མ༽ ཚད་མ་སྡེ་བདུན་ཇི་ལྟར་མཛད་ཚུལ་དང་། བརྗོད་བྱ། འགྲེལ་པ་བཅས་ཀྱི་སྐོར།

མ༽ ཚད་མ་སྡེ་བདུན་ཇི་ལྟར་མཛད་ཚུལ།

 

དེ་ཡང་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སྨྲ་ངན་ཕམ་པའི་རྒྱལ་རྔ་ལས[1]། མཁས་པ་ཕལ་གྱིས་ཚད་མ་ཀུན་ལས་བཏུས། །ཕྱི་ཡི་གོ་རྒྱ་གཅོད་པ་ཙམ་ལ་མཁོ། །སེམས་རྒྱུད་གཏན་ལ་ཕབ་ལ་མི་མཁོ་ཟེར། །ཐར་ལམ་བསྟན་དགོངས་ཁྱོད་ལ་གསོལ་བ་འདེབས། །

མཆོད་བརྗོད་སྐབས་སུ་བསམ་སྦྱོར་ཕུན་ཚོགས་རྒྱུས། །དོན་གཉིས་ཕུན་ཚོགས་སྟོན་པ་ཚད་མར་སྒྲུབ། །སྐྱོབ་ལས་བདེ་གཤེགས་དེ་ལས་བསམ་སྦྱོར་ཏེ། །བསྟན་ཚུལ་གསལ་བར་ཕྱེ་ལ་གསོལ་བ་འདེབས། །དེ་ཡང་ལུགས་འབྱུང་ལུགས་ལྡོག་འབྲས་རང་གི །རྟགས་ཀྱིས་ཐར་པའི་ལམ་བཟང་ཡངས་པོར་ཕྱེ། །རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་སོགས། །སྡེ་བདུན་ལེགས་པར་བརྩམས་ལ་གསོལ་བ་འདེབས། །འགྲན་ཟླ་འགའ་ཡིས་ཁྱི་མཇུག་དཔེ་བཏགས་པས། །གང་ན་ཟས་བཏུང་ཡོད་དེར་ཁྱི་རྒྱུགས་བཞིན། །ཡུལ་གྲུ་ཀུན་ཏུ་བསྟན་བཅོས་དར་འགྱུར་བའི། །རྟེན་འབྲེལ་བསྒྲིགས་ཞེས་གསུངས་ལ་གསོལ་བ་འདེབས། །ཞེས་དང་། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་ (1884-1968) མཛད་པའི་སྟོན་པ་དང་རྒྱན་དྲུག་མཆོག་གཉིས་ཀྱི་སྐུ་ཐང་གི་ཞལ་བྱང་དུ་གནང་བ་ལས[2]།

ཕྱོགས་ཀྱི་གླང་པོའི་ལུགས་བཟང་ཚད་མའི་མདོ། །

མདོ་རྒྱུད་ཀུན་གྱི་འགྲེལ་བར་སྒྲུབ་པའི་གཞུང་། །

གཞུང་བརྒྱའི་ཡང་སྙིང་སྡེ་བདུན་ནོར་བུའི་སྒྲོན། །

སྒྲོན་མེའི་རྩེ་མོར་བསྐྲུན་མཛད་ཆོས་ཀྱི་གྲགས། །

ཞེས་གསུངས་པ་ལྟར་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་ནི། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་རྗེ་བདག་ཉིད་ཆེན་པོར་སྩལ་བའི་གདམས་པ་སྟེ། མཁས་གྲུབ་དགེ་ལེགས་དཔལ་བཟང་ (1385-1438) གིས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས་ལས[3]། རྒྱས་པའི་བསྟན་བཅོས་རྣམ་འགྲེལ་དང་། །འབྲིང་དུ་སྟོན་པའི་རྣམ་ངེས་དང་། །ཤིན་ཏུ་བསྡུས་པ་རིགས་ཐིགས་ཏེ། །ལུས་དང་འདྲ་བའི་བསྟན་བཅོས་གསུམ། །
གཏན་ཚིགས་ཐིགས་པ་འབྲེལ་བརྟག་དང་། །རྒྱུད་གཞན་སྒྲུབ་པ་རྩོད་རིགས་ཏེ། །འཕྲོས་པ་ཡན་ལག་ལྟ་བུ་ཟེར། །ཆོས་ཀྱི་གྲགས་པ་ལས་བྱུང་བའི། །ཚད་མ་སྡེ་བདུན་འཛམ་གླིང་ན། །སངས་རྒྱས་བསྟན་པ་གསལ་བྱེད་པ། །ཉི་མ་ཟླ་བ་ལྟ་བུར་གྲགས། །འདི་ཡི་འོག་ཏུ་དེ་རྣམས་སློབས། །ཞེས་གསུངས་པ་ལྟར། ལུས་ལྟ་བུའི་བསྟན་བཅོས་རྒྱས་འབྲིང་བསྡུས་གསུམ་དང་། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་སྟེ་སྡེ་བདུན་ནོ།།

དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། འདིར་བོད་ཀྱི་ལོ་རྒྱུས་ལྟར་ན། སྡེ་བདུན་རྩོམ་པའི་ཚེ། ཚོད་མ་ལ་ཏིག་ཏ་བཏབ་སྟེ་དྲངས་ཀྱང་མ་དགོངས་ཏེ་གཞུང་གི་དོན་ལ་བློ་གཅིག་ཏུ་ཕྱོགས་པས་སོ། །བརྩམས་ཟིན་པ་ན་རྒྱལ་པོས་དྲིས་པས། རྒྱལ་པོ་ཁྱེད་ཀྱིས་ཆད་པས་བཅད་པར་བྱ་བའི་མི་འགའ་ཡོད་ན་གོས་དཀར་པོ་བགོས། གཞོང་པ་སྣུམ་གྱིས་བཀང་སྲེ་མོག་གི་བྱུག་པ་ལག་ཏུ་གཏད། ཅུང་ཟད་ཅིག་བོའམ་གོས་ན་གསོད་དོ་བྱས་ནས་རལ་གྲི་ཐོགས་པ་ཕྱི་བཞིན་དུ་འབྲང་བས་ཕོ་བྲང་ལ་སྐོར་བ་བྱེད་དུ་བཅུག་ལ། ཕོ་བྲང་གི་མཐའ་ཀུན་ན་གླུ་དང་རོལ་མོ་མཁན་རྩེ་བ་ཞོག་ཅིག་གསུངས་ནས་དེ་བཞིན་དུ་བྱས་ནས་མཐར་དྲིས་པ་ན་མི་དེས་གླུ་གར་དང་རོལ་མོ་སོགས་གང་ཡང་ཡོད་པ་མ་ཤེས་ཏེ། དེ་ལ་བསྒྲིམས་པས་སོ་ཟེར་ནའང༌། ཉུང་མར་བཀང་བའི་སྣོད་བསྐུར་ལ། །ཞེས་སོགས་སྤྱོད་འཇུག་གི་ཚིག་ལ་བརྟེན་ནས་བདེན་བདེན་མར་སྨྲས་པ་འདྲ་ལ། སྡེ་བདུན་ནི་རང་གི་བློ་གྲོས་གོམས་པའི་ཕྱིར་དང༌། སློབ་མ་དག་གི་ངོར་གནས་གཙུག་ལག་ཁང་དུ་བརྩམས་པ་ཡིན་གྱིས། རྒྱལ་པོའི་འཕྲིན་ཡིག་མཁན་གྱིས་འབྲི་བ་བཞིན་དུ་ཕོ་བྲང་གི་ཕྱོགས་གཅིག་ཏུ་བརྩམས་པ་ག་ལ་ཡིན། བློ་ཤིན་ཏུ་གསལ་བས་རྒོལ་བ་བཅུ་ཙམ་ལ་དུས་གཅིག་ཏུ་ལན་ཐེབས་པར་གྲགས་པ་ལས། གཞུང་དོན་བསམ་པའི་ཚེ་གཞན་མི་རིག་ན་བློ་རྟུལ་པོ་རྣམས་དང་ཁྱད་པར་མེད་པར་འགྱུར་རོ།།

གཞན་ཡང་གཏམ་དེ་ཤིན་ཏུ་མི་འཐད་པར་མངོན་ལ། སྡེ་བདུན་བརྩམས་ཟིན་པ་ན་པཎྜི་ཏ་རྣམས་ལ་བྲིམས་པས། ཕལ་ཆེར་གྱིས་མ་ཤེས། འགའ་ཞིག་གིས་ཤེས་ནའང་ཕྲག་དོག་གི་དབང་གིས་མི་ལེགས་སོ་བྱས་ནས་ཁྱིའི་མཇུག་མ་ལ་བཏགས་པས། ཁྱི་ནི་ལམ་སྲང་ཀུན་ཏུ་རྒྱུ་བ་བཞིན་དུ་ངའི་བསྟན་བཅོས་ཀྱང་ཕྱོགས་ཀུན་ཏུ་རྒྱས་པར་འགྱུར་རོ། །ཞེས་གསུངས་ཤིང༌། གཞུང་གི་མགོར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་། སོགས་ཤླཽ་ཀ་གཅིག་བཅུག་པ་དང༌། ཕྱིས་སློབ་དཔོན་ལྷ་དབང་བློ་དང༌། ཤཱཀྱ་བློ་ལ་སྡེ་བདུན་ལེགས་པར་བཤད་དེ་རང་འགྲེལ་གྱི་འཕྲོས་ལྷ་དབང་བློ་[5]ལ་རྩོམ་པར་བསྐུལ། ལན་ཅིག་བརྩམས་ཏེ་གཟིགས་སུ་ཕུལ་བས་ཆུས་བཀྲུས། ཡང་བརྩམས་པ་མེས་བསྲེགས། སླར་ཡང་བརྩམས་ཏེ།

