེ་བ་ནི། ཐབས་དང་བྲལ་བའི་སྟོང་ཉིད་གཅིག་པུ་བསྒོམས་པས་འཚང་མི་རྒྱ་བར་བཀའ་སྩལ་ཏེ། ཟུང་འབྲེལ་དུ་ཉམས་སུ་ལེན་དགོས་གསུངས། བོད་ཐམས་ཅད་དབུ་མའི་ལྟ་བ་འཛིན་ཟེར་བ་ལ། སོ་སོར་རྩད་བཅད་པས་སེམས་ཙམ་དུ་ཡང་མི་སྣང་གསུངས་ནས། དབུ་མའི་ལམ་དུ་འཁྲིད་པར་མཛད་ཅིང་། དབུ་མའི་མན་ངག་ཆེ་ཆུང་གཉིས་ཀྱང་མཛད་དེ། བསྟོད་པ་ལས། ལྟ་བ་མི་མཐུན་སྣ་ཚོགས་པ། །སྔོན་གྱི་སློབ་དཔོན་རྗེས་འབྲངས་ནས། །སོ་སོར་མི་མཐུན་རྩོད་པ་ཀུན། །ཁྱོད་ཀྱིས་ལུང་དང་རིག་པས་བཀྲོལ། །ཁྱོད་ནི་སངས་རྒྱས་བསྟན་པ་ཡི། །ཁ་འབྱེད་ཉི་མའི་འོད་ཟེར་ཡིན། །ཕྱིན་ཅི་ལོག་གི་ལྟ་འཛིན་པ། །ཁྱོད་ཀྱིས་ཡང་དག་ལམ་ལ་བཙུད། ། ཅེས་སོ།།
༧༤. མི་མ་ཡིན་ཚར་བཅད་པའི་ཆེ་བ་ནི། ལན་པ་སྤྱིལ་ཕུར་བཞུགས་པའི་ཚེ། བྲན་ཀས་ཇོ་བོ་ལ་བར་ཆད་བརྩམས་པས། ཨུ་པ་སི་ཀ་ཕན་མེད། མི་མ་ཡིན་འདུག་པ་ལ་ང་ལ་མི་སྦྲོན་པ་གསུང་ནས། རྟ་མགྲིན་ཤྭ་ན་བཞི་བསྐོར་གྱི་སྒྲུབ་ཐབས་མཛད་ནས་བྲན་ཀ་བཏུལ་ལོ།།
༧༥. མི་མ་ཡིན་གྱིས་བྱིན་གྱིས་བརླབས་པ་ཚར་བཅད་པའི་ཆེ་བ་ནི། ཇོ་བོ་ཡེར་པར་བཞུགས་པའི་དུས། ཁུ་སྟོན་གྱིས་ཇོ་བོ་ལ་དར་ཡུལ་མངོན་ཤེས་འདི་བསོད་ནམས་ནི་ཆེ། ཡིན་པ་ནི་ལྷའི་བུའི་བདུད་ཀྱིས་ཁྱེར་བ་ཡིན་པས། འདི་ཚར་གཅོད་པར་ཞུ་ཞུས་པ་ལ། ངས་དཔུང་བྱའི་མཁས་པ་ཆེན་པོ་ཉིད་ཀྱིས་ཚར་ཆོད་གསུངས། དེར་ཁུ་སྟོན་གྱིས་འགྲམ་པ་གཡས་གཡོན་གཉིས་སུ་དཀར་གོང་དང་སྲན་མ་བཅུག་ནས། གུ་རུ་དར་ཡུལ་མངོན་ཤེས་ལགས། ཁྱེད་མངོན་པར་མཁྱེན་པ་དང་ལྡན་པ་ལགས་པས། ཇོ་བོ་སྐུ་ཚེ་སྔ་མ་གང་དུ་འཁྲུངས། ད་གང་དུ་འཁྲུངས། ང་སྐྱེ་བ་སྔ་མ་གང་དུ་སྐྱེས། ཕྱི་མ་གར་སྐྱེ་བྱས་པས། ཐོགས་པ་མེད་པར་ཤར་གྱིས་བྱུང་། འོ་ན་ངའི་འགྲམ་པ་གཡས་གཡོན་ན་ཅི་ཡོད་བྱས་པས། མ་ཤེས་པར་རྔུལ་ཞམ་གྱིས་བྱུང་། དུས་དེ་ཙ་ན་འདྲེ་ངན་གྱིས་ལྷར་བརྫུས་ནས་བར་ཆད་བྱེད་པ་མང་དུ་བྱུང་བས། དེས་འཕྲིག་ཚུད་ནས་དེ་ནས་མ་བྱུང་གསུངས།
༧༦. མུ་སྟེགས་ངན་པའི་བར་ཆད་ཀྱིས་མི་ཚུགས་པའི་ཆེ་བ་ནི། ཇོ་བོ་སྙེ་ཐང་ན་བཞུགས་དུས། ཇོ་བོས་རྣལ་འབྱོར་པ་ཆེན་པོ་ལ། ཨ་ཙ་ར་ཁུར་པོ་ཆུང་ཆུང་ཁུར་བ་ཅིག་འོང་གི །ཁྲེས་པོ་དེ་གཉིས་ཕྲོགས་ལ་ཁོང་གཉིས་ཕུད་ལ་ཐོང་གསུངས་པས། རྣལ་འབྱོར་བས་དེ་བཞིན་དུ་མཛད། ཁྲེས་པོའི་གསེབ་ན་ཟེའུ་གཅིག་བྱུང་། ཇོ་བོས་རྩིག་པ་ལ་ཁ་གཏད་ནས་ཕྱེ་བས། གྲི་གུ་རྒྱངས་ཀྱིས་ཐོན། རྩིག་པ་ལ་ཐམ་གྱིས་སོང་སྐད། ཇོ་བོའི་ཞལ་ནས། ངས་བོད་དུ་སངས་རྒྱས་ཀྱིས་བསྟན་པ་ཕན་གྱི་དོགས་ནས་མུ་སྟེགས་ཀྱིས་བཀྲོངས་མི་བཏང་བ་ཡིན་ཏེ། ང་ལ་བར་ཆད་ཀྱིས་མ་ཚུགས་པ་ཡིན་གསུངས།
༧༧. ཆོམ་རྐུན་པས་མ་ཚུགས་པའི་ཆེ་བ་ནི། རྒྱ་གར་ནས་བོད་དུ་ཕེབས་པའི་ལམ་ཁར། ཇག་པ་མང་པོ་བྱུང་བ་ལ། ཇོ་བོས་མན་ངག་མཛད་དེ་ལྡེར་ཚོ་བཞིན་དུ་མིག་སྔོ་ཙར་རེ་ལུས་སྐད། དེ་ནས་ཨ་རེ་སྙིང་རྗེ་གསུངས་ནས་བྱེ་མ་སྦར་བ་གང་ལ་སྔགས་བཏབ་ནས་མཐོར་དུ་བཏང་བས། དོ་ནུབ་ངེད་ཀྱིས་ཅི་ཡང་མ་མཐོང་ཟེར་ནས་ཟིང་གི་སོང་།
༧༨. གཞན་གྱི་སྡིག་རྐྱེན་མི་མཛད་པར་བདེ་བའི་སར་གཤེགས་པའི་ཆེ་བ་ནི། ཇོ་བོ་བསམ་ཡས་སུ་བཞུགས་པའི་ཚེ། ཇོ་མོ་མཆིམས་མོ་བྱ་བས། ཇོ་བོ་འབྱོན་དུ་རེ་ནས། བྱིས་པ་ཚན་གཅིག་ལ་རྔན་པ་བྱིན་ཏེ། ལོཙྪ་བས་ཀྱང་ལོ་མ་ཚ། པཎྜི་ཏས་ཀྱང་ཆོས་མ་བཤད། ཨ་ཏི་ཤ་ལ་བཞུད་དུས་མེད། ཡང་ཚན་གཅིག་ལ། ཇོ་བོ་རྗེ་ཡི་ལྷ་གཅིག་ལ། །བཞུད་པའི་དུས་ཀྱང་མི་གདའ་ན། །ལྷ་བཙུན་བོ་དྷ་རཱི་ཛ་ལ། །འབབ་པའི་དུས་ཀྱང་མི་གདའ་ན། །བྱ་བ་བསླབས། གཙང་པ་སྨོན་ཏེ་བྱ་བས། རྒྱ་གར་མཁས་པའི་པཎྜི་ཏ། །བོད་ཡུལ་དབུས་སུ་གདན་དྲངས་པས། ཆོས་སུ་མ་དར་ནད་དུ་དར། །བྱེ་མའི་ཤང་གཤོང་རོ་ཡིས་བཀང་། །བྱ་བའི་ཚིགས་བཅད་བྱས་པས་ཀྱང་བཞུད་པའི་རྐྱེན་བྱས་ཏེ། །གང་ན་འཐབ་ཅིང་རྩོད་པ་བས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ། །བྱ་བ་ཡིན་པས་ཐེགས་པར་མཛད་པ་ལྟ་བུའོ། །དེ་ཡང་བསྟོད་པ་ལས། གཞན་དག་དད་པར་མི་འགྱུར་ཞིང་། །མི་རྣམས་སེམས་དང་འགལ་གྱུར་པ། །གཤེ་ཞིང་སྐུར་པ་འདེབས་ལ་སོགས། །གཞན་གྱི་སྡིག་རྐྱེན་ཁྱོད་མི་མཛད། །ནམ་ཡང་གཞན་དག་མི་དད་པ། །དུག་དང་འདྲ་སྟེ་སྤོང་བར་མཛད། །ཅེས་སོ།།
༧༩. ཕན་གནོད་ཀྱི་ཞིང་ཁྱད་པར་ཅན་དུ་གྱུར་པའི་ཆེ་བ་ནི། ཁ་ཆེ་པཎ་ཆེན་ཐང་པོ་ཆེར་བཞུགས་པའི་དུས། ཁྲོ་ཕུ་ལོཙྪ་བ་དང་། གཉལ་པ་གཙང་ནག་བྱ་བས་བགྲོ་གླེང་བྱས་པའི་དུས་སུ། ཁོང་གིས་ཇོ་བོའི་ལུང་གཅིག་དྲངས་པ་ལ། ལོཙྪ་བས་ཁ་བརྙས་ཤིག་བྱས་པས། དེའི་ནང་པར་ནས་སྐད་འགགས་ཏེ་ཚོགས་ཆེན་མོར་ཆོས་འཆད་པའི་འཕྲོ་ཆད། ཟླ་བ་གཅིག་ཏུ་བསོས་སུ་མ་བཏུབ་ནས། ར་མོར་སྨན་ཆུ་འཐུང་པ་ལ་སོགས་པས་ཀྱང་མ་ཕན། པཎ་ཆེན་ལ་ཞུས་པས། དཱི་པཾ་ཀ་ར་ལ་བཤགས་པ་འབུལ་དགོས་གསུངས། དེ་མ་ཐག་བཤགས་པ་བྱས། མཆོད་པ་ཕུལ། དགའ་ལྡན་དུ་ལྷའི་བུ་ནམ་མཁའ་དྲི་མ་མེད་པ་སྐུ་བལྟམས་པའི་བསྟོད་པ་དང་། གསོལ་འདེབས་བྱས་པས་མགྲིན་པ་བསོས་སོ། །པཎ་ཆེན་གྱི་ཞལ་ནས། སྭ་ར་བྷཾ་ག་ཞེས་བྱ་བ་མགྲིན་པའི་ནད་ཅུང་ཟད་གཅིག་ཡིན། བཤགས་པ་མ་བྱས་ན་ཛི་བ་བྷཾ་ག་ཞེས་བྱ་བ་འོང་བ་ཡིན་ཏེ། དེ་བྱུང་ན་ལོཙྪ་བ་དིག་པ་དང་ཁྱད་མེད་དུ་འགྱུར་བ་ཡིན་གསུངས། ཡང་ཇོ་བོ་མཆིང་རུ་ན་མར་བྱོན་ཙ་ན་བུ་མོ་ཁྱིམ་གསར་མ་ཅིག་གིས་ཇོ་བོ་ལ་མགོ་རྒྱན་མ་ལུས་པར་ཕུལ་བས། ཨ་ཙ་ར་འདོད་པ་ཅན་ལ་དེ་ཙམ་འབུལ་བ་ཟེར་ནས་ཁྱིམ་དུ་འཐབས་པས། བུ་མོས་གཙང་པོ་ལ་མཆོངས་ནས་ལྕེབས། ཇོ་བོའི་ཞལ་ནས། ངའི་བུ་མོ་སྙིང་རྗེ་གསུངས་ནས། བུ་མོའི་དོན་དུ་ངན་སོང་སྦྱོང་བའི་ཆོ་ག་མཛད་དེ། ངའི་བུ་མོ་འཚེང་གསུངས། ཡང་ལན་པ་སྤྱིལ་ཕུར་བྱོན་པའི་ལམ་ཁར་བུ་མོ་ཞིག་ཇོ་བོ་ལ་དད་ནས་མོ་རང་གི་རལ་གུ་ཟུལ་ལ་ཕུད་དེ་ཇོ་བོ་ལ་ཕུལ། ཕྱིས་དེ་ལ་ཞང་བུ་གཅིག་པ་བྱ་བའི་སྐྱེས་བུ་དམ་པ་དེ་འཁྲུངས་པར་གདའ།
