ཆ༽ སངས་རྒྱས་བསྐྱངས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན།
དེ་ཡང་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་ཀླུའི་བྱང་ཆུབ་དང་། ཀླུའི་བཤེས་གཉེན་ཡིན་ལ་དེའི་སློབ་མ་སློབ་དཔོན་དགེ་འདུན་སྲུང་བ། དེའི་དངོས་སློབ་སངས་རྒྱས་བསྐྱངས་ཡིན་པར་གསུངས་ལུགས་གཅིག་དང་། ཡང་ལ་ལར་སློབ་དཔོན་སངས་རྒྱས་བསྐྱངས་ཀླུ་སྒྲུབ་ཀྱི་ཉེ་བའི་སྲས་གསུམ་གྱི་ཡ་གྱལ་ཡིན་པར་གྲགས་པ་ལས། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་སློབ་དཔོན་དགེ་འདུན་སྲུང་བ་ལས་ཀླུ་སྒྲུབ་ཀྱི་གཞུང་དང་མན་ངག་ཀུན་གསན་བཞེས་མཛད་པ་བཅས།
སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མན་ངག་གསན་ཡུལ་གྱི་སློབ་དཔོན་ལ་མཁས་པའི་བཞེད་པ་མི་མཐུན་པ་འགའ་ཞིག་ཡོད། དེ་ཡང་སུམ་པ་མཁན་པོས་སློབ་དཔོན་ཨཱརྱ་དེ་ཝ་ལས་ཀླུ་སྒྲུབ་ཀྱི་གཞུང་རྣམས་གསན་པར་གསུངས་ལ། ཀུན་མཁྱེན་འཇིགས་མེད་དབང་པོས་ཀླུ་སྒྲུབ་ཉིད་ལས་མན་ངག་གསན་པར་གསུངས་ཤིང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་སློབ་དཔོན་ཀླུའི་བཤེས་གཉེན་གྱི་སློབ་མ་དགེ་འདུན་སྲུང་བ་ལས་ཀླུ་སྒྲུབ་ཀྱི་གཞུང་རྣམས་ལ་ཐོས་པ་བྱས་པར་གསུངས་པ་བཅས། མདོར་ན། གཞུང་ལུགས་གསན་ཡུལ་གྱི་སློབ་དཔོན་མི་འདྲ་བ་ཙམ་ལས། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་རྣམས་ལ་ཐོས་བསམ་རྒྱ་ཆེན་མཛད་དེ་སྒྲོ་འདོགས་ལེགས་པར་བཅད་པར་མ་ཟད། རྩ་བ་ཤེས་རབ་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བ་ལ་བུདྡྷ་པཱ་ལི་ཏ་ཞེས་བྱ་བའི་བསྟན་བཅོས་ཆེན་པོ་ཞིག་མཛད་ནས་རྩ་ཤེའི་དགོངས་པ་ཐལ་འགྱུར་བའི་ལུགས་སུ་འཆད་པའི་སྲོལ་བཏོད་པར་གསུངས།
དེ་ཡང་སློབ་དཔོན་སངས་རྒྱས་བསྐྱངས་མགོན་པོ་ཀླུ་སྒྲུབ་དངོས་སློབ་ཡིན་པ་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[1]། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དྲང་ངེས་དྲི་མ་མེད་པའི་རིགས་པས་ལེགས་པར་ཕྱེ་ནས་རྒྱལ་བའི་དགོངས་པ་འཁྲུལ་མེད་དུ་གཏན་ལ་ཕབ་པའི་ལམ་སྲོལ་དེ་ཉིད་འཛིན་ཅིང་སྤེལ་བར་བྱེད་པའི་ཐུགས་སྲས་བསྟན་འཛིན་དམ་པ་མཐའ་ཡས་པ་ཞིག་བྱོན་ཞིང་། ཐམས་ཅད་ཀྱི་ནང་ནས་གཙོ་བོར་གྱུར་པ་ཐུགས་སྲས་[2]བཞི། ཉེ་བའི་ཐུགས་སྲས་གསུམ་སྟེ་བདུན་དུ་གྲགས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཐུགས་སྲས་བཞི་ནི། འཇམ་དཔལ་ཞལ་མཐོང་ཤཱཀྱ་མི་ཏྲ། སྒྲོལ་མའི་ཞལ་མཐོང་ནཱ་ག་བོ་ངྷི། ས་བརྒྱད་ནོན་པ་ཨཱརྱ་དེ་ཝ། སྤྱན་རས་གཟིགས་ཞལ་མཐོང་མ་ཏངྐི་པ་བཞི་འོ། །ཉེ་བའི་ཐུགས་སྲས་གསུམ་ནི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། སློབ་དཔོན་དཔའ་བོ་གསུམ་ཞེས་འབྱུང་ངོ་། །ཞེས་གསལ་བ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་ཡོངས་གྲགས་ཆོས་འབྱུང་ཁག་ཏུ་མགོན་པོ་ཀླུ་སྒྲུབ་ཀྱི་ཉེ་བའི་ཐུགས་སྲས་རྣམ་པ་གསུམ་གྱི་ཡ་གྱལ་ཡིན་པར་གསལ་ནའང་། རྟ་ནག་མཁན་ཆེན་ཆོས་རྣམ་རྒྱལ་ (དུས་རབས་16པ།) གྱིས་མཛད་པའི་བསྟན་པ་དང་བསྟན་འཛིན་གྱི་ལོ་རྒྱུས་ཡོངས་འདུའི་མེ་ཏོག་གསར་པའི་དོ་ཤལ་ལས[3]། ཨཱརྱ་དེ་ཝས་རབ་ཏུ་བྱེད་པ་ལག་པའི་ཚད་དང་། དབུ་མ་བཞི་བརྒྱ་པ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད། ཡབ་སྲས་དེ་གཉིས་ཀྱི་དབུ་མའི་བསྟན་བཅོས་རྣམས་ལ་གཞུང་ཕྱི་མོའི་དབུ་མ་ཞེས་ཐལ་རང་གཉིས་ཀས་ཚད་མར་བརྩི་བ་ཡིན། དེ་གཉིས་ཀྱི་རྗེས་འབྲང་ལ་ཐལ་རང་གཉིས་སུ་གྱེས་པ་ཡིན་ཏེ། ཐལ་འགྱུར་བ་ནི་ཨཱརྱ་དེ་ཝའི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་ཐལ་འགྱུར་བའི་སྲོལ་དབྱེ། གཞན་ཡང་ཨཱརྱ་དེ་ཝའི་སློབ་མ་སློབ་དཔོན་ཟླ་བ་གྲགས་པ་དང་། ཟླ་གྲགས་ཀྱི་སློབ་མ་རིག་པའི་ཁུ་བྱུག་ཆེ་བ། དེའི་སློབ་མ་རིག་པའི་ཁུ་བྱུག་ཆུང་བ། དེ་གཉིས་ཀའི་སློབ་མ་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ལ་སོགས་པ་འཕགས་ཡུལ་ན་བཟང་ལ་མང་བ་བྱུང་། ཞེས་གསུངས་པ་ལྟར་ན་སློབ་དཔོན་སངས་རྒྱས་བསྐྱངས་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པ་མི་གསལ་བའི་ཁར། འཕགས་པ་ལྷའི་སློབ་མ་ཡིན་པར་གསུངས་པས་དཔྱད་གཞི་ཆེའོ།།
དེ་བཞིན་དཔལ་ལྡན་ཚུལ་ཁྲིམས་ (1904-1972) ཀྱིས་བརྩམས་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས[4]། རྒྱ་གར་ལྷོ་ཕྱོགས་ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་རྩེ་བ་ཞེས་པར་འཁྲུངས། ནང་པའི་བསྟན་པར་རབ་ཏུ་བྱུང་ཞིང་། བསྙེན་པར་རྫོགས་ཏེ་ཀླུ་སྒྲུབ་དང་། ཀླུ་བཤེས་ཀྱི་སློབ་མ་དགེ་འདུན་སྲུང་སོགས་ལས་གཞུང་ལུགས་གསན་པས་རང་གཞན་གྱི་གྲུབ་མཐའ་མ་ལུས་པ་མཁྱེན་ཅིང་། མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པ་ལྟར་སྒྲུབ་པ་མཛད་པས་འཇམ་དཔལ་དབྱངས་ཀྱི་ཞལ་དངོས་སུ་བསྟན་ཅིང་། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ནས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཟབ་མཐར་ཐུག་པའི་དོན་རྣམས་རིགས་པ་བརྒྱ་ཕྲག་དུ་མས་གསལ་བར་བྱེད་པའི་རྩ་ཤེའི་འགྲེལ་པ་མཛད་དེ། དེ་ལ་ནི་རྩ་ཤེའི་འགྲེལ་པ་བུདྡྷ་པཱ་ལི་ཏར་གྲགས། རྩ་ཤེའི་འགྲེལ་པ་ཡོད་དོ་ཅོག་གི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་ཆེས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པར་ཟླ་གྲགས་དང་རྗེ་ཙོང་ཁ་པས་བསྔགས་བརྗོད་མཛད་ཅིང་། གཞན་ཡང་མདོ་རྒྱུད་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་དོ། །ཞེས་ཀླུ་སྒྲུབ་དང་དགེ་འདུན་སྲུང་རྣམ་གཉིས་ཀྱི་སློབ་མ་ཡིན་པར་གསལ་ལོ།།
ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[5]ཀྱང་། བོད་མང་པོ་རྣམས་སངས་རྒྱས་བསྐྱངས་འཕགས་པ་ཀླུ་སྒྲུབ་ཀྱི་ཚེའི་སྟོད་ཀྱི་སློབ་མ་དང༌། ལེགས་ལྡན་སྐུ་ཚེའི་སྨད་ཀྱི་སློབ་མ་ཡིན་པ་དང༌། རྩོད་པ་བྱས་སྐད་པ་དང༌། སངས་རྒྱས་བསྐྱངས་ཟླ་གྲགས་སུ་སྐྱེ་བ་བཞེས་ཟེར་བ་སོགས་རིག་པས་དྲས་པའི་བཅོལ་བགྲོས་ཙམ་དུ་སྣང༌། ཞེས་གསུངས་པ་ལྟར་ཡོངས་གྲགས་སློབ་དཔོན་སངས་རྒྱས་བསྐྱངས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་པར་མ་ཟད། ཉེ་བའི་ཐུགས་སྲས་གསུམ་གྱི་ཡ་གྱལ་དུ་བཞེད་ནའང་། རྒྱ་གར་ཆོས་འབྱུང་ལྟར་ན་སློབ་དཔོན་དགེ་འདུན་སྲུང་བ་ལས་རབ་ཏུ་བྱུང་བར་གསུངས་པས། དེ་ལྟར་ན་སློབ་དཔོན་སངས་རྒྱས་བསྐྱངས་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ལྟ་ཅི། སློབ་དཔོན་འཕགས་པ་ལྷའི་སློབ་མ་ཡང་མིན་པར་འགྱུར་རམ་སྙམ། དེ་ཡང་འཕགས་པའི་སློབ་མ་ཀླུ་ཡི་བཤེས་གཉེན་སྐུ་ཚེ་རིང་པོར་བཞུགས་པ་དང་། ཀླུ་ཡི་བཤེས་གཉེན་གྱི་སློབ་མ་དགེ་འདུན་སྲུང་བ་སློབ་དཔོན་དུ་བསྟེན་ནས་གཞུང་ལུགས་མང་པོ་གསན་ནས་སྒྲུབ་པ་མཛད་པར་གསུངས་པས། མི་ཐོག་གསུམ་གྱི་རྗེས་སུ་བྱོན་པར་གསལ་བས་སློབ་དཔོན་འདི་ཉིད་དུས་ནམ་ཞིག་བྱོན་མིན་ལ་བཞེད་ལུགས་སྣ་ཚོགས་ཤིག་མཆིས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༢༦
[2] ཐུགས་སྲས་ཞེས་པ་ནི། བླ་མ་དེའི་སློབ་མ་མང་པོ་ཡོད་པའི་ནང་ནས་རང་ཉིད་ཀྱི་ཤུལ་རྒྱུན་འཛིན་ཐུབ་ངེས་ཀྱི་སློབ་མ་ཞིག་ལ་བླ་མ་དེས་རང་ཉིད་ལ་མངའ་བའི་མདོ་སྔགས་ཀྱི་ཆོས་ཡོངས་རྫོགས་སྦས་གསང་མེད་པར་གནང་ནས་རང་ཉིད་ཀྱི་སྲས་དང་འདྲ་བར་ཐུགས་རྩིས་ཆེ་ཤོས་སུ་མཛད་པའི་སློབ་མ་ཞིག (དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་ ༣༨༩ ནང་གསལ།)
[3] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། དེབ་ལྔ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩༢
[4] ཆོས་འབྱུང་ཀུན་གསལ་མེ་ལོང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༨
[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༧༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༨༧ ནས་ ༡༩༠ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།