ཕལ་ཆེར་སྐལ་བ་མེད་ཉིད་དང༌། །དུས་ལའང་སྡོད་པ་མེད་པའི་ཕྱིར། །

གོམས་པའི་ཕྱིར་ནི་མདོར་བསྡུས་ནས། །དཀའ་འགྲེལ་འདི་ནི་འདིར་བྱས་སོ། །

ཞེས་བྲིས་ཏེ་ཕུལ་བས། འགྲོས་དང་ཚིག་ཟུར་གྱིས་མཚོན་པའི་གནད་དོན་རྣམས་མ་བྱུང་བར་འདུག་སྟེ། ཚིག་གིས་དངོས་སུ་བསྟན་པའི་དོན་རྣམས་བྱུང་འདུག་གསུངས་ནས་བཞག །ངའི་རིགས་པ་འདི་དཔྱིས་ཕྱིན་པ་སུས་ཀྱང་མི་ཤེས་པ་འདུག་དགོངས་ནས་རྣམ་འགྲེལ་གྱི་མཇུག་ཏུ། རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། །ཞེས་པའི་ཚིགས་བཅད་བཅུག་གོ །ཞེས་གྲགས། ཞེས་བྱུང་། དེ་བཞིན་ངག་དབང་ཀུན་དགའ་བློ་གྲོས་ (1729-1783) མཆོག་གིས་མཛད་པའི་ཆོས་གྲགས་ཀྱི་སྐུའི་འདོད་གསོལ་ལས་[6]ཀྱང་།

སྦྱིན་བདག་དེ་རྒྱུས་རབ་བྱེད་སྡེ་བདུན་དང་། །

རྣམ་འགྲེལ་ལེའུ་དང་པོའི་འགྲེལ་བཤད་སོགས། །

དུ་མའི་གམ་དུ་ཕྱིན་ཚེ་ཕྲག་དོག་གིས། །

ཁྱི་མཇུག་བཏགས་ཀྱང་ངོ་མཚར་གསལ་བསྟན་འདུད། །

ཅེས་གསུངས་པ་ལྟར། བུ་སྟོན་ (1290-1364) ཆོས་འབྱུང་ལས་[7]ཀྱང་། མཇུག་ཏུ་རྣམ་འགྲེལ་གྱི་ལེའུ་དང་པོའི་རང་འགྲེལ་མཛད་དོ། །བསྟན་བཅོས་རྣམས་མཁས་པའི་གྲ་སར་འགྲིམས་པས་ཕལ་ཆེར་གྱིས་མ་ཤེས་སོ། །ལ་ལས་ཤེས་ཀྱང་ཕྲག་དོག་བྱས་ནས་ཉེས་སོ། །ཞེས་བསྒྲགས་ཏེ་ཁྱི་མཇུག་ལ་བཏགས་པས། སློབ་དཔོན་ན་རེ། ཁྱི་གྲོང་དང་སྲང་ཀུན་ཏུ་རྒྱུ་བ་བཞིན་བསྟན་བཅོས་ཀྱང་དར་བར་འགྱུར་རོ། །ཞེས་གསུངས་ཤིང་། རྣམ་འགྲེལ་གྱི་མགོར[8]། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པས་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་པ་བཅུག་གོ་ཞེས་གྲག་གོ །དེ་ནས་པཎྜི་ཏ་ལྷ་དབང་བློ་ལ་འགྲེལ་པ་རྩོམ་པར་བསྐོས་པས་ལན་ཅིག་བརྩམས་ཏེ་གཟིགས་པ་ཕུལ་བས་ཆུས་བཀྲུས། ཡང་བརྩམས་པས་མེས་བསྲེགས་པས། ཕྱིས་བརྩམས་ནས། མཛད་བྱང་ལས[9]།

ཕལ་ཆེར་སྐལ་བ་མེད་ཉིད་དང་། །དུས་ལ་སྡོད་པ་མེད་པའི་དང་། །

གོམས་པའི་ཕྱིར་ནི་མདོར་བསྡུས་ནས། །ཁོ་བོས་དཀའ་འགྲེལ་འདི་བྱས་སོ། །

ཞེས་པ་ཕུལ་བས། འཕྲོས་དང་ཚིག་གི་ཟུར་གྱིས་མཚོན་པའི་དོན་རྣམས་མ་བྱུང་བར་འདུག་སྟེ། ཚིག་གིས་དངོས་སུ་བསྟན་པའི་དོན་བྱུང་འདུག་གསུང་། འོན་ཀྱང་ངའི་རིགས་པ་འདི་གཞན་གྱིས་མ་ནོར་བ་མི་ཤེས་པར་འདུག་དགོངས་ཏེ། རྣམ་འགྲེལ་གྱི་མཇུག་བྱང་ལས[10]། བློ་ཡི་ནུས་པ་ཆུང་བ་མེད་པ་དེ་དག་གིས་ཀྱང་ཟབ་མོའི་དེ་ཉིད་རྟོགས་མེད་ཅན། །བརྩོན་འགྲུས་ཤིན་ཏུ་ལྷག་པར་གྱུར་པ་དེ་དག་གིས་ཀྱང་མཆོག་གི་དེ་ཉིད་མཐོང་མེད་ལྡན། །འགྲོ་བ་རྣམས་ལ་མཚུངས་པར་ལེགས་བཤད་སླར་འཛིན་བྱེད་པ་མི་རྙེད་པ་ཅན་ཁོ་བོའི་གཞུང་། །རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། །ཞེས་པ་བཅུག་ཅེས་གྲག་གོ །དེའི་སློབ་མ་ཤཱཀྱ་བློ་[11]ཡིན་ལ་དེས་འགྲེལ་བཤད་བྱས། དེའི་སློབ་མ་འོད་ཀྱི་བློ་ཡིན་ཟེར་རོ། །ཁ་ཅིག་ཛ་མ་རི་ཆོས་གྲགས་ཀྱི་དངོས་སློབ་ཡིན་ཟེར་རོ། །ཞེས་བྱུང་བ་ལྟར། བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྔགས་པ་ལས་[12]ཀྱང་།

མཁྱེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ལས། །

སྡེ་བདུན་ལེགས་བཤད་འོད་སྟོང་སྤྲོ་བ་ཡིས། །

ཐར་ལམ་པདྨོའི་ནགས་ཚལ་རྒྱས་མཛད་པ། །

ཆོས་གྲགས་སྨྲ་བའི་ཉི་མར་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་རོ།།  །།

 

༡) ཚད་མ་སྡེ་བདུན་གྱི་བརྗོད་བྱ།

 

དེ་ཡང་ངག་དབང་མཁྱེན་རབ་ (དུས་རབས་18པ།) ཀྱིས་མཛད་པའི་རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སེངྒེའི་ང་རོ་ལས[13]།

ཡོངས་རྫོགས་ཤེས་བྱའི་གངྒཱ་ཧུབ་གཅིག་གིས། །

འདྲེན་མཛད་རྣམ་དཔྱོད་དྲང་སྲོང་མགྲིན་པ་ལས། །

རྒྱལ་བསྟན་ཁྱབ་འཇུག་རྐང་པའི་ལོག་རྟོག་དྲི། །

འཁྲུད་ཕྱིར་སྡེ་བདུན་ཆུ་བོ་ལྷུང་ལྷུང་འབབ། །

ཅེས་གསུངས་ལ། དེ་བཞིན་འཇམ་དབྱངས་གྲུབ་པའི་བློ་གྲོས་ (1932-) ཀྱིས་མཛད་པའི་དཔལ་ལྡན་ཆོས་ཀྱི་གྲགས་པར་གསོལ་བ་འདེབས་པ་སྡེ་བདུན་ཡིད་ལ་འགུགས་པའི་ལྕགས་ཀྱུ་ལས་[14]ཀྱང་།

གང་གི་ཐུགས་གསང་དཔལ་གྱི་བེའུ་ནས། །

རིགས་ལམ་རལ་གྲིའི་རྣོ་རྒྱུན་སྟོང་འབར་བ། །

མུ་སྟེགས་འཆལ་བའི་སྙིང་ལ་གཟན་པའི་གཏམ། །

སྡེ་བདུན་ཚད་མའི་ཆོས་ཀྱི་གྲགས་པ་ཅན། །

སྟོན་དང་བསྟན་པ་ཡིད་ཆེས་རྙེད་པའི་སྒོ། །

མངོན་རྗེས་ཚད་མས་རང་དང་གཞན་བཅས་ལ། །

བླང་དོར་སྟོན་པ་རྒྱས་འབྲིང་བསྡུས་པའི་ཚུལ། །

རྩ་བ་ལུས་ཀྱི་བསྟན་བཅོས་རྣམ་གསུམ་དང་། །

གཏན་ཚིགས་བྱེ་བྲག་སྟོན་དང་མུ་སྟེགས་ཀྱིས། །

བཏགས་པའི་འབྲེལ་བ་འགོག་དང་སྣང་བ་ཀུན། །

སེམས་སུ་གྲུབ་ཀྱང་རྒྱུད་གཞན་འཐད་གྲུབ་དང་། །

རྩོད་པའི་རིགས་པ་དང་བཅས་འཕྲོས་པ་ཡི། །

ཡལ་ག་ལྟ་བུའི་བསྟན་བཅོས་རྣམ་བཞི་སྟེ། །

སྲིད་དང་ཞི་བའི་མངོན་ལྐོག་ཤེས་བྱའི་ཁྱོན། །

སྒྲུབ་དང་སུན་འབྱིན་རིགས་པའི་སྲིད་དབང་ལ། །

བདེ་བླག་ཁ་ལོ་བསྒྱུར་བྱེད་རིན་ཆེན་བདུན། །

ཞེས་གསུངས་པ་བཞིན་སློབ་དཔོན་དབང་ཕྱུག་སྡེ་ལས་ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་མཛད་རྒྱུའི་གནང་བ་ཐོབ་པ་ལྟར། ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་གཞུང་ལུགས་དུ་མའི་བརྗོད་བྱ་བསྟན་པ་ཉེར་མཁོ་བློ་ལྡན་དགའ་བྱེད་ལས[15]།