༨༠. གནས་དང་གང་ཟག་ལུང་བསྟན་པའི་ཆེ་བ་ནི། གཙང་ན་མར་ཕེབས་དུས་ས་སྐྱའི་རི་ལ་ཕྱག་མཛུབ་གཏད་ནས། ས་འདིར་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་བརྒྱུད་དུ་འབྱུང་ཞེས་པ་དང་། སྣར་ཐང་གི་ཐང་གཟིགས་པ་ན། ཕ་གིར་གནས་བརྟན་ཆེན་པོ་བཅུ་དྲུག་གི་སྤྲུལ་པ་འབྱུང་ཞེས་ལུང་བསྟན་པར་གྲགས་ལ། གཙང་རོང་དུ་ཕེབས་དུས་རོང་ཟོམ་ཆོས་བཟང་བྱིས་པ་ཅིག་འདུག་པ་འདི་ལ་ངས་སྨྲ་མི་ནུས། འདི་ནག་པོ་སྤྱོད་པ་བ་ཡིན་གསུང་བ་དང་། དོལ་གྱི་དཔེ་ཁང་དུ་ཞགས་མཛད་དུས། ཡུལ་འདིར་བྱང་ཆུབ་སེམས་དཔའ་རྟགས་མཚན་ཅན་ཞིག་འབྱོན་པར་འདུག་ཅེས་དགེ་བཤེས་དོལ་པ་ཆེན་པོ་ལུང་བསྟན། ལན་པ་སྤྱིལ་ཕུར་བཞུགས་དུས་མྱང་མི་ཆེན་པོ་དེ་བྱིས་པ་གཅིག་བྱུང་བ་ལ་བྱིན་རླབས་མཛད་ནས། གཞན་ལ་ཕན་པ་ཅིག་འོང་གི་གསུངས། སྙེ་ཐང་དུ་བཞུགས་དུས་བ་རི་ལོཙྪ་བ་སོགས་ཀྱིས་རྒྱ་གར་དུ་འགྲོ་བའི་ལམ་གྱི་བར་ཆད་སེལ་བའི་བྱིན་རླབས་ཞུར་བྱུང་བ་ལ། ཇོ་བོས་བྱིན་རླབས་མཛད། ལམ་ལ་བར་ཆད་མེད། གཞན་ལ་ཕན་ཐོགས་པར་འདུག་གི །ཁྱེད་རྣམས་བླ་མ་རྡོ་རྗེ་གདན་པ་ཅན་དུ་སོང་ཞིག་ཅེས་ལུང་བསྟན་ཏོ། །ཡང་དེའི་དུས་སུ་རྔོག་ལ་ནེའུ་ཐོག་ཏུ་དགོན་པ་བཏབ་ན་སྡེ་སྣོད་ཀྱི་བཤད་ཉན་དར་བར་འགྱུར་ཞེས་སང་ཕུ་ལུང་བསྟན་པ་ལ་སོགས་པའོ།།
༨༡. ས་གཞི་བྱིན་གྱིས་བརླབས་པར་གྱུར་པའི་ཆེ་བ་ནི། གང་དུ་ཞབས་ཀྱིས་བཅགས་པར་གྱུར་པ་རྣམས་སུ་དགེ་འདུན་གྱི་སྡེ་རྒྱས་པ་དང་། སྐྱེ་བོ་དག་ལ་བདེ་སྐྱིད་འབྱུང་བ་ཡིན་ཏེ། སྔོན་ལྷ་ས་སྙེ་ཐང་དུ་མཚན་ཉིད་ཀྱི་བཤད་ཉན་ཉི་ཟླ་ཤར་བ་བཞིན་དུ་གྱུར་པ་དང་། ཡེར་པར་སྒྲུབ་སྡེ་དར་ཞིང་། ཐང་པོ་ཆེར་དགེ་འདུན་གྱི་སྡེ་དར་རྒྱས་ཆེ་བར་བྱུང་། དོལ་མདར་ཞག་གཅིག་བཞུགས་པས་ཡང་གང་དུ་བཀའ་གདམས་ཀྱི་སྲོལ་ཆེན་པོ་དར་བ་དང་། ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་ཞ་ལུ་གསེར་བཀང་གི་རབ་གནས་ལ་སྤྱན་དྲངས་པས། དགེ་འདུན་གྱི་སྡེ་དང་མདོ་སྔགས་ཀྱི་བཤད་པ་དར་རྒྱས་ཆེ་བར་གྱུར་པ་དང་། ཡོལ་ཆོས་དབང་གིས་ཉན་མཚོ་གནས་རྙིང་དུ་སྤྱན་དྲངས་ཟླ་བ་གསུམ་དུ་ཆོས་འཁོར་མཛད། དེའི་བྱིན་རླབས་ཀྱིས་ད་ལྟའི་བར་དུ་དགེ་འདུན་གྱི་སྡེ་དར་རྒྱས་ཆེའོ། །ལྷ་ཁང་ཀེ་རུར་ཟླ་བ་གཅིག་བཞུགས་པས་ཕྱིས་དགེ་འདུན་གྱི་སྡེ་དར་ཞིང་འོན་ལུང་པ་བདེ་སྐྱིད་ཆེ་བར་བྱུང་། སྲིའི་རྒྱ་ཕིབས་སུ་ཟླ་བ་ཕྱེད་བཞུགས་པས་ཡུལ་བདེ་ཞིང་ཉེ་འཁོར་དུ་དགེ་འདུན་གྱི་སྡེ་ཁྱད་པར་ཅན་བྱུང་བ་སོགས་བཀྲ་ཤིས་པའི་མཚན་མ་མ་བྱུང་བ་མེད་དོ།།
༨༢. གཞན་གྱིས་ཇི་ལྟར་ཞུས་པ་བཞིན་རེ་བ་སྐོང་བའི་ཆེ་བ་ནི། བསམ་ཡས་སུ་བཞུགས་ཙ་ན་བོད་དབུས་གཙང་གི་མི་ཐམས་ཅད་འཚོགས་ནས་དཔེ་ཀར་གླིང་དུ་ཇོ་བོ་ལ་སེམས་བསྐྱེད་ཆེན་མོ་ཞུས། དེའི་སྲོད་ལ་བོད་སྟོན་རྣམས་ཀྱིས་ཇོ་བོ་ལ། དེ་རིང་ནི་བྱང་ཆུབ་སེམས་དཔའ་མང་པོ་ཞིག་མཛད་ཞུས་པས། སྐྱེས་པ་ནི་གཅིག་ཀྱང་མི་འོང་གསུངས། དེ་ཅི་ལགས་ཞུས་པས། དཀོན་ཅོག་ལ་མཆོད་པ་མེད་པ་གསུངས། འོ་ན་མི་མཛད་ཐང་ཞུས་པས། མ་བྱས་ན་བོད་རྣམས་ང་ལ་ཁ་ཟེར་དུ་འོང་གསུང་སྟེ། གཞན་ཡང་མང་ངོ་། །བསྟོད་པ་ལས་ཀྱང་། སློབ་མ་ཇི་ལྟར་འདོད་པ་ཡི། །ཆོས་ཀྱི་གདམས་ངག་གསུང་བར་མཛད། ། ཅེས་སོ།།
༨༣. སློབ་མའི་སྒོམ་གེགས་སེལ་བར་མཛད་པའི་ཆེ་བ་ནི། ཇོ་བོ་སྙེ་ཐང་དུ་བཞུགས་པའི་ཚེ། དགེ་བཤེས་དགོན་པ་པ་བུར་གྱི་ཉ་ག་མོར་སྒོམས་མཛད་ཅིང་བཞུགས་པའི་དུས་ནུབ་གཅིག་འུར་སྒྲ་ཆེན་པོ་བྱུང་བའི་རྗེས་ལ། ས་འོག་ནས་སྡིག་པ་ཆེན་པོ་ཞིག་ཤིག་ཤིག་བྱུང་བས། ཇོ་བོ་ལ་གསོལ་བ་ཅིག་བཏབ་པས་མེད་དེ་སོང་། དེའི་ནང་བར་ཇོ་བོ་སྙེ་ཐང་ནས་བྱོན་ནས། ཁྱོད་ང་སྦྲོན་གྱི་འདུག་པ་ཅི་བྱེད་གསུངས་པས། མདངས་ཀྱི་དེ་གསོལ་བས། ཇོ་བོ་རྣལ་འབྱོར་བསྲུང་བའི་སྐོར་བྱ་བ་མི་གཡོ་བའི་གདམས་པ་མ་ལུས་པ་དགོན་པ་བ་ལ་གནང་བས། ལོཙྪ་བ་དང་། སྟོན་པ་གཉིས་ཞལ་འཁང་ཡང་མཛད། གཞན་ཡང་དགོན་པ་བ་ལ་གེགས་མང་དུ་བྱུང་བ། ཇོ་བོས་བསལ་བས། སྒོམ་གྱི་གེགས་སེལ་ལ་དགོན་པ་པ་ཉིད་མཁས་པར་གྲགས་ལ། རྒྱ་གར་དུ་སློབ་མ་ཅིག་ལ་སྒོམ་སྐྱོན་བྱུང་བ། ཇོ་བོ་སྙེ་ཐང་དུ་བཞུགས་པའི་དུས་བཅོས་པར་མཛད་པ་ལ་སོགས་པའི་གཏམ་ཡང་སྣང་ངོ་།།
༨༤. སྒོམ་ལ་བསྔགས་པ་མཛད་པའི་ཆེ་བ་ནི། ཡེར་པར་བཞུགས་དུས་ཞང་བཙུན་འོལ་རྒོལ་ཀྱིས་གདམས་པ་ཞུས་པས། ཚེ་ཡུན་ཐུང་། ཤེས་བྱའི་རྣམ་པ་མང་། ཚེའི་ཚད་ཀྱང་མི་ཤེས་པས་ཁྱོད་སྒོམས་ཤིག །བསྒོམས་པས་ནི་མང་པོ་མང་པོ་གོ་བ་ཡིན། ཉན་པས་ནི་ཉུང་ངུ་ལས་མི་གོ་བས། སྒྲུབ་པ་སྙིང་པོར་གྱིས་ཤིག་གསུངས། ཇོ་བོས་དགོན་གནས་སྟོངས་པ་རྣམས་ལ་ཕྱག་མཛད་དེ། སྟོངས་པ་ལགས་ཞུས་པས། ཁོ་བོ་སྒོམ་པ་ལ་དགའ། མ་འོངས་པ་ན་བསྒོམས་ཏེ་མཆི་གསུངས།
༨༥. ཆེ་ཆོས་སྤངས་ཏེ་དམན་པ་རྣམས་ལ་ལྷག་པར་བརྩེ་བའི་ཆེ་བ་ནི། རྒྱ་གར་མཐའ་འཁོབ་ཏུ་ཚུར་འབྱོན་ཙ་ན། འབྲོག་པ་བསྐྱས་བྱས་པའི་ཤུལ་ན་མ་ཁྲིད་པའི་ཁྱི་གུ་གསུམ་འདུག་པ་ཇོ་བོས་གཟིགས་ནས། ཁྱིའི་བུ་ཆུང་སྙིང་རེ་རྗེ་གསུངས་ནས་ན་བཟའི་སྟེབ་དུ་བཅུག་ནས་བྱོན། དེའི་ཁྱི་བརྒྱུད་དུ་ད་ལྟའང་ར་སྒྲེང་ན་ཡོད་གསུངས། སྙེ་ཐང་ན་བཞུགས་དུས་ན་མོ་ཆེའི་ཁ་ན་ཕར་སྐྱོ་བསངས་མཛད་ཅིང་བཞུགས་པ་ན། རེའུ་ལུག་དང་རྟེའུ་དང་བེའུ་ཀུན་ལ། རའི་བུ་ཆུང་ཀུན་ཁམས་བདེའམ་རྟའི་བུ་ཆུང་ཀུན་ཁམས་བདེའམ། བེའུ་ཀུན་ཁམས་བདེའམ་གསུངས། རེས་ཙ་ན་མཛེ་སྤྲང་གི་གསེབ་ན་ཕར་བཞུགས་ནས་ཕམ་ཕབ་གནང་ཞིང་། བྱམས་སྙིང་རྗེ་སྒོམ། ཁྱད་པར་ཁྱི་གུ་ཁོ་ན་ལ་བྱམས་པས། ཁྱི་གུ་ཀུན་ཕྱག་ཏུ་བསྣམས་ནས་ཁྱིའི་བུ་ཆུང་ཁམས་བདེའམ། ལུས་ངན་འདི་ལྟ་བུ་ལན་པ་ཁྱེད་རང་གིས་ནོངས་གསུངས། ཁུ་སྟོན་གྱིས་ཇོ་བོ་ལ་བླ་མས་ཀྱང་མི་ཆེན་མི་ཤེས་པར་འདུག །ཞུས་པས། ཇོ་བོའི་ཞལ་ནས། བོད་ཀྱི་མི་ཆེན་གྱི་དགོས་པ་མེད། ཁོ་བོའི་བྱམས་པ་དང་སྙིང་རྗེ་ལ་གནོད་གསུང་ངོ་། །བསྟོད་པ་ལས་ཀྱང་། དཀོན་ཅོག་གསུམ་དང་ཐུགས་དམ་ལྷ། །བླ་མ་རྣམས་དང་འགྲོ་བ་ལྔ། །འདི་དྲུག་ང་ཡི་ལྷ་དང་ནི། །ཇོ་བོ་ཡིན་ཞེས་རྟག་ཏུ་གསུངས། །ཞེས་སོ།།
༨༦. བསམ་ཡས་སུ་ངོ་མཚར་བའི་མཛད་པ་བསྟན་པའི་ཆེ་བ་ནི། སྔར་བཤད་པ་ལྟར་ནམ་མཁའ་ལ་བསྐོར་བ་མཛད་པ་དང་། ཡང་ལན་གཅིག་གི་ཚེ་ཇོ་བོ་དབུ་ཞྭ་དང་ན་བཟའ་གསོལ་ལྷུད་བཟེད་དང་གསིལ་བྱེད་བསྣམས་ནས་སྨྱུག་མའི་བུ་ག་གཅིག་ན་ཡར་འཛུལ་མར་འཛུལ་མཛད་ཀྱི་སྣང་བ། སྟོན་པས་གཟིགས་པས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མངའ་བརྙེས་པར་དགོངས།
༨༧. ལྷ་སར་ངོ་མཚར་བའི་མཛད་པ་མང་དུ་གཟིགས་པའི་ཆེ་བ་ནི། རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་ས་འཕྲུལ་སྣང་དུ་སྤྱན་དྲངས་བསུ་བ་མཛད་པའི་དུས་སུ། ཇོ་བོ་ཐུགས་རྗེ་ཆེན་པོས་ཀྱང་བསུ་བ་མཛད་དེ། མི་རེང་སྐྱ་བོ་ཞིག་བྱུང་ནས། མཧཱ་པཎྜི་ཏ་བྱོན་པ་ལེགས་སོ། །རྒྱལ་བར་གྱུར་ཅིག་གསུངས་ནས་བཞུད་པས། ཇོ་བོས་ཆིབས་ལས་བབས་ཏེ་བརྒྱུགས་པས་མ་ཟིན། དེ་ལྟར་མཛད་པ་ཇི་ལྟར་ལགས་ཞུས་པས། ཁྱེད་ཀྱིས་མི་རེང་སྐྱ་བོ་དེ་མཐོང་ངམ། དེ་ངའི་ཡི་དམ་ཐུགས་རྗེ་ཆེན་པོ་ཡིན། ཕྱག་བྱ་བར་འདོད་ནས་བརྒྱུགས་པས་མ་ཟིན་གསུངས། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེས་གཙུག་ལག་ཁང་ཆེན་པོ་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་ཤིག་འོང་ངམ་སྙམ་དུ་འཁྲུངས་པའི་ཚེ། སྤྲང་མོ་སྨྱོན་མ་བྱ་བ་ཅིག་རེད། གཙུག་ལག་ཁང་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་འཚལ་ལམ་ཟེར། དེ་རང་བཞིན་གྱི་རྣལ་འབྱོར་མར་མཁྱེན་ནས་ཡིད་ཀྱིས་ཕྱག་དང་མཆོད་པ་བྱས་ནས་ཅིས་ཀྱང་འཚལ་ལགས་ཞུས་པས། འོ་ན་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་དང་གསུམ་གཞལ་བའི་ས་ན་ཡོད། གཞན་ལ་མ་སྨྲ་ཞིག་གསུངས། དེ་ཇོ་བོས་རྙེད་པས་གཏེར་སྲུང་གཉན་པོ་ཞིག་འདུག་པ་ན་རེ། དེ་རིང་ཇི་ཙམ་ཟིན་པ་ཅིག་འདིར་གནང་གི་ཟེར་བས། རྣལ་འབྱོར་པས་དབུ་མཛད་སྟོན་པ་བཞི་ཀས་བྲིས་པས་ལྷག་བག་ཙམ་ཞིག་ལུས་གསུང་སྐད། སུམ་ཅུ་པ་ལས། མཁའ་འགྲོས་གཏེར་ཀ་ཕྱེ་ནས་ཁྱོད་ལ་བསྟན། །ཤཱཀྱ་མུ་ནེའི་འཇའ་ས་ཁྱོད་ཀྱི་དྲིན། །ཞེས་འབྱུང་ངོ་། །ཇོ་བོའི་ཞལ་ནས། གྲིབ་ཀྱི་རི་དང་ལྷ་ས་གཉིས་ལ་ཕར་བཞུད་ཚུར་བཞུད་བྱེད་པའི་རང་བཞིན་གྱི་རྣལ་འབྱོར་མ་གཉིས་ཀྱང་འདུག །དགྲ་བཅོམ་པ་ཅིག་ཀྱང་བཞུགས་འདུག །སྲང་ག་ཐ་མ་ན་འདུག་པའི་སྤྲང་མོ་སྨྱོན་མ་རེས་ངུ་རེས་དགོད་པ་དེ་ཡང་རང་བཞིན་གྱི་རྣལ་འབྱོར་མ་ཡིན། །ལྷ་རྣམས་ཀྱིས་ནམ་མཁའ་ལ་བསུ་བ་བྱས་ནས་སོང་གསུངས། རྣལ་འབྱོར་པས་ལྟར་ཕྱིན་པས་སྐུ་གཤེགས་མ་ཐག་ཏུ་གདའ་སྐད། བོད་ན་དུར་ཁྲོད་ཀྱི་གནས་ཤིག་ཡོད་པར་བཤད་པ་དེ་འདི་ཡིན་པར་འདུག །ཁྱད་པར་དུ་གསང་སྔགས་བསྒྲུབ་བའི་གནས་མཆོག་ཏུ་གྱུར་པ་ཡིན་གསུངས། སུམ་ཅུ་པ་ལས། ལྷ་སར་ལྷ་ཡི་རོལ་མོ་བསྒྲགས་པ་ལས། །མྱུར་བར་བྱོན་ནས་བར་ཁང་ལྷ་ཚོགས་ལ། །ཕྱག་རྟེན་ཕུལ་ནས་མཁའ་ལ་བསྐོར་བ་མཛད། །ཅེས་འབྱུང་ངོ་།།
༨༨. སྙེ་ཐང་དུ་བྱམས་འཇམ་དབྱངས་ཆོས་ཀྱི་བགྲོ་བ་མཛད་པ་གཟིགས་པའི་ཆེ་བ་ནི། ཇོ་བོ་གཟིམས་ཆུང་ན་བཞུགས་པ་ལ། རྣལ་འབྱོར་པ་ཆེན་པོས་བཞེས་པ་འདྲེན་དུ་བྱོན་པ་ན། སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་མཛད་ཅིང་འདུག །ཡང་ཕྱིན་ཙ་ན་དེ་བཞིན་དུ་འདུག་ནས་ལོག །དེ་ནས་བཞེས་པ་གྲང་མོར་སོང་སྟེ་ཞུ་མ་ནུས་པས། ངའི་ཆོས་སྟོན་ཁྱོགས་གསུངས། ད་ཅི་མི་གསོལ་བ་ཅི་ལགས་ཞུས་པས། མཻ་ཏྲི་བྷྲི་ཁོ་ལི་གསུངས། དྲོ་ཐོན་པ་དང་ཇོ་བོའི་ཞལ་ནས། ད་ནང་བར་དུ་རྗེ་བཙུན་འཇམ་དཔལ་དང་། བྱམས་པ་གཉིས་མདུན་གྱི་ནམ་མཁའ་འདི་ལ་བྱོན་ནས། ཐེག་པ་ཆེན་པོའི་ཆོས་ལ་བགྲོ་བ་མང་དུ་མཛད། དཔལ་ཕྱག་ན་རྡོ་རྗེས་བར་ཆད་བསྲུངས། ལྷའི་བུ་རྣམས་ཀྱིས་ཟིན་བྲིས་བྱས། ད་དེ་འདྲི་དགོས་གསུངས་ནས། བྱམས་པ་བགྲོ་བ་མཛད་པའི་སྐྱ་རིས་བླ་མ་ཉིད་ཀྱིས་མཛད་དོ།།
༨༩. ཆེ་རྒུ་མཐའ་དག་གིས་ཞབས་ལ་གཏུགས་པའི་ཆེ་བ་ནི། རྒྱ་གར་གྱི་རྒྱལ་པོ་མ་ཧཱ་པཱ་ལ་དང་། རྒྱལ་པོ་ནཻརྻཔཱ་ལ། ནུབ་ཕྱོགས་ཀརྞའི་རྒྱལ་པོ། བལ་པོའི་རྒྱལ་པོ་གྲགས་པ་མཐའ་ཡས། ལྷ་བཙུན་པ་སྐུ་མཆེད། ལྷ་བཙུན་བོ་དྷིརཱ་ཛ་ལ་སོགས་པས་གུས་པས་བཏུད་ཅིང་མཆོད་པར་མཛད་པ་ཡིན་ཏེ། བསྟོད་པ་ལས། མ་གདྷ་ཡི་བདག་པོ་ནི། །རྒྱལ་པོ་ནཻརྻཔཱ་ལ་ཡིན། །ལོངས་སྤྱོད་འབྱོར་པ་མངའ་ཐང་སོགས། །འདི་ཙམ་ཞེས་ནི་བརྗོད་པར་དཀའ། །དམག་དཔུང་འབུམ་ཕྲག་མང་པོར་ལྡན། །རབ་བརྟན་ས་སྲུང་བུ་ལྟ་བུར། །དྲེགས་པས་རྔམས་ཞིང་འགྱིང་བ་ཡང་། །ཁྱོད་ཀྱི་ཞབས་གཉིས་སྤྱི་བོར་ལེན། །ཞེས་སོ།།
༩༠. ལྷའི་ལྷར་གྱུར་པའི་ཆེ་བ་ནི། བསམ་ཡས་སུ་བཞུགས་པའི་ཚེ། ལྷ་རྣམས་ཀྱིས་ང་ལ་མཆོད་པ་བྱས་གསུང་བ་དང་། སྙེ་ཐང་དུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་རིན་པོ་ཆེ་སྣ་ལྔའི་མེ་ཏོག་གཏོར་ཅིང་མཆོད་པར་མཛད་པ་དང་། ཡང་ལན་གཅིག་ཇོ་བོའི་མདུན་དུ་མིའམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་ཐལ་མོ་སྦྱར་ཏེ་ཀྲོང་ངེ་འདུག་པ་གཟིགས། རྣལ་འབྱོར་པ་ལ་གསུངས་པས། ཨ་ཏི་ཤ་མི་འཇིགས་སམ་ཞུས་པས། གང་ལ་འཇིགས་མི་གཅིག་མདུན་ན་འདུག་པ་དང་འདྲ་གསུངས། བརྒྱད་ཅུ་པ་ལས། གཟི་བརྗོད་ལྡན་པའི་ལྷ་རྣམས་དང་། མཐུ་དང་རྫུ་འཕྲུལ་སྟོབས་ལྡན་པའི། །གནོད་སྦྱིན་ཚོགས་ནི་མ་ལུས་པས། །བསྲུང་ཞིང་བསྙེན་བཀུར་བྱེད་ལ་བརྩོན། །ཞེས་དང་། སུམ་ཅུ་པ་ལས། སྙེ་ཐང་འོར་དུ་བྱེ་མའི་སྟེང་བཞུགས་ཚེ། །བརྒྱ་བྱིན་ལ་སོགས་བར་སྣང་ལྷ་ཚོགས་ཀྱིས། །རིན་ཅེན་སྔ་ལྔའི་མེ་ཏོག་ཆར་དུ་ཕབ། །བླ་མ་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཞེས་དང་། བེའུ་བུམ་དུ། ། ལྷ་གཅིག་རྟ་མགོ་ཅན་བཞིན་འཇིགས་པ་མེད། །ཅེས་འབྱུང་། །ལོ་ཆེན་རིན་ཅེན་བཟང་པོས། ལྷ་ཡི་ལྷར་གྱུར་པཎྜི་ཏ། །རྣམ་དག་སྐུ་མཆོག་ཁྲིམས་ཀྱིས་སྤྲས། །ཞེས་གསུངས་སོ།།
༩༡. བོད་འབངས་ཐམས་ཅད་ཀྱིས་མཆོད་ཅིང་བསྙེན་བཀུར་བའི་ཆེ་བ་ནི། སྤྱིར་བོད་ཀྱི་སྐྱེ་འགྲོ་ཐམས་ཅད་ཀྱིས་ཞབས་ཏོག་དང་བསྙེན་བཀུར་མ་བྱས་པ་མེད། མངའ་རིས་སུ་ལྷ་བླ་མས་གསེར་སྲང་སུམ་བརྒྱ་དུས་གཅིག་ལ་ཕུལ། ཇོ་བོ་རིན་ཅེན་བཟང་པོས་གསེར་སྲང་བརྒྱ། ཡེར་པར་འབྲོམ་གྱིས་འབུམ་མོ་ཆེ། རྔོག་གིས་ལྷ་སར་འབུལ་བ་དང་ཞབས་ཏོག །ལྷ་བླ་མས་མཁན་བརྒྱུད་དང་དེའི་རབ་ཏུ་བྱུང་བ་ཐམས་ཅད་ཀྱི་ཤམ་ཐབས་ཁྲལ་མཛད། བོད་ཀྱི་མི་ཆེན་ཐམས་ཅད་འཚོགས་ནས། དགེ་བཤེས་སྟོན་པའི་ཞང་པོ་སྟོང་བཙན་ནམ་མཁའ་བྱ་བ་གཟུགས་མཛེས་པོ་ཡོད་པ་འབུལ་དུ་བཅུག་སྟེ། རྒྱལ་སྲིད་ཆེན་པོ་སྣ་བདུན་མཆོད་པའི་ཚུལ་དུ་བྱས་པ་ཅིག་ལ། སྔོན་ལ་བཙུན་མོ་རིན་པོ་ཆེ་རྒྱན་གྱིས་བརྒྱན་ནས། ཕྱག་རྟེན་རང་གཅིག་པུ་སྙེ་ཐང་གི་ལྕགས་རིའི་ནང་དུ་མི་ཤོམ་པ་ཙམ་ཕུལ་བ་ལགས་པར་གདའ། བསྟོད་པ་ལས་ཀྱང་། ཁྱོད་ནི་ཐོས་དང་མཐོང་བ་དང་། །རེག་པར་གྱུར་པ་ཐམས་ཅད་ཀྱིས། །དད་ཅིང་བསྙེན་བཀུར་བྱེད་ལ་བརྩོན། །ཁྱོད་འདྲ་འཛམ་བུ་གླིང་ན་དཀོན། ། ཞེས་སོ།།