ཚད་མ་རྣམ་འགྲེལ་རྣམ་ངེས་རིགས་ཐིགས་དང་། །

གཏན་ཚིགས་ཐིགས་པ་རྩོད་རིགས་འབྲེལ་བ་བརྟག །

རྒྱུད་གཞན་གྲུབ་ཅེས་ཚད་མ་སྡེ་བདུན་ཟེར། །

ཞེས་གསུངས་པ་ལྟར། ཚད་མ་ཀུན་ལས་བཏུས་པའི་ཚིག་དོན་གཉིས་ཀའི་ཆ་འཕྲོས་དང་བཅས་ཏེ་རྒྱས་པར་གཏན་ལ་འབེབས་པ་ཚད་མ་རྣམ་འགྲེལ་དང་། འབྲིང་ཚད་མ་རྣམ་ངེས། བསྡུས་པ་རིགས་ཐིགས་བཅས་ལུས་ལྟ་བུའི་བསྟན་བཅོས་གསུམ་དང་། གཏན་ཚིགས་ཐིགས་པ་དང་། རྩོད་པའི་རིགས་པ། འབྲེལ་པ་བརྟག་པ། རྒྱུད་གཞན་སྒྲུབ་པ་སྟེ་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་བཅས་ཚད་མ་སྡེ་བདུན་དུ་གྲགས་པའི་བརྗོད་བྱ་དང་། རྒྱས་བསྡུས། ལུས་ལྟ་བུའི་བསྟན་བཅོས་གསུམ་ལས་འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་རྣམས་ཇི་ལྟར་འཕྲོས་ཚུལ་སོགས་ནི། མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་ (1385-1438) གིས་མཛད་པའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་ལས[16]། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་འོད་ཟེར་གྱིས་བློ་གྲོས་ཀྱི་པདྨོ་ཁ་བྱེ་བས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་གཟིགས་པ་དག་པའི་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་བདག་ཉིད་ཆེན་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོས་གྲོལ་བ་དོན་གཉེར་ཐར་པ་དང་ཐམས་ཅད་མཁྱེན་པར་འགྲོ་བའི་ཐེག་པ་གསུམ་གྱི་ལམ་གྱི་གནད་མ་ལུས་པ་ལ་མཐའ་གཞན་དུ་སྲིད་པའི་དོགས་པ་བཅད་དེ། ཚད་མའི་ལམ་ནས་གསལ་བར་སྟོན་པ་ཚད་མའི་མདོ་ཀུན་ལས་བཏུས་པ་མཛད་ཅིང་། དེ་ལྟ་ན་ཡང་བདག་ཉིད་ཆེན་པོའི་བློ་གྲོས་མཆོག་ཏུ་ཟབ་པས་གཞུང་གི་ཚིག་རབ་ཏུ་བརླིང་བ་བློའི་མཐུ་ཆུང་བ་དག་གིས་མ་རྟོགས་ཏེ། ཕན་པ་རྒྱ་ཆེན་པོར་མ་གྱུར་པར་གཟིགས་ནས། རྒྱལ་བ་ཉིད་ཀྱིས་ལུང་བསྟན་པ་བརྙེས་ཤིང་། སོ་སོ་ཡང་དག་པར་རིགས་པ་བཞིའི་ཕ་རོལ་ཏུ་སོན་པས་འཇིགས་པ་མེད་པ་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པ། རིགས་པ་སྨྲ་བ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཆོས་ཀྱི་གྲགས་པས་ཚད་མ་ཀུན་ལས་བཏུས་པ་དེ་ཉིད་ཀྱི་ཚིག་དོན་གཉིས་ཀའི་ཆ་འཕྲོས་དང་བཅས་ཏེ་རྒྱས་པར་གཏན་ལ་འབེབས་པ་ཚད་མ་རྣམ་འགྲེལ། ཚིག་དོན་གྱི་ཆ་རགས་རིམ་ཞིག་རིགས་པའི་རྣམ་གྲངས་ཀྱིས་ཞིབ་པར་འགྲེལ་པ་ཚད་མ་རྣམ་ངེས། དགག་སྒྲུབ་ཀྱི་སྤྲོས་པ་རྒྱས་པ་དོར་ཏེ་དོན་གྱི་གཙོ་བོ་དག་གི་རྣམ་གྲངས་དང་། མཚན་ཉིད་དང་། དབྱེ་བ་དང་། དཔེར་བརྗོད་པ་ཙམ་སྟོན་པ་རིགས་པའི་ཐིགས་པ་སྟེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་མཛད་ཅིང་། དེ་དག་ཀྱང་གདུལ་བྱ་དབང་པོ་རྟུལ་པོ་དང་། འབྲིང་དང་། རྣོན་པོ་དག་གི་དབང་དུ་བྱས་ཏེ། རིམ་པ་བཞིན་རྒྱས་པ་དང་། འབྲིང་དང་། མདོར་བསྡུས་པར་བསྟན་པའོ།།