༩༢. མཚན་ཙམ་གྱིས་ཀྱང་བསྟན་པ་ལ་ཕན་པར་གྱུར་པའི་ཆེ་བ་ནི། སྤྱིར་ཇོ་བོ་བྱང་ཆུབ་སེམས་དཔའ་ཞེས་གྲགས། ལྷ་བླ་མས་ཞུས་ནས། ལས་རྒྱུ་འབྲས་ཞིབ་ཏུ་གསུངས་པས། མངའ་རིས་སྟོད་དུ་པཎྜི་ཏ་ལས་འབྲས་པ་བྱ་བར་གྲགས། སྙེ་ཐང་དུ་སྐྱབས་འགྲོའི་བསླབ་བྱ་ཕན་ཡོན་བརྒྱད་དང་བཅས་པ་ལེགས་པར་གསུངས་པས། ཇོ་བོ་སྐྱབས་འགྲོ་བ་བྱ་བར་གྲགས་ཏེ། ངའི་མིང་གིས་ཀྱང་བསྟན་པ་ལ་ཕན་ཐོགས་གསུངས་ནས་དགྱེས་སྐད།
༩༣. བླ་མའི་བཀའ་དྲིན་གསབ་པར་མཛད་པའི་ཆེ་བ་ནི། སྙེ་ཐང་ན་བཞུགས་དུས་བླ་མ་གསེར་གླིང་པའི་ལོ་རྒྱུས་བྱས་པས། ཇོ་བོ་ལ་སྤྱན་ཆབ་མང་པོ་བྱོན། ཨ་ཏི་ཤ་ཅི་ནོངས་ཞུས་པས། བླ་མ་དྲན་པར་གྱུར་ཏོ་གསུངས། བླ་མ་ནི་མང་ན་གང་ལགས་ཞུས་པས། གསེར་གླིང་པ་དྲན་པར་གྱུར་ཏོ་གསུངས་ནས་སྤྱི་བོ་ཕྱག་ཐལ་མོ་སྦྱོར། འདས་མཆོད་བཟང་བ་རེ་ཅི་ནས་ཀྱང་མཛད་དོ། །དེའི་སྲོལ་དགེ་བཤེས་སྟོན་པས་བཟུང་ནས་འདས་མཆོད་དར་ཏེ། ཤར་བ་པའི་ཞལ་ནས། འདས་མཆོད་བྱ་བའི་སྲོལ་བཟང་པོ་ཞིག་དར་རོ་གསུང་སྐད། རྣལ་འབྱོར་པ་རྒྱ་གར་དུ་འབུལ་བ་སྐྱེལ་དུའང་ལན་གསུམ་བཏང་ངོ་།།
༩༤. བོད་དུ་སྤྱིར་བསྟན་པ་གསལ་བར་མཛད་པའི་ཆེ་བ་ནི། བསྟོད་པ་ལས། བླ་མ་བོད་དུ་མ་བྱོན་ན། །ཐམས་ཅད་ལོང་བ་བཞིན་དུ་འགྱུར། །མཁྱེན་པ་རྒྱས་པ་ཁྱོད་བྱོན་པས། །བོད་དུ་ཡེ་ཤེས་ཉི་མ་ཤར། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་གསང་སྔགས་ནས་འདུལ་བ་ཀཱ་རི་ཀ་ཡན་གྱི་བསྟན་པའི་ཆོས་ཐམས་ཅད་མ་ཚང་བ་མེད་པར་ཉམས་སུ་བླང་བཏུབ་པར་མཛད་དེ། ཁྱིམ་པ་རྣམས་བསྙེན་གནས་དང་སྐྱབས་སུ་འགྲོ་བ་ལ་བཀོད། རབ་ཏུ་བྱུང་བ་རྣམས་ཚུལ་ཁྲིམས་ལ་བཀོད། སྔགས་པ་རྣམས་དམ་ཚིག་ལ་བཀོད། ཡོན་ལ་བསྔོ་བ། གཤིན་ལ་དགེ་བ། གསོན་ལ་རིམ་གྲོ། ནད་པ་ལ་སྨན་དཔྱད། རྟེན་ལ་རབ་གནས་ལ་སོགས་པ་མཐོ་དམན་མེད་པ་ལ་ཕན་གདགས་པར་མཛད་དོ།།
༩༥. གཞུང་བྱང་ཆུབ་ལམ་གྱ་སྒྲོན་མ་ལ་བརྟེན་ནས་ཐེག་པ་ཆེན་པོ་གསལ་བར་མཛད་པའི་ཆེ་བ་ནི། ལྷ་བཙུན་པས་ཞབས་ཏོག་དང་བསྙེན་བཀུར་རྒྱ་ཚེར་མཛད་ནས། བོད་ཡུལ་འདི་ན་སངས་རྒྱས་ཀྱི་བསྟན་པ་ལ་ལོག་པར་རྟོག་པ་བླ་མ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་མ་ཟིན་པ་དག་ཕན་ཚུན་རྩོད་ཅིང་། རང་རང་གི་རྟོག་གེས་ཟབ་པ་དང་རྒྱ་ཆེ་བའི་དོན་ལ་དཔྱད་དེ་སོ་སོར་མི་མཐུན་པ་མང་དུ་མཆིས་པས། དེ་དག་གི་ཐེ་ཚོམ་གསལ་དུ་གསོལ་ཞེས་དང་། ཐེག་པ་ཆེན་པོ་མ་ལུས་པའི་དོན་ཚིག་ཉུང་ལ་དོན་འདུས་པ། བླ་མ་ཉིད་ཀྱིས་ཇི་ལྟར་སྐུ་ཉམས་སུ་བཞེས་པའི་བསྟན་བཅོས་ཤིག་མཛད་པར་ཞུ་ཞེས་གསོལ་བ་བཏབ་པ་ལ་བརྟེན་ནས། ཇོ་བོས་སྡེ་སྣོད་གསུམ་གྱི་སྒང་དྲིལ་ནས་སྐྱེས་བུ་གསུམ་དུ་བསྟན་པ་བྱང་ཆུབ་ལམ་གྱི་སྒྲོན་མ་འདི་མཛད་པས་བཀའ་དྲིན་ཆེ་བ་ལགས། གཙང་དུ་ཕེབས་དུས་གང་མི་ཡོན་ཏན་གཡུང་དྲུང་། མགར་དགེ་བ། རྒྱལ་གྱི་ཞང་ཆེན་པོ། །སྐ་བ་ཤཱཀྱ་དབང་ཕྱུག །ཁུ་སྟོན། རྔོག་ལེགས་པའི་ཤེས་རབ་སྟེ་མི་དྲུག་གིས་གྲོས་བྱས་ནས་ཞུ་བ་ཕུལ་བ་ནི། ཐབས་ཤེས་རབ་ཡ་བྲལ་གྱིས་མཚང་རྒྱའམ་མི་རྒྱ་བྱ་བ་དང་། བྱང་ཆུབ་སེམས་དཔའི་སྡོམ་པའི་རྟེན་དུ་སོ་སོ་ཐར་པ་དགོས་སམ་མི་དགོས་བྱ་བ་དང་། རྒྱུད་འཆད་པ་ལ་རྡོ་རྗེ་སློབ་དཔོན་གྱི་དབང་མ་ཐོབ་པར་འཆད་དུ་རུང་ངམ་མི་རུང་བྱ་བ་དང་། ཚངས་པར་སྤྱོད་པས་དབང་གསུམ་པ་བླངས་ཀྱང་ཉེས་པ་མེད་ཟེར་བ་ཡོད་ན་བླང་དུ་རུང་ངམ་མི་རུང་བྱ་བ་དང་། དབང་བསྐུར་མ་ཐོབ་པར་གསང་སྔགས་ཀྱི་ཆོས་ཉམས་སུ་བླང་དུ་རུང་ངམ་མི་རུང་བྱ་བའི་དྲི་བ་ལྔ་པོ་དེ་ཞུས་པས། ཇོ་བོའི་ཞལ་ནས། ཁྱེད་རྣམས་ཐུགས་ཚོད་མི་གདའ། ལྷ་བཙུན་པས། དེ་བས་ཀྱང་མང་བཞུས་ནས་བྱང་ཆུབ་ལམ་གྱི་སྒྲོན་མའི་ནང་ན་གསལ་བར་བྱས་བདོག་ཁྱེད་ཀྱི་དེ་ཚོ་ཡང་དེ་ན་བདོག་གི་གསུངས། དེར་ལམ་སྒྲོན་བལྟས་པས་དེ་ན་ལེགས་པར་གཏན་ལ་ཕབ་ནས་འདུག་པས་ཁོང་རྣམས་སྤོབས་པ་མེད་པར་གྱུར་སྐད།
༩༦. ལོ་ཆེན་རིན་ཅེན་བཟང་པོ་སྒྲུབ་པ་ལ་བཙུད་པར་མཛད་པའི་ཆེ་བ་ནི། ལོ་ཙྪ་བའི་དགོངས་པ་ལ་པཎྜི་ཏ་ཡོན་ཏན་ཁོ་བོ་ལས་ཆེ་བ་དཀའ་མོད་ཀྱི་ལྷ་བླ་མས་སྤྱན་དྲངས་པས་ཞབས་ཏོག་ཅིག་བྱ་དགོས་སྙམ་ནས། རང་གི་གནས་མཐོ་ལྡིང་གི་གཙུག་ལག་ཁང་དུ་སྤྱན་དྲངས། དེ་ན་རྒྱུད་སྡེ་གོང་འོག་གི་ལྷ་རྣམས་ཐོག་གི་རིམ་པ་བྱས་ནས་བྲིས་ཡོད་པ་དེ་རྣམས་ལ་ཇོ་བོས་སོ་སོར་བསྟོད་པ་ཚིགས་སུ་བཅད་པ་རེ་མཛད་དེ། སྟན་ལ་བཞུགས་པ་ན། ད་ཅི་ནས་མཛད་པའི་བསྟོད་པ་དེ་རྣམས་སུས་མཛད་ཅེས་ལོཙྪ་བས་དྲིས་པས། དེ་ཁོ་བོ་རང་གིས་འཕྲལ་དུ་བགྱིས་པ་ལགས་གསུངས་པས། ལོཙྪ་བ་འཇིགས་ཞུམ་གྱིས་སོང་། ཇོ་བོས་ལོཙྪ་བ་ལ་ཁྱེད་ཀྱིས་ཆོས་ཅི་མཁྱེན་གསུངས་པས། རང་གིས་མཁྱེན་པ་རགས་རིམ་ཞིག་ཞུས་པས་ཇོ་བོའི་ཞལ་ནས། ཁྱེད་ལྟ་བུ་བོད་ན་བཞུགས་ནས་སྣང་བ། ཁོ་བོ་བོད་དུ་འོང་མི་དགོས་པར་འདུག་པ་ཞེས་གསུངས་ནས་ཐུགས་ཀར་ཐལ་མོར་སྦྱར། ལོཙྪ་བ་མཁྱེན་པ་ཆེ་བར་གདའི། སྟན་ཐོག་གཅིག་ཏུ་རང་གི་རྒྱུད་ཐོག་ཏུ་ཉམས་སུ་ལེན་ན་ཇི་ལྟར་བགྱི་གསུང་པ་ལ། ལོཙྪ་བས་རྒྱུད་སྡེ་སོ་སོ་ནས་འབྱུང་བ་བཞིན་བྱེད་ལགས་མོད་ཞུས་པས། དེར་ལོཙྪ་བ་རུལ། ཁོ་བོ་བོད་དུ་འོང་དགོས་པར་འདུག་གསུངས་ནས་མ་མཉེས་སྐད། དེ་ནས་ལོཙྪ་བས་བདེ་མཆོག་གི་རིམ་པ་གཅིག་དང་། རྗེ་བཙུན་མའི་བྱིན་རླབས་གཉིས་ཞུས། བྱིན་རླབས་ཐོབ་པ་དང་རྟོགས་པ་དང་ཉམས་བཟང་པོ་སྐྱེས། དཔེ་དང་མཆོད་གནས་མ་གཏོགས་པ་ཅི་ཡོད་ཇོ་བོ་ལ་ཕུལ་ནས་ཇོ་བོའི་བདེ་མཆོག་དང་རྗེ་བཙུན་མ་ལ་ཐུགས་དམ་གྱི་མཐིལ་མཛད་སྐད། ཇོ་བོའི་ཞལ་ནས། ངའི་ལོཙྪ་ལ་འགྲོ་དགོས་གསུངས་པས། ལོཙྪ་དབུ་བསྟན་ཏེ། མགོ་བོ་དཀར་པོ་འདི་བཞིན་དུ་སོང་བས། ཁོ་བོ་སྒྲུབ་པ་ཅིག་བྱེད་པར་ཞུ་བ་ཕུལ་བས། ཀྭ་ཡི་རིན་ཅེན་བཟང་པོ་ཁྱེད་སྒྲུབ་པ་གཤའ་མ་ཅིག་བྱེད་ན། སྐྱེ་བ་སྔ་མ་ཕན་ཆད་ཀྱི་དགེ་བའི་ཆོས་དཔག་ཏུ་མེད་པའི་མཐུ་ནི་ཡོད། དལ་འབྱོར་གྱི་མི་ལུས་ཐོབ་པར་དཀའ་བ་ནི་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་ནི་ཕྲད། དེ་སྟོན་པའི་དགེ་བའི་བཤེས་གཉེན་དང་ནི་འཛོམ། སྲིད་པའི་ནད་རབ་ཏུ་ཞི་བར་བྱེད་པ་དམ་པའི་ཆོས་ཀྱི་བདུད་རྩིའི་སྨན་ནི་རྙེད། གཏི་མུག་གི་མུན་པ་སེལ་བར་བྱེད་པ་དམ་པའི་ཆོས་ཀྱི་སྒྲོན་མེ་དང་ཕྲད་པའི་སྐབས་འདིར། སེམས་བྱ་བ་ངན་པ་རྣམས་ཀྱིས་མ་གཡེངས་པར་མཛོད་ཅིག་གསུངས། དེ་ཐུགས་ལ་བཞག་ནས་སྒྲུབ་ཁང་གི་སྒོ་ལ་ལྕགས་གཟེར་བཏབ་ནས། ཆོས་སྟོན་བུག་པ་ཅིག་ན་ཚུར་བླངས། སྒོའི་ཡ་ཐེམ་ལ་ཡི་གེ་བྲིས་ནས། གནས་ཁང་འདིའི་ནང་དུ་ཐ་མལ་པའི་རྟོག་པ་སྐྱེས་ན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་མགོ་བོ་ཁོས་བྱ་བ་བྲིས་ནས། ཇོ་བོ་ཐེགས་རྗེས་ལོ་བཅུའི་བར་དུ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས། བདེ་མཆོག་གི་དཀྱིལ་འཁོར་མངོན་སུམ་དུ་གཟིགས་སོ། །ལོཙྪ་བ་ཆེན་པོ་དེ་ཇོ་བོ་ཉིད་མ་གཏོགས་པའི་པཎྜི་ཏའི་བླ་མ་དྲུག་ཅུ་ཐམ་པ་ཡོད་ཟེར། དེ་རྣམས་ཀྱིས་ལོཙྪ་བ་སྒྲུབ་པ་ལ་མ་ཆུད་པ། ཇོ་བོས་ཆུད་པར་མཛད་པ་ཡིན་གསུངས།
༩༧. ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་དར་བར་མཛད་པའི་ཆེ་བ་ནི། ཀླུ་སྒྲུབ་དང་ཐོགས་མེད་ནས་བརྒྱུད་པའི་ལམ་སྲོལ་ལྟ་བ་དང་སྤྱོད་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་སྐྱེས་བུ་ཆེན་པོའི་ཆོས་ལུགས་ལ་སྐལ་བ་དང་ལྡན་པ་རྣམས་འཁྲིད་པར་མཛད་ཅིང་། སློབ་མ་དང་ཉིང་སློབ་ལས་བོད་ཡུལ་འདིར་ཤིན་ཏུ་དར་བར་གྱུར་པ་ཡིན་ཏེ། བསྟོད་པ་ལས། ཁྱོད་ཉིད་ཤེས་རབ་ཐུགས་རྗེ་ཡིས། །ཤིང་རྟ་ཆེན་པོའི་ལམ་དུ་བཙུད། །ཅེས་དང་། སྐྱེས་བུ་ཆེན་པོའི་ཆོས་ལུགས་སློབ། །ཤིང་རྟ་ཆེན་པོའི་ལམ་དུ་འཛུད། །ཅེས་དང་། རྗེའི་ཞལ་ནས་ཀྱང་། གང་དེ་པཎ་ཆེན་མར་མེ་མཛད་ཀྱིས་ནི། །གངས་རིའི་ཁྲོད་དུ་གསལ་བར་མཛད་པ་ལས། །ཕྱོགས་འདིར་རྒྱལ་བའི་ལམ་བཟང་ལྟ་བའི་མིག།དུས་མང་ཞིག་ཏུ་ཟུམ་པར་མ་གྱུར་ཏོ། །ཞེས་སོགས།
༩༨. བྱང་ཆུབ་ཀྱི་སེམས་ཀྱི་སྙིང་པོ་ལེན་པ་ལ་སྦྱར་བའི་ཆེ་བ་ནི། ཇོ་བོ་སྙེ་ཐང་ན་བཞུགས་པའི་དུས། ཞང་སྣ་ཆུང་སྟོན་པ། ལྗང་ལྗང་སྟོན་པ། ཀྱུར་སྟོན་པ། ཕྱག་དར་སྟོན་པ་བཞིས་གྲུབ་མཐའ་ཞུ་བར་བྱས་ནས། ཇོ་བོའི་གཟིམས་ཆུང་དུ་བྱོན་པ་དང་། ཐུགས་དམ་ལ་བཞུགས་གདའ་སྐད། དེ་ཐོན་པ་དང་ཇོ་བོའི་ཞལ་ནས། བོད་ཀྱི་པཎྜི་ཏ་ཀུན་ཅི་བཞེད་པ་ཡིན་གསུངས། གྲུབ་མཐའ་ཞིག་ཞུ་བ་ལགས་ཞུས་པས། ཕྱི་རོལ་བའི་འཇུག་པ་རྣམ་པ་ལྔ། ནང་པའི་འཇུག་པ་རྣམ་པ་གཅིག་བྱ་བ་ལ་བརྟེན་ནས་ཤ་ར་ར་གསུངས་ནས་དེ་ཐམས་ཅད་རྣམ་པར་རྟོག་པ་ལགས། རྣམ་པར་རྟོག་པ་བགྲང་གིས་མི་ལང་བས་སྙིང་པོ་བསྡུས་མཛོད་གསུངས། སྙིང་པོ་ཇི་ལྟར་བསྡུ་ཞུས་པས། འགྲོ་བ་ལྔས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེས་ཁྱབ་པར་གྱིས། དེ་རྣམས་མ་བཟོད་པས་བྱང་ཆུབ་ཏུ་སེམས་སྐྱེད་མཛོད། ཕྱི་ནང་གི་དངོས་པོ་ཐམས་ཅད་སྒྱུ་མ་ཙམ་དུ་སྒོམ་པར་གྱིས། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བསྔོས་ལ། སྙིང་པོ་དེ་ལྟར་བསྡུས་མཛོད་གསུངས། ཡང་གཞན་དག་གིས་ཆོས་ཞུ་བར་བྱས་པ་ལ། ཞང་སྣ་ཆུང་སྟོན་པ་ན་རེ། ཆོས་ཞུས་ཚད་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་སྦྱོངས་ཟེར་བ་རེ་ལས་མི་འོང་ཟེར། དེ་ཇོ་བོས་གསན་པས། ཞང་སྣ་ཆུང་སྟོན་པ་རེ་བདེན། ང་ལ་རྒྱ་གར་ཡང་སློབ་མ་ཁྱེད་བོད་ཁོ་ན་འདྲ་བ་མན་ངག་ལ་དགའ་བ། སྒྲུབ་པ་ལ་མི་དགའ་བ་ཅིག་ཡོད། ཁོང་ཡང་བྱང་ཆུབ་ཀྱི་སེམས་ལ་ཡིད་མི་ཆེས་གསུངས། ཞལ་ནས་ཀྱང་། ངན་སོང་ཐམས་ཅད་འཇིགས་པ་དང་། །སྒྲིབ་པ་ཐམས་ཅད་ལས་གྲོལ་ཞིང་། །རྫོགས་སངས་གོ་འཕང་སྩོལ་མཛད་པ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་རྟག་ཏུ་གསུངས། ཡང་ཇོ་བོ་ལ་བཅུད་ལེན་ཞུས་པས། ཁོ་བོ་བྱང་ཆུབ་ཀྱི་སེམས་ཀྱི་བཅུད་ལེན་མཛད་གསུངས། ཇོ་བོ་བོད་ལ་བཀའ་དྲིན་ཆེ་བ་ཡང་བྱང་ཆུབ་ཀྱི་སེམས་ཀྱི་གདམས་པ་འདི་ཁོ་ནས་དྲིན་ཆེ་བ་ཡིན། བྱམས་པ་ནས་ཐོགས་མེད་ལ་བརྒྱུད་པ་དང་། འཇམ་དབྱངས་ནས་ཞི་བ་ལྷ་ལ་བརྒྱུད་པའི་བྱང་ཆུབ་ཀྱི་སེམས་ཀྱི་གདམས་པ་གཉིས་ཀ་ཡང་ཇོ་བོའི་བཀའ་བརྒྱུད་འདི་ལ་མཆིས་པས། རྗེས་སུ་འཇུག་པ་རྣམས་ཀྱིས་ཀྱང་ཉམས་ལེན་གྱི་མཐིལ་དུ་བྱ་དགོས་པ་ཡིན་ནོ། །བསྟོད་པ་མཛད་པ་དག་གིས་ཀྱང་། དེ་བས་ཁྱོད་ཐུགས་སྙིང་པོ་རིན་ཅེན་སེམས། །བཅོས་མ་མིན་པ་ཡིད་ལ་བགྱིས་པ་ཡིས། །ཞེས་སོ།།
༩༩. སྐལ་བ་དང་ལྡན་པ་རྣམས་ལ་གདམས་པའི་ཆར་གྱིས་ཚིམ་པར་མཛད་པའི་ཆེ་བ་ནི། བསྟོད་པ་ལས། བོད་དུ་བྱོན་ནས་འབྲོམ་སྟོན་དང་། །ཁུ་སྟོན་རྔོག་སྟོན་ལ་སོགས་པ། །སློབ་མའི་ཚོགས་ནི་མ་ལུས་པ། །ཐམས་ཅད་ཇི་ལྟར་འདོད་པ་བཞིན། །ཀུན་གྱི་ཡིད་ནི་ཚིམ་པར་མཛད། །ཅེས་གསུངས་པ་ལྟར་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར། དབང་དང་སྒྲུབ་ཐབས་རྒྱུད་དང་མན་ངག་དཔག་ཏུ་མེད་པ་གསུངས་ཤིང་། ལྷ་ས་བསམ་ཡས་སྙེ་ཐང་ཡེར་པ་ལ་སོགས་པའི་གནས་རེ་རེར་གསུངས་པ་ཡང་བསམ་གྱིས་མི་ཁྱབ་པ་ཅིག་སྣང་། ཁྱད་པར་དུ་དགེ་བཤེས་སྟོན་པས་ཞུ་བ་ཕུལ་ནས། སྙེ་ཐང་དུ་བརྒྱད་སྟོང་པ་དང་མངོན་པར་རྟོགས་པའི་རྒྱན་སྦྱར་བའི་བཤད་པ་ཞིབ་ཅིང་རྒྱས་པ་ཅིག་གསུངས། དེ་ལ་ཕྱག་དར་སྟོན་པས་ཟིན་བྲིས་མཛད་པས་ཕར་ཕྱིན་ཁམས་ལུགས་མར་གྲགས་ཤིང་གཙིགས་ཆེ་བ་ཅིག་བྱུང་བ་ཡིན་གསུངས།
༡༠༠. བསྟན་བཅོས་བསྒྱུར་བར་མཛད་པའི་ཆེ་བ་ནི། བི་ཀ་མ་ཤཱི་ལར་བདེན་པ་གཉིས་ལ་འཇུག་པ་རྩ་འགྲེལ་དང་། སྙིང་པོ་བསྡུ་བ་དང་། དེའི་འགྲེལ་པ་སའི་སྙིང་ཕོས་མཛད་པ། དབུ་མ་རིན་པོ་ཆེའི་འཕྲེང་བ་སོགས་ཇོ་བོ་ཉིད་དང་ལོཙྪ་བ་རྒྱ་བརྩོན་སེང་གཉིས་ཀྱིས་ཐོག་མར་བསྒྱུར་བར་མཛད་ཅིང་། མངའ་རིས་སུ་ལོ་ཆེན་རིན་ཅེན་བཟང་པོ་དང་དཔོན་སློབ་གཉིས་ཀྱིས་ཉི་ཁྲི་དང་བརྒྱད་སྟོང་པ་དང་བརྒྱད་སྟོང་འགྲེལ་ཆེན་ལ་སོགས་པའི་འགྱུར་བཅོས་དང་གཞི་འགྱུར་མང་དུ་མཛད། བསམ་ཡས་སུ་དབུ་མ་ཕུང་པོ་ལྔ་པ་ལ་སོགས་པའི་ཆོས་མང་དུ་བསྒྱུར། ལྷ་སར་རྔོག་གིས་སྦྱིན་བདག་མཛད་ནས་དབུ་མ་སྙིང་པོ་དང་། དེའི་འགྲེལ་པ་རྟོག་གེ་འབར་བ། ལུ་དྲིལ་གཉིས་ལ་སོགས་པ་ལོཙྪ་བ་དང་གཉིས་ཀྱིས་བསྒྱུར། ཡེར་པར་བཞུགས་པའི་ཚེ་རྔོག་གིས་སྦྱིན་བདག་མཛད་ནས། རྒྱུད་བླ་མ་རྩ་འགྲེལ་དང་། འཇུག་པ་རྩ་འགྲེལ་ལ་སོགས་པ་མང་དུ་བསྒྱུར། སྙེ་ཐང་དུ་བླ་མ་ཉིད་ཀྱིས་མཛད་པའི་སེམས་སྐྱེད་པའི་ཆོ་ག་དང་། ཚུལ་ཁྲིམས་ལེའུའི་འགྲེལ་པ་སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པ་ལ་སོགས་པའི་སྔགས་མཚན་ཉིད་ཀྱི་གཞུང་མང་པོ་བླ་མ་ཉིད་དང་ལོཙྪ་བ་གཉིས་ཀྱིས་བསྒྱུར། དགེ་བཤེས་སྟོན་པས་ལོཙྪ་མཛད་ནས་བརྒྱད་སྟོང་འགྲེལ་ཆེན་དང་། འགྲེལ་པ་དོན་གསལ་དང་། ཡེ་ཤེས་གྲུབ་པ་ལ་སོགས་པའི་འགྱུར་ཡང་མང་དུ་མཛད་དོ།།