དེའི་རྗེས་སུ་གཙོ་བོར་གྱུར་པའི་བསྟན་བཅོས་དེ་དག་གི་རང་དོན་ལེའུའི་སྐབས་ལས་འཕྲོས་ཏེ། རྟོགས་དཀའ་བ་གཏན་ཚིགས་ཀྱི་མཚན་ཉིད་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་གཏན་ཚིགས་ཐིགས་པ་དང་། རང་དོན་ལེའུའི་སྐབས་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་སྟོན་པ་ཉིད་ལས་འཕྲོས་ཏེ། འབྲེལ་པ་གཉིས་ཀ་དོན་དམ་པར་མ་གྲུབ་ཅིང་ཀུན་རྫོབ་ཏུ་རྣམ་པར་འཇོག་པའི་ཚུལ་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་འབྲེལ་བ་བརྟག་པ་དང་། མངོན་སུམ་ལེའུའི་སྐབས་སུ་གཟུགས་སོགས་རྣམ་རིག་ཙམ་དུ་གཏན་ལ་ཕབ་པ་ལ། རྒོལ་བ་རང་ཉིད་ལ་སྣང་བ་རང་གི་སེམས་ཀྱི་བདག་ཉིད་ཡིན་པའི་ཕྱིར། སྒྲུབ་ངག་འགོད་པའི་ཡུལ་གང་ཟག་གཞན་གྱི་རྒྱུད་ཡོད་པར་ཇི་ལྟར་འཐད་ཅེས་སྨྲ་བའི་ཀླན་ཀ་བསལ་ཏེ། སྣང་མཁན་ཤེས་པ་ལས་རྫས་གཞན་དུ་གྱུར་པའི་གཟུགས་སོགས་མེད་ཀྱང་རྒོལ་བ་རང་ཉིད་ལས་རྒྱུད་གཞན་དུ་གྱུར་པའི་གང་ཟག་འཐད་པའི་ཚུལ་སྟོན་པ་རྒྱུད་གཞན་གྲུབ་དང་། གཞན་དོན་ལེའུའི་སྐབས་ལས་འཕྲོས་ཏེ། སྒྲུབ་ངག་དང་། སྒྲུབ་ངག་གི་ལམ་སྦྱོངས་སྟོན་པའི་སྔ་རྒོལ་དང་ཕྱི་རྒོལ་དང་དབང་པོ་དག་གི་མཚན་ཉིད་དང་། དེ་དག་གི་རྩོད་པ་ཇི་ལྟར་བྱ་བའི་ཚུལ་དང་། རྩོད་པའི་ངོ་བོ་སུན་འབྱིན་དང་། ཐལ་འགྱུར་གྱི་རྣམ་པར་བཞག་པ་དང་། དེའི་གོལ་ས་ལྟག་ཆོད་ཀྱི་རབ་དབྱེ་སོགས་དང་བཅས་པ་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་རྩོད་པའི་རིགས་པ་སྟེ། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞི་མཛད་ཅིང་། དེ་ལྟར་སྡེ་བདུན་མདོ་དང་བཅས་པ་སྐལ་བ་དང་ལྡན་པ་དག་ལ་རིག་པའི་མིག་སྦྱིན་པར་མཛད་པ་ཡིན་ནོ། །ཞེས་གསུངས་སོ།།

གཞན་ཡང་ཚད་མ་རྣམ་འགྲེལ་ལེའུ་བཞིའི་གོ་རིམ་ནི། དཔའ་བོ་གཙུག་ལག་ཕྲེང་བའི་ (1504-1588) ཆོས་འབྱུང་མཁས་པའི་དགའ་སྟོན་ལས[17]། དྷརྨ་ཀཱིརྟི་ཡིན་ནམ་ཟེར། དེ་སྐད་དུ་ཡང་གྲགས་གསུངས་པས་སྦྱིན་བདག་བྱས་ཏེ་རྒྱས་པར་འགྲེལ་པ་རྣམ་འགྲེལ། འབྲིང་རྣམ་ངེས། བསྡུས་པ་རིགས་ཐིགས་སྟེ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ། རྟགས་བྱེ་བྲག་ཏུ་སྟོན་པ་གཏན་ཚིགས་ཐིགས་པ། མུ་སྟེགས་ཀྱིས་བཏགས་པའི་འབྲེལ་བ་འགོག་པ་འབྲེལ་བ་བརྟག་པ། སྣང་བ་སེམས་ཡིན་ཀྱང་གཞན་རྒྱུད་འཐད་པ་རྒྱུད་གཞན་གྲུབ་པ། རྩོད་ཚུལ་སྟོན་པ་རྩོད་པའི་རིགས་པ་སྟེ་གྱེས་པ་ཡན་ལག་གི་བསྟན་བཅོས་བཞི་སྟེ་ཚད་མ་སྡེ་བདུན་མཛད། རྩོམ་པའི་གོ་རིམ་གྲུབ་པའི་ལེའུ། མངོན་སུམ་ལེའུ། རང་དོན་ལེའུ། གཞན་དོན་ལེའུ་སྟེ་བརྗོད་བྱའི་གོ་རིམ་དེ་ལྟར་ཡིན་ཡང་ཚད་མ་སློབ་པ་ན་དང་པོར་རྟགས་ཀྱི་རྣམ་གཞག་གལ་ཆེ་བར་དགོངས་ཤིང་རྟོགས་དཀའ་བར་གཟིགས་ནས་རང་དོན་ལེའུ་ལ་འགྲེལ་པ་མཛད་པས་ཕྱིས་སློབ་མ་རྣམས་ཀྱིས་རང་དོན་ལེའུ་ཐོག་མར་བྱས་སོ། །ཞེས་གསུངས་པ་ལྟར་རོ།།  །།

 

༢) ཚད་མ་སྡེ་བདུན་གྱི་འགྲེལ་པ།

 

དེ་ཡང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་བསྟོད་ཚོགས་ལས[18]།

ཐུབ་བསྟན་གངས་རིའི་སྤོ་ལ་གནས་བཅས་ཏེ། །

རྣམ་དཔྱོད་ལུས་གྲིམས་རིགས་པའི་མཆེ་བ་ཅན། །

ལོག་སྨྲ་གླང་ཆེན་མྱོས་པའི་ཀླད་འགེམས་པ། །

སྡེ་བདུན་མཛད་པ་དེ་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་པ་ལྟར། སློབ་དཔོན་ཆོས་གྲགས་ཀྱིས་མཛད་པའི་བསྟན་བཅོས་སྙན་གྲགས་ཅན་ཚད་མ་སྡེ་བདུན་གྱི་འགྲེལ་པ་ནི། མཁས་པ་ལྡེའུས་ (དུས་རབས་13པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[19]། ཆོས་ཀྱི་གྲགས་པས་གདམས་པ་དེ་ལ་བརྟེན་ནས། ཚད་མ་སྡེ་བདུན་བརྩམས་ཏེ། རྩ་བའི་རབ་ཏུ་བྱེད་པ་གསུམ་དང༌། ཡན་ལག་གི་རབ་ཏུ་བྱེད་པ་བཞི་མཛད། དེ་ལ་རྩ་བ་གསུམ་ནི་དབང་པོ་རབ་ཀྱི་དོན་དུ། རིགས་ཐིགས་ལེའུ་གསུམ་གྱི་བདག་ཉིད་ཅན་བརྩམས། འདིའི་འགྲེལ་པ་རུ་སློབ་དཔོན་ཆོས་མཆོག་[20]གིས་ཆོས་མཆོག་ཆེན་པོ་མཛད། འབྲིང་གི་དོན་དུ་རྣམ་ངེས་ལེའུ་གསུམ་གྱི་བདག་ཉིད་བརྩམས། འདིའི་འགྲེལ་པ་རུ་ཤེས་རབ་འབྱུང་གནས་ཀྱིས་སྦས་པའི་རྒྱན་མཛད། དབང་པོ་ཐ་མའི་དོན་དུ་རྣམ་འགྲེལ་ལེའུ་བཞི་པ་བརྩམས་སོ། །ཡན་ལག་གི་བཞི་ལ། གཏན་ཚིགས་དཀའ་བར་དགོངས་ནས་གཏན་ཚིགས་ཀྱི་ཐིགས་པ། འབྲེལ་པ་དཀའ་བར་དགོངས་ནས་འབྲེལ་པ་བརྟག་པ། རིག་བྱེད་གསང་བར་སྨྲ་བ་སུན་འབྱིན་པ་ལ་རྒྱུད་གཞན་སྒྲུབ་པ། རྩོད་པ་དཀའ་བར་དགོངས་ནས་རྩོད་པའི་རིགས་པ་མཛད། ཕྱིས་དབྱིག་གཉེན་གྱིས་ཚད་མ་སྨྲ་བའི་སྒྲོན་མ་མཛད། དེ་རྣམས་ཚད་མའི་བསྟན་ཆོས་བརྩམས་ཚུལ་ལོ། །ཞེས་བྱུང་ངོ་།།

གཞན་ཡང་ཀརྨ་པ་ཆོས་གྲགས་རྒྱ་མཚོས་ (1454-1506) མཛད་པའི་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་གངས་ཅན་བསྟན་པའི་རྒྱན་བཞི་ལ་བསྟོད་པ་ལས[21]།

ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །འོད་ཀྱིས་འཛམ་གླིང་གང་བ་དང་། །