༡༠༡. རྩོམ་པས་ཐུབ་བསྟན་གསལ་བར་མཛད་པའི་ཆེ་བ་ནི། སྨན་དཔྱད་འཚོ་བའི་སྙིང་པོ་ལ་སོགས་པའི་རིག་གནས་ཐུན་མོང་བ་དང་། མི་དགེ་བ་བཅུ་བསྟན་པ་དང་། ལས་རྣམ་པར་འབྱེད་པ་ལ་སོགས་པའི་ཐེག་པ་ཐུན་མོང་བ་དང་། བདེན་གཉིས་སོགས་དབུ་མའི་སྐོར་དང་། བྱང་ཆུབ་ལམ་གྱི་སྒྲོན་མ་སོགས་མདོ་སྔགས་ཐུན་མོང་བ། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ལུ་ཡི་པའི་འགྲེལ་པ་ལ་སོགས་པའི་སྔགས་གཞུང་མང་པོ་དང་། དྲི་མ་མེད་པའི་འཕྲིན་ཡིག་ལ་སོགས་པའི་འཕྲིན་ཡིག་གི་སྐོར་དང་། རྡོ་རྗེ་གདན་གྱི་གླུ་ལ་སོགས་པ་ཉམས་མྱོང་གླུའི་སྐོར་རྣམས་སོ། །དེ་ཡང་སུམ་ཅུ་པ་ལས། བསྟན་བཅོས་བསྒྱུར་དང་བསྒྱུར་ཟིན་འཆོས་པ་དང་། །དེ་ཉིད་འཆད་དང་རང་གིས་རྩོམ་པ་སོགས། །ཡང་དག་ལམ་ལ་སློབ་མ་འཁྲིད་མཛད་པས། །བསྟན་པ་རྒྱས་མཛད་ཁྱེད་ལ་གསོལ་བ་འདེབས། །ཞེས་འབྱུང་བ་ལྟར་རོ།།
༡༠༢. སྐུ་གསུང་ཐུགས་ལ་ནོངས་པ་གཏན་མི་མངའ་བའི་ཆེ་བ་ནི། ལོཙྪ་བས་ལོ་བཅུ་དགུའི་བར་དུ་བསྟེན་པ་ལ། སྐུ་གསུང་ཐུགས་ཀྱི་མཛད་པ་ལ་ནོངས་པ་གཏན་མ་མཐོང་གསུངས་ཏེ། བརྒྱད་ཅུ་པ་ལས། བླ་མ་དགེ་བའི་བཤེས་གཉེན་དམ་པ་ཁྱོད། །ལོ་ནི་བཅུ་དགུ་བསྟེན་ཅིང་འགྲོགས་ན་ཡང་། ཁྱོད་ཀྱི་སྐུ་གསུང་ཐུགས་ལ་འཁྲུལ་པ་ཡིན། །ཉེས་པའི་དྲི་མ་བྱུང་བ་མཐོང་རེ་རྐན། །ཞེས་འབྱུང་ངོ་།།
༡༠༣. འབྲེལ་ཚད་དོན་ལྡན་དུ་གྱུར་པའི་ཆེ་བ་ནི། བསྟོད་པ་ལས། ཁྱོད་དང་ཆོས་འབྲེལ་སློབ་མ་ནི། །ཆུད་ནི་ཟ་བར་མི་འགྱུར་ཏེ། །ཞེས་གསུངས་པ་ལྟར། །ཆོས་དང་ཟང་ཟིང་གིས་འབྲེལ་པ་དང་། ཞལ་མཐོང་བ་དང་། གསུང་ཐོས་པ་དང་། ཕྱག་ཞབས་ཀྱིས་རེག་པ་དང་། རྗེས་སུ་དྲན་ཏེ་སྐུའི་རྣམ་པ་ཡིད་ལ་བྱེད་པ་སོགས་ལས་ཀྱི་འབྲེལ་པ་བཞག་ཚད་དངོས་དང་བརྒྱུད་པས་རྗེས་སུ་འཛིན་པར་མཛད་པ་ཡིན་ཏེ། ཇོ་བོ་བི་ཀྲ་མ་ལར་བཞུགས་དུས་ཐེམ་སྐས་འོག་གི་ཁྱི་ཞིག་ལ་ཕམ་ཕབས་གནང་ཞིང་། ཞབས་འོག་ཏུ་ཆུད་པའི་བྱིན་རླབས་ཀྱིས་མིའི་ལུས་ཐོབ་ཅིང་། ཕྱིས་ཇོ་བོ་ལ་དད་པའི་དགེ་སློང་སྨོན་ལམ་ཡེ་ཤེས་བྱ་བ་སྤྱན་གཡས་སུ་བྱུང་། དེ་མཁན་ཆེན་ཕྱག་རྡོར་བ་ལ་ལུང་བསྟན་ཞུས་པས། ཁྱོད་ཇོ་བོ་དང་འབྲེལ་པ་དེ་བཞིན་འདུག་པས། ཇོ་བོ་དང་འབྲེལ་པ་དེ་བཞིན་འདུག་པས། ཇོ་བོ་ལ་གསོལ་བ་ཐོབ། སྐུ་འདྲ་མང་དུ་བཞེངས་གསུངས་པས། སྐུ་འདྲ་ཡང་བདུན་ཅུ་ལྷག་ཙམ་བཞེངས་ཟེར། ཁྲོ་ལོའི་བསྟོད་པར། འདི་སྐད་ཞལ་ཆེམས་སྨོན་ལམ་ནོར་འཕྲེང་དུ། །ཅི་ནས་ང་ཡིས་འགྲོ་རྣམས་དབུགས་ཕྱུང་ཞིང་། །ང་ལ་སུ་བརྟེན་དེ་ཡི་དོན་སྒྲུབ་ཅེས། །ཞལ་ཆེམས་ཚད་མའི་སྐྱེས་བུར་མཛོད་ཅིག་རྗེ། །ཞེས་སོ།།
༡༠༤. འབྲོམ་བསྟན་པའི་བདག་པོར་བྱིན་གྱིས་བརླབས་ནས་རྒྱལ་ཚབ་ཏུ་དབང་བསྐུར་བའི་ཆེ་བ་ནི། །དགེ་བཤེས་སྟོན་པ་ལ་ཇོ་བོའི་ཞལ་ནས། ཐེག་པ་ཆེན་པོའི་མདོ་སྡེ་མ་ལུས་པའི་དོན་ཀླུ་སྒྲུབ་དང་ཐོགས་མེད་ལ་སོགས་པའི་སྐྱེས་བུ་ཆེན་པོའི་ཆོས་ལུགས་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཤིང་རྟ་ཆེན་པོའི་ལམ་སྲོལ་འདི་ཁྱོད་ལ་གཏོད་གསུངས། སྟོན་པས་ཁོང་གཞན་ལ་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་གདམས་པ་གནང་ནས། དངོས་ལ་དེ་གནང་བ་ཇི་ལྟར་ལགས་ཞུས་པས། ཁྱོད་མིན་པ་གཞན་ལ་གཏད་ས་མ་རྙེད་པ་ཡིན་གསུངས། ལོཙྪ་བ་མངའ་རིས་སུ་ཐེགས་ཁར། ཇོ་བོའི་སློབ་མ་བོད་སྟོན་ཕལ་ཆེ་བ་རྣམས་འཚོགས་ནས། བླ་མ་རྗེ་བཙུན་ཆེན་པོ་འདི་ནི་མི་བཞུགས་པ་ལ་ཉེ་བར་སྣང་། ད་ཇོ་བོའི་སྲོལ་ཟིན་པ་ངེད་རྣམས་ལས་སུས་འོང་གླེང་སླང་བྱུང་བ་ལ། ལོཙྪ་བའི་ཞལ་ནས། ངས་དང་ཅང་མི་ཤེས་ཏེ། གསུང་རབ་ཐམས་ཅད་ན་ཡོན་ཏན་ཆེ་སྐྱེ་ཆུང་སྐྱེ་ཐམས་ཅད་བླ་མ་ལས་སྐྱེ་བར་བཤད་འདུག་པས་བླ་མའི་ཞབས་ཏོག་འབྲོམ་སྟོན་པའི་འདྲ་བ་ངེད་ཚོ་གང་གིས་ཀྱང་མ་གྲུབ། ཇོ་བོའི་སྲོལ་ཟིན་པའི་འོང་ན་ཁོང་ལ་འོང་གསུངས་པས། ཁུ་སྟོན་ལ་སོགས་པ་ཁོང་གི་གསུང་དེ་ལ་མ་མཉེས་ཀྱང་། དོན་ལ་དགེ་བཤེས་ལོཙྪ་བའི་གསུང་དེ་ཁོ་ན་ལྟར་ཡིན་སྣང་གསུང་སྐད། ཇོ་བོ་མྱ་ངན་ལ་འདའ་བར། དགེ་བཤེས་སྟོན་པ་ལ་བོད་པ་མཛད་ནས། ཁྱོད་མངོན་པར་ཤེས་པ་མ་ཐོབ་བར་ལ་གཞན་དོན་མ་བྱེད། སངས་རྒྱས་ཀྱི་བསྟན་པ་ལ་ཅི་ཕན་བྱ། བསྟན་པ་དགེ་འདུན་གྱི་སྡེ་ལ་རག་ལས། དགེ་འདུན་འདུལ་བ་འཛིན་པ་ལ་རག་ལས་པས་འདུལ་བ་འཛིན་པ་ཅི་མང་དུ་བྱ། ཁྱོད་ཀྱིས་གཙུག་ལག་ཁང་ཞིག་བཞེངས་ཤིག་གསུངས། དེ་ལ་སྟོན་པས། ཁོ་བོ་གཅིག་ཏུ་འཇིན་རྟེན་གྱི་ཤེས་ཆུང་། གཉིས་སུ་རྟེན་དམན། གསུམ་དུ་མི་ཆོས་སྙད་སྙིད་ཚན་གཅིག་ཡོད་པ་བྱང་དུ་ལུས་པས་རྔོ་མི་ཐོགས་ཞུས་པས། ད་ན་རེ་གྱིས་ཟེར་བ་ཡིན་གྱིས་ལ། །ཁྱོད་རང་གཉེར་ཁ་བྱེད་ལོ་གྱིས་དང་འདི་ལ་བྱེད་པ་པོ་ཞིག་ཡོད་པ་ཡིན་གསུངས་པས། དེར་དགེ་བཤེས་སྟོན་པས་ངོ་མ་ལྡོག་པར་ཞལ་གྱིས་བཞེས་སོ།།
༡༠༥. མྱ་ངན་ལས་འདའ་ཁར་ངོ་མཚར་བའི་ལྟས་གཟིགས་ཤིང་ཞལ་ཆེམས་གསུངས་པའི་ཆེ་བ་ནི། ཇོ་བོ་སྙེ་ཐང་དུ་ཅུང་ཟད་བསྙེལ་བ་ཅིག་ལ་རིམ་གྲོ་དང་མཆོད་པ་ཆེན་པོ་བྱས་པས། ཡི་དམ་གྱི་ལྷ་རེ་རེའི་ཞལ་གཟིགས་ཤིང་སྙུན་གདངས། ཡང་སྙུན་གཅིག་བྱུང་བ་ལ་ལྷ་རེ་གཟིགས་པས་གདངས་པ་མང་དུ་བྱུང་བ་དང་། སྲོད་ཀྱི་ཐུན་ལ་ནུབ་རེ་མན་ཆད་ཞལ་གཟིགས་གསུངས། ཟླ་བ་ཉའི་ནུབ་གཅིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞལ་གཟིགས། ཇོ་བོ་མྱ་ངན་ལས་འདའ་ཀ་ཙ་ན་ས་ལ་ཁྲུ་གང་ཙམ་གྱིས་མ་རེག་པར་འབྱོན་པ་ཀུན་གྱིས་མཐོང་། ཡང་ཇོ་བོའི་ཞལ་ནས། མཁའ་འགྲོ་མ་རྣམས་ཀྱིས་བསྐོར་བ་བྱས་གསུངས། ཡང་ངའི་བླ་མ་རྣམས་དགའ་ལྡན་ན་བཞུགས། ང་ཡང་དགའ་ལྡན་དུ་འགྲོ་གསུངས། ནཱ་རོ་ལའི་སློབ་མ་ཁ་ཆེ་ཛྙ་ན་ཨཱ་ཀཱ་ར་བྱ་བ་བལ་པོར་བྱོན་པ་ལ། ལོཙྪ་བ་གདན་འདྲེན་བྱུང་བ་ལ། ནག་ཚོས་ཇོ་བོའི་སྐུ་ཉམས་ལ་བལྟས་པས་ནི་འབྲལ་མ་ཕོད། པཎྜི་ཏ་དང་མ་མཇལ་དོགས་པས་ནི་སེམས་གདུངས་པས་མྱ་ངན་གྱིས་ལུས་ཀྱང་རིང་པར་གྱུར་པ་ལ། ཇོ་བོ་ཉིད་ཀྱིས་བཀའ་གནང་ནས། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་མཇལ་དཀའ་བས་ལོ་ཙྪ་བ་རང་བཞུད་ཅིག །ཁོ་བོ་ཡང་དགའ་ལྡན་དུ་སོང་ནས་མགོན་པོ་བྱམས་པ་ལ་ཐེག་པ་ཆེན་པོའི་ཆོས་ཉན། ཁྱོད་ཀྱིས་ངའི་སྐུ་ཞིག་ཚད་དུ་བྲིས་ལ་དགའ་ལྡན་ནས་ཁུག་ལ་རབ་གནས་ལེགས་པར་གྱིས། ང་ཡང་དགའ་ལྡན་ནས་འོང་བ་ཡིན་ནོ། །
ད་དུང་ཟླ་བ་གཅིག་གི་བར་དུ་མཆོད་པ་གྱིས་ཤིག་གསུངས། དེར་ལོཙྪ་བས་གསོལ་བ་འདི་རྣམས་བཏབ་ནས་བཞུད་དེ། བླ་མ་དགའ་ལྡན་གྱི་གནས་ནས་བདག་ལ་གཟིགས་སུ་གསོལ། བླ་མ་དགའ་ལྡན་གྱི་གནས་ནས་བྱིན་གྱིས་བརླབ་ཏུ་གསོལ། དགེ་བའི་བཤེས་གཉེན་གྱི་སྤྱན་གྱིས་འཚོ་བར་བྱིན་གྱིས་བརླབ་ཏུ་གསོལ། བླ་མ་ཉིད་སྐུའི་གཟུགས་བརྙན་དུ་འབྱོན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས། དེ་ལྟར་བྱའོ་ཞེས་ཞལ་གྱིས་བཞེས། ཇོ་བོ་འདའ་ཁའི་དུས་ཙ་ན་མི་རེ་ལ་ཞལ་ཆེམས་རེ་བཞག །རྣལ་འབྱོར་པ་དང་དགོན་པ་པའི་ཐུགས་དགོངས་ལ་ཁོང་རང་ལ་དཔོན་ས་རེ་བཟུང་གསུང་བ་རེ་ནས། ད་ཕན་ཆད་ཇི་ལྟར་བགྱི་ཞུས་པས། འཇིག་རྟེན་བློས་ཐོང་། ཚེ་གཞུག་འདི་ལ་འབྲོམ་སྟོན་པ་དང་མ་བྲལ་བ་གྱིས་གསུངས། བླ་མ་ལ་ཆོས་མཉམ་དུ་ཞུས་པ་ལ་ཁོང་ལ་བསྟེན་པ་ཇི་ལྟར་ལགས་ཞུས་པས། ངས་བྱིན་གྱིས་བརླབས་པ་ཡིན་གསུངས། རྣལ་འབྱོར་པས་ཇོ་བོའི་ཕྱག་གཡོག་ལ་རྒྱ་གར་དུ་ལན་གསུམ་ཕྱིན། ཕྱི་མ་ད་རེས་བླ་མ་སྐུ་བགྲེས་པས་མ་མཇལ་དོགས་པས། ད་རེས་མི་མཆི་བར་ཞུ་ཞུས་པས། ཕྱིན་ནས་མ་མཇལ་ཡང་དོན་གྱིས་མཇལ་བ་ཡིན། མ་ཕྱིན་ན་མཇལ་ཡང་མ་མཇལ་བར་སོང་བ་ཡིན། ཁྱོད་གང་ན་འདུག་ཀྱང་ངས་བྱིན་གྱིས་རློབ་པ་ཡིན་གསུངས། ཤེས་རབ་རྡོ་རྗེ་དང་། བློ་གྲོས་འབར་གཉིས་ལ་སེམས་བཟང་པོར་གྱིས། དེ་མེད་ན་ཐོས་བསམ་སྒོམ་སྒྲུབ་ཅི་བྱས་ཀྱང་ཕན་མེད་གསུངས། བང་སྟོན་ལ་ཁྱོད་ཀྱིས་སྟོན་པ་ཆེན་པོའི་གྲོགས་གྱིས། ཁོང་འགྲོ་བ་དཔག་ཏུ་མེད་པའི་དོན་བྱེད་པ་ཡིན་གསུངས། ཕྱག་ཁྲི་མཆོག་གིས་ཇོ་བོ་འདའ་ཁར་ཅུང་ཟད་ཐོས་པ་རྣམས་བཤད་དམ་ཞུས་པས། བྱ་བ་ངན་པ་ཡིན་ཞོག་ལ་ཐོང་། འོ་ན་བསྒོམ་མམ་ཞུས་པས། དེ་ཡང་བྱ་བ་ངན་པ་ཡིན་ཞོག་ལ་ཐོང་། འོ་ན་རེས་སྒོམ་རེས་བཤད་དམ་ཞུས་པས། ཚེ་འདི་བློས་ཐོང་འབྲོམ་སྟོན་པ་དང་མ་བྲལ་བར་གྱིས་ཞེས་གསུངས། དགེ་བཤེས་སྟོན་པ་ལ།ད་ཕན་ཆད་རྒྱ་གར་གསེར་འདོད་ལ་ཆོས་མ་ཉན། རྒྱུད་སྡེ་དཀྲུགས་ཤིང་འཆད་དུ་འོང་། དགེ་བཤེས་མདོ་སྡེ་ལ་གྱིས། སེམས་བཟང་པོ་གྱིས་ཞེས་གསུངས་ཏེ། བསྟོད་པ་ལས་ཀྱང་། ཁྱོད་ཀྱིས་སློབ་མའི་ཚོགས་ལ་ནི། །གདམས་ངག་རྩ་བར་གསུངས་པ་ནི། །བསགས་པའི་ཡོ་བྱད་ཐམས་ཅད་ཀྱང་། །འཁོར་བའི་རྒྱུར་ནི་མི་གཏང་གསུངས། །གཞན་གྱིས་བརྙས་ཐབས་བྱས་པ་དང་། །གློ་བུར་ཉོན་མོངས་སྐྱེས་པ་དང་། །གཞན་དང་རྩོད་པ་བྱུང་ན་ཡང་། གཉེན་པོས་མྱུར་དུ་ཟློག་ཅིག་གསུངས། །ཞེས་བཤད་དོ། །
དེ་ནས་ཆུ་གྱེན་ལ་ལྡོག་གམ་ལྟོས་ཤིག་གསུངས། བལྟར་ཕྱིན་པས་གྱེན་ལ་ལྡོག་གིན་གདའ་ཞུས་པས། འོ་ན་དེ་ཡན་ཆད་ཀྱིས་དོན་འདི་སྟོན། ཉམས་སུ་བླང་རྒྱུ་འདི་ཡིན་གསུངས་ནས་བརྒྱད་སྟོང་པ་གསུང་འཕྲོ་བཅད། ཕྱག་ཏུ་རྡོ་རྗེ་དྲིལ་བུ་བཟུང་ནས་ཐུགས་དམ་རྩེ་གཅིག་ཏུ་མཛད། དོན་ལ་འདས་གྲོངས་མི་མངའ་ཡང་གདུལ་བྱ་ཐུན་མོང་བའི་སྣང་བ་ལ་དགུང་ལོ་བདུན་ཅུ་རྩ་གསུམ་པ་ཤིང་ཕོ་རྟའི་ལོ་སྟོན་ཟླ་འབྲིང་པོའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་དུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ།།
༡༠༦. སྐུ་སྐྱེ་ཕྱི་མ་དགའ་ལྡན་དུ་ཇི་ལྟར་འཁྲུངས་པའི་ཆེ་བ་ནི། ཁོ་བོ་དགའ་ལྡན་དུ་ལྷའི་བུ་ནམ་མཁའ་དྲི་མ་མེད་པ་ཞེས་བྱ་བར་གྱུར་ནས། མི་མཆོག་བྱམས་པ་ལ་ཆོས་ཉན་ནས་སེམས་ཅན་མང་པོའི་དོན་བྱེད། ཁྱེད་རང་རྣམས་ཀྱང་དེར་གསོལ་བ་ཐོབ་ཅས་གསུངས་ཏེ། བསྟོད་པ་ལས། ཁྱོད་ཀྱི་རྣམ་སྨིན་སྐུ་ལུས་དེ། །བོད་ཀྱི་ཡུལ་དུ་བཞག་ནས་སུ། །སྨོན་ལམ་གྱིས་ནི་སྐུ་ལུས་དེ། །བྱམས་པའི་སྤྱན་སྔར་དགའ་ལྡན་དུ། །འཁྲུངས་པར་སྒྲོལ་མས་ལུང་བསྟན་གསུངས། །ནམ་མཁའ་དྲི་མེད་ཅེས་བྱ་བའི། །ལྷ་ཡི་བུར་ནི་འཁྲུངས་པར་འགྱུར། །ཟབ་པ་དང་ནི་རྒྱ་ཆེ་བའི། །ཆོས་ནི་བྱམས་པ་མགོན་ལ་གསན། །ཞེས་དང་། སུམ་ཅུ་པ་ལས་ཀྱང་། ཁོ་བོ་འདི་ནས་དགའ་ལྡན་གནས་སུ་འགྲོ། །ང་ལ་དད་ཅིང་གུས་པར་བྱེད་པ་རྣམས། །དགའ་ལྡན་གནས་སུ་མཇལ་བར་འགྱུར་ཞེས་གསུངས། ཞེས་དང་། ཁྲོ་ཕུ་ལོཙྪ་བས། མཁའ་སྤྱོད་ཐེག་ཆེན་དགའ་ལྡན་གཞལ་མེད་ཀྱིས། །སྣ་ཚོགས་རིན་ཅེན་པད་སྡོང་ཁྱིལ་བའི་དབུས། །འོད་ཟེར་དྲ་བ་འཇའ་ཚོན་འཕྲེང་འཁྲིགས་པར། །མགོན་པོ་བྱམས་པའི་མདུན་བཞུགས་ལྷ་ཡི་བུ། །ནམ་མཁའ་དྲི་མེད་བདག་ལ་དགོངས་སུ་གསོལ། །ཞེས་སོགས་ཀྱི་བསྟོད་པ་མཛད་པ་ལྟར་རོ།།
༡༠༧. སྐུ་གདུང་ལ་ལྷའི་མཆོད་པ་རྒྱས་པར་མཛད་པའི་ཆེ་བ་ནི། དེ་ནས་ཇོ་བོའི་སྤུར་སྦྱོང་བའི་དུས་སུ། རྣལ་འབྱོར་པ་ཕྱག་ཁྲི་མཆོག་གིས་སྤོས་ཕོར་ཞིག་བསྣམས་ནས་མཆོད་པ་དང་བསྐོར་བ་མཛད། དགོན་པ་པས་གཟིགས་པ་ལ་བུད་མེད་སྔར་མཐོང་མ་མྱོང་བ་ལྷའི་ལུས་སུ་ཅུང་མ་ཆོག་ཙམ་ཞིག་གིས་ཕྱག་ན་མེ་ཏོག་ཁ་དོག་སྣ་ཚོགས་པ་ཅིག་བསྣམས་ནས་ཀྱེ་ཧུད་སངས་རྒྱས་མྱ་ངན་ལས་འདས་སོ། །འཇིག་རྟེན་སྟོངས་སོ་ཟེར་ཅིང་བསྐོར་བ་མཛད་པ་ཅིག་གཟིགས་པས། རང་བཞིན་གྱི་རྣལ་འབྱོར་མར་འདུག་སྙམ་ནས། ཕྱག་བྱས་གདམས་ངག་ཞུས་པས། ངའི་བླ་མའི་གདམས་ངག་ཁྱོད་ལ་བཤད་དམ་ཟེར་ནས་ཆ་མེད་པར་བཞུད། དེ་ལ་སོགས་པ་རྟགས་ཁྱད་པར་ཅན་ཡང་གསེར་གྱི་མེ་ཏོག་གི་ཆར་པ་བབས་པ་དུས་ཕྱིས་མི་རྙེད་པའང་བྱུང་སྣང་སྟེ། བཀའ་གདམས་པ་ཆེན་པོ་རྣམས་ཀྱི་བཞེད་པས་ཡོན་ཏན་མི་སྒྲོག་པ་ལ་མན་ངག་ཏུ་བྱེད་པས་དེ་ཙམ་ལས་མི་གསུངས། དེ་ནས་དགེ་བཤེས་སྟོན་པས་འོ་མའི་ནང་དུ་དྲི་སྤོས་མང་པོ་བརྡར་ནས་གདུང་དེ་རྣམས་བཅུག་ཅིང་གདན་དྲངས། གདུང་ཕལ་ཆེ་བ་ར་སྒྲེང་གི་དངུལ་གདུགས་ཅན་ཆེ་བའི་ནང་ན་བཞུགས་པས། ད་ལྟ་ར་སྒྲེང་ཉམས་དགའ་བ་དང་། བྱིན་རླབས་ཆེ་བ་དང་། བཀྲ་ཤིས་པར་བཞུགས་པ་ཐམས་ཅད་དེའི་ཕན་ཡོན་ཡིན། ཁུ་དང་རྔོག་དང་མགར་དགེ་བ་རྣམས་ཀྱི་ཀྱང་གདུང་སྐལ་བླངས་ཏེ། དངུལ་གྱི་གདུང་ཁང་ལེགས་པར་གྲུབ་སྟེ་མཆོད་པར་མཛད་དོ། །
དེ་ནས་དབུས་སུ་ཇོ་བོའི་སློབ་མ་ཆེན་པོ་བཞིས་གནས་ཆུང་རེ་བཞེངས་པ་ལ། སྙེ་ཐང་དུ་བང་སྟོན་གྱི་འོར་བཞེངས། ཁུ་སྟོན་གྱིས་ཡར་ཀླུངས་སུ་འདྲེན་གྱི་ལྷ་སྡིངས། རྔོག་གི་གསང་ཕུ་ནེའུ་ཐོག་ཏུ་རྒྱ་ཕིབས་ཕྱར་བ་ཙམ་ཞིག་བཞེངས། དགེ་བཤེས་སྟོན་པས་རྣལ་འབྱོར་པ་རྣམས་ལ་བཀའ་བགྲོས་ནས་ར་སྒྲེང་དུ་ཁྱུང་འགོ་ཅན་བཞེངས་པ་ལགས་པར་གདའ། དེ་ནས་སྐབ་ནས་དང་དོས་མཛད་དེ་འབུལ་བ་རྣམས་བསྡུས་ནས་ལུག་གི་ལོ་ལ་འདད་ཆེན་པོ་མཛད། སྐ་བ་དེ་ཁུ་རྔོག་འབྲོམ་གསུམ་གྱི་བློ་གཏོད་ས་ཡིན། ཁོང་གིས་ཀྱང་དགེ་བཤེས་སྟོན་པ་ཇི་ལྟར་བཞེད་པ་བཞིན་དུ་མཛད་དེ། ཕའི་རུས་པ་བུ་ལ་དགོས་པ་ཡིན་པས་ཇོ་བོའི་གདུང་འདི་རྣམས་ཁྱོད་ཀྱིས་ཚགས་གྱིས། རྒྱ་དཔེ་ལོཙྪ་བ་ལ་དགོས་པ་ཡིན་པས་ཚགས་གྱིས། རྟེན་གཙིགས་ཆེ་ཤོས་གསེར་གླིང་པའི་དངུལ་གདུགས་ཅན་ཡིན་ཏེ་ཁྱོད་གྱིས་གསུངས། ཁུ་སྟོན་ལ་གསེར་གླིང་པས་ཇོ་བོ་ལ་གནང་བའི་ཤཱཀྱ་ཐུབ་པའི་གསེར་སྐུ་ཞིག་ཡོད་པ་དེ་ཕུལ་བས། གསེར་སྐུའི་འབུལ་བ་ཨ་པོ་ཁུ་སྟོན་རང་བཟང་ཟེར་ནས་མཉེས། རྣལ་འབྱོར་པ་ཆེན་པོ་ལ་ཡི་གེ་དྲུག་པ། རྣལ་འབྱོར་བ་གསུམ་གྱིས་གྲུབ་པ་བརྙེས་པ་ཅིག་བསྔོས་ནས་བཞགདགོན་པ་པ་ལ་ཇོ་བོའི་ཐུགས་དམ་དངོས་སུ་ཆོས་གསུང་བའི་མི་གཡོ་བ་གསུང་འབྱོན་ཕུལ། གསང་ཕུ་བ་ལ་མཆོད་རྟེན་བརྒྱད་པ་དང་། ཡང་དངུལ་གདུགས་ཅན་གཅིག་དང་། ཇོ་བོ་ཉིད་ལ་ཆོས་གསུང་བའི་སྒྲོལ་མའི་གསེར་སྐུ་གཅིག་ཕུལ། འོར་དུ་ཡང་མཆོད་རྟེན་བརྒྱད་པ་ཅིག་དང་། ཤཱཀྱ་ཐུབ་པ་གཙོ་འཁོར་ལྔ་པ་ཅིག་དང་། སྨན་གྱི་བླ་དང་ནཱ་རོ་པའི་གདུང་བཞུགས་པའི་མཆོད་སྡོང་དང་། གསིལ་བྱེད་དང་། ལུགས་སྐུ་ཆང་ཆུང་མང་དུ་བཞུགས་སོ།།
༡༠༨. རྒྱ་བོད་དུ་སློབ་མ་ཇི་ལྟར་བྱུང་བའི་ཆེ་བ་ནི། རྒྱ་གར་དུ་རང་དང་མཁྱེན་པ་མཉམ་པའི་སློབ་མ་པཎྜི་ཏ་ཆེན་པོ་པི་ཊོ་བ། དྷ་རྨཱ་ཀཱ་ར་མ་ཏི། དབུ་མ་སེང་གེ། སའི་སྙིང་པོ་དང་བཞི། ཁ་ཅིག་བཤེས་གཉེན་གསང་བ་དང་ལྔར་མཛད་དོ། །བྱིན་གྱིས་བརླབས་པའི་སློབ་མ་ཧེ་རུ་ཀའི་དཀྱིལ་འཁོར་མངོན་དུ་གྱུར་པ་དང་། གསང་སྔགས་ཀྱི་སྤྱོད་པ་ལ་ཞུགས་པ་དང་། རྣལ་འབྱོར་ལྷུར་ལེན་པའི་སློབ་མ་ཡང་དུ་མ་ཅིག་བྱུང་ངོ་། །དེ་ཡང་པཎྜི་ཏ་སའི་སྙིང་པོ་ནི། སྔར་ཇོ་བོའི་གྲོགས་པོ་ཡིན་པ། གསང་སྔགས་ལ་ཕྱི་ནང་གི་ཁྱད་པར་དབྱེ་དཀའ་བར་བྱུང་བ་ཇོ་བོས་ལེགས་པར་ཕྱེ་སྟེ་གསུངས་པས་དད་དེ། ཕྱིས་སློབ་མར་གྱུར་པ་ཡིན་གསུངས། རྒྱ་བརྩོན་འགྲུས་སེང་གེ་གཙང་སྟག་ཚལ་བ། རྟེན་དགེ་བསྙེན་ཡིན་པ་ཅིག་ཇོ་བོ་ལ་རྒྱ་གར་དུ་ཡུན་རིང་དུ་བརྟེན། ལོཙྪ་ཡང་ཤིན་ཏུ་མཁས་པ། ཇོ་བོ་བོད་དུ་སྤྱན་འདྲེན་པའི་གཉེར་ཆེ་ཤོས་ཡིན་ཏེ། ཚུར་ལམ་བལ་པོར་སྐུ་གཤེགས། ཁོང་གི་ཞལ་ནས། ད་ནི་ཨ་པ་སི་ཀ་ཡོད། །ང་ནི་རང་བཞིན་གནས་སུ་འགྲོ། །མི་ལ་ཡིད་ཆེས་མི་སྐྱེ་བས། ཤི་བ་སྐད་དུ་དུར་དུ་སྐྱོལ། །ང་ནི་འོད་གསལ་སེམས་ཀྱི་ལུས། །འབྱུང་གནས་དེ་ལ་ཐིམ་ནས་འགྲོ། །རྒྱ་བོད་གཉིས་སུ་བྱ་བ་བྱས། །ཁ་བ་ཅན་དུ་གཅིག་གིས་ཆོག །ཅེས་གསུངས་སོ།།
ཇོ་བོའི་ཞལ་ནས། ངའི་ལྕེ་ཆད། བོད་སྤྱི་མཐུན་ལ་རྒྱ་བརྩོན་སེང་མི་འཆི་བའི་བསོད་ནམས་ཤིག་ཀྱང་མེད་པ་གསུངས་ནས་ཐུགས་ངལ་མཛད་དོ། །བལ་པོར་ཡང་གནས་བརྟན་འོན་པ་ལ་སོགས་པའི་སློབ་མ་མི་ཆེ་བ་མང་དུ་བྱུང་ངོ་། །མངའ་རིས་སུ་ཇོ་བོ་ལྷ་བླ་མ་སྐུ་མཆེད། ལོ་ཆེན་རིན་ཅེན་བཟང་པོ། སློབ་དཔོན་ལོཙྪ་བ། གཙང་དུ་མགར་འགོས་ཡོལ་གསུམ། དབུས་སུ་ཁུ་རྔོག་འབྲོམ་གསུམ། ཁམས་ནས་ཁམས་པ་སྐུ་མཆེད་བཞི། ལྷོ་བྲག་ནས་ཕྱག་ཁྲི་མཆོད་དང་བཙུན་པ་དགེ་སྐྱོང་ལ་སོགས་པ་བོད་ཀྱི་རྒྱལ་ཁམས་འདིར་བུ་ཆེན་གྲུབ་པ་ཐོབ་པ་ཤ་སྟག་བྱུང་བ་ཡིན་ཏེ། པོ་ཏོ་བའི་ཞལ་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཁོང་དུ་ཆུད་པའི་དུས་དང་། སྒྲུབ་པའི་དུས་དང་། ལུང་གི་དུས་དང་། རྟགས་ཙམ་འཛིན་པའི་དུས་བཞི་འོང་། དེ་དང་འདྲ་བར་ཇོ་བོ་ཞལ་བཞུགས་རིང་ལ་ཁོང་དུ་ཆུད་པའི་དུས་ལྟར་ཕལ་ཆེར་གྲུབ་པ་ཐོབ། སྟོན་པའི་དུས་སུ་སྒྲུབ་པའི་དུས་ལྟར་སྒྲུབ་པ་བྱེད་པ་མང་། ངེད་ཀྱི་དུས་ན་ལུང་གི་དུས་ལྟར་ཉན་བཤད་ཙམ་ལས་མེད་གསུངས། ཨ་ཏི་ཤའི་ཡོན་ཏན་ནམ་མཁའ་ལྟར་རྒྱ་ཆེ། རྒྱ་མཚོ་ལྟར་གཏིང་ཟམ་པ་ལས་ངོ་མཚར་བའི་གཏམ་བརྒྱ་རྩ་བརྒྱད་ཀྱི་སྒོ་ནས་ཕྱོགས་ཙམ་སྣང་བར་བྱས་པ་ཡིན་ནོ། །དེ་དག་ཀྱང་མདོར་བསྡུ་ན་ཆེ་བའི་རིགས་སུ་སྐུ་འཁྲུངས་ཀྱང་། སྲིད་པའི་ཕུན་ཚོགས་ལ་མ་ཆགས་པར་མཁས་ཤིང་གྲུབ་པའི་བླ་མ་མང་པོ་བསྟེན། རིག་གནས་མཐའ་དག་ལ་མཁས་པར་སྦྱངས། བསླབ་པ་གསུམ་དང་བྱང་ཆུབ་ཀྱི་སེམས་ལ་ཉམས་ལེན་དང་ཐུགས་དམ་གྱི་མཐིལ་དུ་མཛད་པས། ཡི་དམ་མང་པོའི་ཞལ་གཟིགས་ཤིང་། མངོན་པར་ཤེས་པ་རྒྱ་ཆེན་པོ་ཐུགས་ལ་འཁྲུངས། འཕགས་པའི་ཡུལ་གྱི་གཙུག་གི་ནོར་བུར་གྱུར་པའི་སྐབས་སུ། བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔས་སྤྱན་དྲངས་ཤིང་། ཡི་དམ་གྱི་ལྷ་མོས་ཀྱང་ལུང་བསྟན་པས། ཁ་བ་ཅན་གྱི་རྒྱལ་ཁམས་སུ་བྱོན་ཏེ་གདུལ་བྱ་མ་ལུས་པ་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་ལ་འགོད་པར་མཛད་ནས། ཉིད་ཀྱི་བསྟན་པ་འབྲོམ་ལ་གཏད་དེ་དགའ་ལྡན་གྱི་གནས་སུ་གཤེགས་པར་མཛད་དོ་ཞེས་བྱ་བ་ཡིན་ཏེ། དཔལ་ཕག་མོ་གྲུ་པས། རྒྱལ་སྲིད་མཆིལ་མའི་ཐལ་བ་ལྟ་བུར་སྤངས། །རིག་འབྱུང་མཁས་པའི་སློབ་གྲྭ་ན་ལེནྡྲར། །གཙུག་གི་ནོར་བུ་ལྔ་བརྒྱའི་ཐམས་ཅད་མཁྱེན། །བསླབ་གསུམ་རིན་ཅེན་ཐོད་བཞིན་སྤྱི་བོས་བཀུར། །བྱང་ཆུབ་སེམས་མཆོག་རབ་སྦྱངས་གཞན་དོན་མཛད། །ཇོ་མོས་ལུང་བསྟན་ཁ་བ་ཅན་དུ་བྱོན། །དད་ལྡན་སྐྱེ་བོ་ངེས་ལེགས་གཉིས་ལ་བཀོད། །དཔལ་ལྡན་ཨ་ཏི་ཤ་ལ་ཕྱག་འཚལ་ལོ། །ཞེས་བསྟོད་པ་ལྟར་རོ། །
དེ་ལྟར་བླ་མ་རྗེ་བཙུན་གྱི་ཡོན་ཏན་ཡིད་ལ་དྲན་པར་བྱས། འདྲ་འབག་གི་སྤྱན་སྔར་མཆོད་པ་ཕུལ་ཏེ་དགའ་ལྡན་གནས་སུ་རྗེས་སུ་འཛིན་པར་གསོལ་བ་གདབ་པར་བྱ་དགོས་ཏེ། དགེ་བཤེས་ལོཙྪ་བའི་ཞལ་ནས། བླ་མའི་འདྲ་འབག་སྤྱན་སྔ་རུ། །ཤིན་ཏུ་དང་བའི་ཡིད་ཀྱིས་ནི། །རྟག་ཏུ་མཆོད་པ་གྱིས་ཤིག་ཅེས། །ཚུལ་ཁྲིམས་རྒྱལ་བས་གསོལ་བ་འདེབས། །ཞེས་དང་། ཁྱོད་ཀྱི་ཡོན་ཏན་དྲན་པ་ན། །མཆི་མ་དཀུ་ཞིང་བ་སྤུ་ལྡང་། །བླ་མ་རྗེ་བཙུན་ཁྱོད་དང་ནི། །དགའ་ལྡན་གནས་སུ་འགྲོགས་པར་ཤོག །ཅེས་གསུངས་སོ། །བཀའ་གདམས་ཀྱི་རྣམ་པར་ཐར་པ་བཀའ་གདམས་རིན་པོ་ཆེ་གསལ་བའི་སྒྲོན་མེ་ལས། ཇོ་བོ་ཉིད་ཀྱི་ཆེ་བའི་ཡོན་ཏན་བརྗོད་པའི་སྐབས་ཏེ་གསུམ་པའོ།། །།
དཔྱད་གཞིའི་ཡིག་ཆ།
[1] བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༥༢-༡༢༩ བར།
ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༢༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༥ ནས་ ༢༠༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།