མཉམ་དུ་གྲགས་པའི་པད་དཀར་བྱེ། །ཆོས་ཀྱི་གྲགས་པའི་ཞབས་ལ་འདུད། །

ཅེས་དོན་ལྡན་གྱི་བསྟོད་ཕྱག་མཛད་པ་ལྟར་དཔའ་བོ་གཙུག་ལག་ཕྲེང་བའི་ (1504-1588) ཆོས་འབྱུང་མཁས་པའི་དགའ་སྟོན་ལས[22]། ཤཱཀྱ་བློས་འགྲེལ་པ་གཉི་ག་བསྡོམས་པ་ལ་འགྲེལ་པ་མཛད། རྣམ་འགྲེལ་གྲུབ་པའི་ལེའུ་མ་གཏོགས་པ་ལ་ཤེས་འབྱུང་སྦས་པས་འགྲེལ་པ་ཚད་མའི་རྒྱན་མཛད། རྒྱལ་བས་བྱིན་གྱིས་རྒྱན་གྱི་འགྲེལ་པ་དང༌། རང་དོན་ལེའུ་ལ་ཛ་མ་རིས་འགྲེལ་པ་མཛད། མངོན་སུམ་ལེའུ་དང་གཞན་དོན་ལེའུ་ལ་ཉི་མ་སྦས་པས་འགྲེལ་པ་མཛད། རྣམ་འགྲེལ་ལ་འགྲེལ་པ་རྗེས་འབྲང་མ་བྲམ་ཟེ་བདེ་བྱེད་དགའ་བས་མཛད། རྣམ་ངེས་ལ་ཆོས་འབྱུང་བྱིན་དང་དགེ་སྲུང་གི་སློབ་མ་ཆོས་མཆོག་གིས་འགྲེལ་པ་དང༌། ཡེ་ཤེས་དཔལ་བཟང་གིས་འགྲེལ་པ་དང༌། དུལ་ལྷས་འགྲེལ་པ་སློབ་ཕན་མཛད། རིགས་ཐིགས་ལའང་ཆོས་མཆོག་དང་རྒྱལ་བའི་ལྷས་འགྲེལ་པ་མཛད་ཅིང་ཡན་ལག་གི་བསྟན་བཅོས་བཞི་ག་ལ་དུལ་ལྷས་རྒྱ་ཆེར་འགྲེལ་རེ་མཛད། བོད་དུ་ནི་ཐོག་མར་བསྡུས་པ། དེ་ནས་འབྲིང༌། དེ་ནས་རྒྱས་པ་དར་ཏེ་ཕྱི་རབས་སུ་བསྟན་བཅོས་ཀུན་གྱི་མིག་གཅིག་པུར་གྱུར་ཏོ། །ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཆོས་བསྟོད། དཔེ་རིང་། ཤོག་ ༡ན༡ ནས་ ༣ན༥ བར།

[2]  ཤེས་རབ་རྒྱ་མཚོའི་གསུང་འབུམ། གསུང་ཐོར་བུ། ༼༡༽ དཔེ་རིང་། ཤོག་ ༦༡བ༤ ནས་ ༦༢བ༣ བར།

[3]  རྗེ་ཙོང་ཁ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས། ༼༡༽ དགའ་ལྡན་ཚོགས་ཆེན། ༢༠༡༩ ལོ། ཤོག་གྲངས་ ༤༨

[4]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༢༥

[5]  སློབ་དཔོན་ལྷ་དབང་བློ་ནི། དུས་རབས་ ༧ པའི་སྨད་ཙམ་དུ་སྐུ་འཁྲུངས་པར་བཤད། ཁོང་གིས་ཚད་མ་རྣམ་འགྲེལ་ལེའུ་ཕྱི་མ་གསུམ་གྱི་འགྲེལ་པ་སོགས་བརྩམས་སོ།།

[6]  ཀུན་བློའི་གསུང་འབུམ། ༼ཤྲཱི༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ༢༠༠༨ ལོ། དཔེ་རིང་། ཤོག་ ༧ན༡

[7]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༦༡

[8]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༤༦༩

[9]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཆེ༽ དེབ་ཨང་ ༩༨ པ། ཤོག་གྲངས་ ༧༩༤

[10]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༦༠༠

[11]  སློབ་དཔོན་ཤཱཀྱ་བློ་གྲོས་ནི། དུས་རབས་ ༨ པའི་ནང་དུ་སྐུ་འཁྲུངས་པར་བཤད། ཁོང་གིས་ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་སོགས་བརྩམས་སོ།།

[12]  དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ ཐོར་བུ། དཔེ་རིང་། ཤོག་ ༡ན༡ ནས་ ༢བ༤ བར།

[13]  ངག་དབང་མཁྱེན་རབ་ཀྱི་གསུང་འབུམ། པོད། ༼༡༽ ༼ཇ༽ དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༢བ༢ བར།

[14]  འཇམ་དབྱངས་གྲུབ་པའི་བློ་གྲོས་ཀྱི་གསུང་འབུམ། པོད། ༼༣༽ ལྔ་རིག་ནང་བསྟན་སློབ་གླིང་། ༢༠༠༢ ལོ། ཤོག་ ༡༨༡

[15]  གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༨༢

[16]  ཊཱིཀ་ཆེན་རིགས་པའི་རྒྱ་མཚོ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། སྟོད་ཆ། ༢༠༠༩ ལོ། ཤོག་ ༦

[17]  མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་ ༡༤༦༨

[18]  རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦ན༤ ནས་ ༧བ༣ བར།

[19]  རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ ༡༩༨༧ ལོ། ཤོག་ ༡༧༢

[20]  སློབ་དཔོན་ཆོས་མཆོག་ནི། དུས་རབས་ ༨ པའི་སྨད་ཙམ་དུ་སྐུ་འཁྲུངས་པར་བཤད། ཁོང་གིས་ཚད་མ་རྣམ་པར་ངེས་པའི་ཊཱི་ཀ་འཐད་ལྡན་དང་། རིགས་ཐིགས་རྒྱ་ཆེར་འགྲེལ། གཞན་སེལ་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། འཇིག་རྟེན་ཕ་རོལ་གྲུབ་པ་སོགས་བརྩམས་སོ།།

[21]  བཀའ་བརྒྱུད་ཞལ་འདོན་ཕྱོགས་བསྒྲིགས། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༦༢

[22]  མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ༡༩༨༦ ལོ། ཤོག་གྲངས་ ༡༤༦༩

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༣ ནས་ ༤༣༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *