ཆ༽ འཕགས་པ་ཐོགས་མེད་ཀྱི་འཁྲུངས་ཡུལ།

ཆ༽ འཕགས་པ་ཐོགས་མེད་ཀྱི་འཁྲུངས་ཡུལ།

 

དེ་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་རིན་ཆེན་སྤུངས་པ་ལས[1]།

བྱམས་པའི་ཞལ་གྱི་གསུང་གི་བདུད་རྩི་ཐོབ། །རྒྱ་ཆེན་ཤེས་བྱའི་གནས་ལ་སྤོབས་པ་བརྙེས། །

ཆོས་མངོན་མཆོག་ཏུ་གསལ་བར་མཛད་པ་པོ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །

ཞེས་བསྟོད་ཕྱག་མཛད་ཡུལ་འཕགས་པ་ཐོགས་མེད་སྐུ་འཁྲུངས་པའི་ཡུལ་ནི། བཙན་པོ་སྐུ་ཕྲེང་བཞི་པ་འཇམ་དཔལ་ཆོས་ཀྱི་བསྟན་འཛིན་འཕྲིན་ལས་ (1789-1839) ཀྱིས་མཛད་པའི་འཛམ་གླིང་རྒྱས་བཤད་ལས[2]། ཛ་ལ་ཆེན་པོ་ཟེར་བ་ཕྱི་རོལ་པ་རྣམས་ཀྱི་ལྷ་མོ་འབར་མ་གནས་པའི་རི་བྲག་གི་ངོས་ལ་མེ་འབར་བ་ཞིག་དང་། དབང་ཕྱུག་གི་རྟེན་སོགས་ཡོད་པ་དེང་སང་ཡང་ཧིཾ་ལ་རྩིའི་གནས་བསྐོར་བར་སོང་བའི་ཨཱ་ཙརྱ་ཕལ་ཆེ་བས་མཇལ་འདུག་ཅིང་། ཡུལ་དེའི་དབུས་ཀྱི་མཁར་ལ་བྲུ་ཤ་པུ་ར་ཟེར། ཐང་ཟིང་གིས་ཐོགས་མེད་སྐུ་མཆེད་དང་། དགྲ་བཅོམ་པ་ཆོས་སྐྱབས་དང་། ལྷ་ཁྱབ་འཇུག་སོགས་ཡུལ་དེར་འཁྲུངས་པ་ཡིན་ཞེས་བཤད་འདུག་ལ། ཐོགས་མེད་སྐུ་མཆེད་ཀྱི་རྣམ་ཐར་ལས་ཡུལ་གང་དུ་འཁྲུངས་པ་གསལ་ཁ་ཅན་མ་མཐོང་ཡང་། དེར་སྐྱེས་པའི་ཁྱབ་འཇུག་ནི་དགའ་བྱེད་དགྲ་སྟ་ཅན་ཡིན་ནམ་སྙམ། ཡུལ་དེར་གནྡ་ཧ་ར་ཟེར་བའི་མཁར་དང་། བེ་ཀྵ་པུ་ར་དང་། ནཱ་ག་ར་ཟེར་བ་སོགས་གྲོང་ཁྱེར་འགའ་རེ་ཡོད། ཅེས་གསལ་བ་ལྟར་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་གམ། ཡོངས་གྲགས་ཐང་སན་ (603-664) ལམ་ཡིག་ལས[3]། དེ་ནས་ཤར་ལྷོའི་མཚམས་སུ་རི་སུལ་བརྒྱུད་དེ་རྒྱང་གྲགས་ལྔ་བརྒྱ་ཙམ་བགྲོད་པ་ན་གྷ་ནི་དྷ་རའི་ཡུལ་ཡོད། དེའི་ཤར་ནུབ་ཏུ་རྒྱང་གྲགས་སྟོང་ལྷག་ལྷོ་བྱང་དུ་རྒྱང་གྲགས་བརྒྱད་བརྒྱ་ལྷག །ཤར་དུ་སིན་དྷུའི་ཀླུང་ལ་ཀྱོག་པ། དབུས་ཀྱི་མཁར་ལ་པྲུ་ཤ་པུར་ཟེར།

མཐའ་འཁོར་དུ་རྒྱང་གྲགས་བཞི་བཅུ་ལྷག་ཙམ། བདག་པོ་ནི་རྒྱལ་རིགས་ཡིན་ཡང་ད་ལྟ་རབས་ཆད་ནས་ཀ་བི་ཤིའི་མངའ་འོག་ཏུ་གཏོགས། ཕོ་བྲང་ནང་ཞིག་རལ་གྱིས་སྟོངས་ལ་ཁད་དུ་འདུག །གྲུ་གཅིག་ན་མི་ཁྱིམ་སྟོང་ལྷག་ཙམ་ལས་མེད། ས་ཆ་དྲོ་གྲང་སྙོམས་པ་དབྱར་ཅུང་ཟད་དྲོད་ཆེ། བྲུས་མ་དང་ཡུར་འདེབས། བཟའ་ཤིང་ཤིན་ཏུ་མང་ཞིང་ལྷག་པར་བུར་ཤིང་མང་། སད་དང་གངས་མི་འབབ། མིའི་རང་བཞིན་སྙིང་ཁམས་སྡར་ཤས་ཆེ་ཞིང་སློབ་གཉེར་ལ་འགྲུས་པ། དད་པ་ཆུང་ཞིང་ཕལ་ཆེར་མུ་སྟེགས་ལ་མོས་པའོ། །ཡུལ་འདི་ཁྱབ་འཇུག་ལྷ། འཕགས་པ་ཐོགས་མེད་སྐུ་མཆེད། དགྲ་བཅོམ་པ་ཆོས་སྐྱོབ། འཕགས་པ་ཡིད་བཞིན། དགེ་སློང་རྩིབ་ལོགས་སོགས་ཀྱི་འཁྲུངས་ཡུལ་ཡིན། ཞེས་གསལ་ལ། རྒྱའི་བཙུན་པ་ཧྥ་ཤཱན་གྱིས་ (CE 374-462) མཛད་པའི་ཧྥ་ཤཱན་ལམ་ཡིག་ལས་[4]ཀྱང་།

བྲུ་ཤ་སི་ལིའི་ཡུལ་དང་ནི། །བཀྲེས་པས་ཉེན་པའི་སྟག་རྣམས་སོ། །

ཞེས་བྱུང་སྟེ། ཀནྡ་ཡེའི་ཡུལ་ནས་ཤར་ཕྱོགས་སུ་ཉི་མ་བདུན་གྱི་སར་བྲུ་ཤ་སི་ལི་ཞེས་པའི་ཡུལ་གཅིག་ཡོད་ལ། ཡུལ་འདིར་མགོ་བོས་སྦྱིན་པ་བཏང་བས། ས་ཆ་འདི་ལ་མིང་འདི་སྐད་དུ་འདོགས་སོ། །ཞེས་པ་ལྟར། སོག་པོ་རྗེ་བཙུན་བློ་བཟང་རྟ་མགྲིན་ (1867-1937) གྱིས་མཛད་པའི་ཆེན་པོ་ཧཱན་གུར་གྱི་བཙུན་པ་ཕཱ་ཧྱིན་གྱིས་འཕགས་པའི་ཡུལ་དུ་འགྲིམས་པའི་རྣམ་ཐར་རྒྱལ་བསྟན་འབྱུང་ཁུངས་ཀུན་གསལ་འཕྲུལ་གྱི་མེ་ལོང་ལས[5]། སངས་རྒྱས་ཤཱཀ་ཐུབ་ཀྱིས་སྔོན་བྱང་སེམས་ཀྱི་གནས་སྐབས་སུ། འདི་ལ་ཀླ་ཀློ་དག་གིས་ཀནྡ་ཧཱ་ར་ཟེར་ཏེ་ཛ་ལནྡྷ་རའི་གནས་སོ། །ཡུལ་འདིར་མགོ་བོས་སྦྱིན་པ་བཏང་བས། འདི་ནི་བྲུ་ཤ་ཕུ་ར་ཞེས་པ་སྟེ། ཐང་ཟིང་གིས་ཐོགས་མེད་སྐུ་མཆེད་དང་། དགྲ་བཅོམ་པ་ཆོས་སྐྱོབ་དང་། རཱ་མ་ཎ་སོགས་ཡུལ་འདིར་འཁྲུངས་པར་བཤད་དོ། །ཞེས་འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་འཁྲུངས་ཡུལ་ནི་མིང་རྙིང་པར་གྷན་དྷ་ར་དང་། དེང་སྐབས་སུའང་པེ་ཤ་ཝར་འབོད་པ་དེ་ཉིད་ཡིན་ཚུལ་གཅིག་མཐུན་དུ་བྱུང་ངོ་།།

བྲུ་ཤ་སི་ལི་དང་། པྲུ་ཤ་པུར། གན་དྷ་རར་ཐོགས་མེད་སྐུ་མཆེད་སྐུ་འཁྲུངས་པ་སྟེ། གན་དྷ་རའམ་གཱནྡྷཱ་ར་ (Gandhara) ཞེས་པ་ནི། ཡུལ་ས་འཛིན་དང་། ཡུལ་སྤོས་འཛིན། ཁ་ཆེའི་སྤོས་ངད་ལྡན་པའི་གྲོང་། དྲི་ཟའི་གྲོང་ཁྱེར་སོགས་སུ་བསྒྱུར་བར་སྣང་བ་ལས། དྲི་ཟའི་ཡུལ་ཞེས་བསྒྱུར་ན་ལེགས་པར་སེམས་ལ། དེང་སྐབས་པ་ཀི་སི་ཐན་ (Pakistan) ཞེས་པའི་རྒྱལ་ཁབ་ཏུ་ཡོད་པའི་གྲོང་ཁྱེར་པེ་ཤ་ཝར་ (Peshwar) ཞེས་པ་ནི་གནའ་བོའི་དྲི་ཟའི་ཡུལ་ལམ་ཡུལ་ས་འཛིན་ (Gandhara) ཞེས་པའི་རྒྱལ་ས་པུ་རུ་ཥ་པུ་ར་ (Purusapura) སྟེ། སྐྱེས་བུའི་གྲོང་ཁྱེར་ཡིན་པར་བཤད། བྱང་བརྒྱུད་སངས་རྒྱས་ཀྱི་བསྟན་པར་བཀའ་དྲིན་ཆེ་ཞིང་། ལྷག་པར་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཏུ་གྲགས་པའི་ཡ་གྱལ་བྱང་ཆུབ་སེམས་དཔའ་སློབ་དཔོན་ཐོགས་མེད་དང་། ཀུན་མཁྱེན་གཉིས་པ་གཅུང་སློབ་དཔོན་དབྱིག་གཉེན་བཅས་ཐོགས་མེད་སྐུ་མཆེད་གཉིས་སྐུ་འཁྲུངས་པའི་གྲོང་ཁྱེར་ཡིན་པར་བཤད།

དེ་ལྟར་ཐོགས་མེད་སྐུ་མཆེད་རྣམ་གཉིས་གན་དྷ་རའི་ཡུལ་དུ་འཁྲུངས་པར་གསལ་བ་ལྟར་ན། ཐོགས་མེད་སྐུ་མཆེད་རྣམ་གཉིས་འཁྲུངས་ཡུལ་དེ་ཉིད་དེང་གི་པ་ཀི་སྠན་གྱི་མངའ་ཁོངས་སུ་ཡིན་པར་འདོད་པ་སྟེ། མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་ལས[6]། ཏག་ཤི་ལ་ནས་རི་ལི་ (མེ་འཁོར་) བརྒྱུད་དེ་ནུབ་ཏུ་སོང་ན་པེ་ཤྭ་ཝར་ཡང་མི་རིང་། དེ་ནི་ཐོགས་མེད་སྐུ་མཆེད་འཁྲུངས་གནས་ཡིན། ཞེས་དང་། མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས་[7]ཀྱང་། རྡོ་འཇོག་ནས་ནུབ་ཏུ་པིས་ཤ་ཝར་གྱི་གྲོང་ཡང་ཐག་ཆེར་མི་རིང་། འདི་ཐོགས་མེད་སྐུ་མཆེད་འཁྲུངས་ས་ཡིན་ཅེས་ཁོང་ཚོའི་མཁས་པ་འགའ་ཞིག་ཟེར། འདིའི་མིང་ལ་སྔོན་པིཥྐརཝཏི་ཟེར་ཞིང་། རྒྱལ་པོ་ཀ་ནིཥྐས་རྒྱལ་སར་བྱས། ཀཎནཀའི་མཆོད་རྟེན་གྱི་ཤུལ་ཡང་དེ་དང་ཉེ་བར་ཡོད། འབྲུག་པ་པད་དཀར་དགུང་ལོ་གཞོན་དུས་དགེ་སློང་ལྔ་བོད་དུ་སླེབས་པ་པིཥྐར་ཝ་ཏི་ནས་ཡིན་ཅིང་། རྒྱ་གར་ནུབ་ན་ད་དུང་བསྟན་པ་ཡོད་ཅེས་སྨྲས་འདུག་ཅིང་། ད་ལྟའི་ལོ་ ༣༠༠ གྱི་སྔར་ད་དུང་ཡང་སིནྡྷུའི་ཡུལ་ན་ནང་པ་མང་དུ་ཡོད་པ་ཡིན་ཅེས་ཁོང་རྣམས་ཀྱང་ཟེར་ཏེ། ཀླ་ཀློའི་ཆབ་འོག་ཏུ་དེ་ཙམ་བརྟན་ཐུབ་པ་ཤིན་ཏུ་ངོ་མཚར་བར་སྣང་། ཞེས་གསལ་ལ། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[8]། ཧྱན་ཙང་གི་རྒྱ་གར་ལམ་ཡིག་ཏུ་སློབ་དཔོན་དབྱིག་གཉེན་གནྡྷཱ་རའི་པུཥྐ་ར་ཝ་ཏཱིར་ (Puskaravati of Gandhara) བལྟམས་ཤིང་། རྒྱལ་པོ་ཀ་ནིཥྐས་ (Kaniska) དགེ་འདུན་གྱི་གཙུག་ལག་ཁང་ (Sangharoama) བཞེངས་ཡོད་པའི་ངོས་གཅིག་ཏུ་བཞུགས་ནས་མངོན་པ་མཛོད་བརྩམས་པར་གསལ་བ་དང་། ལོ་ཆེན་དོན་དམ་པས་མཛད་པའི་དབྱིག་གཉེན་གྱི་རྣམ་ཐར་དུ་ཡང་སློབ་དཔོན་དབྱིག་གཉེན་པུ་རུ་ཥ་པུ་རར་འཁྲུངས་ཏེ་ཨ་ཡོ་དྷྱཱ་ལ་མངོན་མཛོད་བརྩམས་པ་དང་། རྒྱལ་པོ་ཝི་ཀྲ་མཱ་དི་ཏྱས་ཞབས་ཏོག་བསྒྲུབས་པར་གསལ་བས་ན། སློབ་དཔོན་དེ་གཉིས་ཀྱི་འཁྲུངས་ཡུལ་གན་དྷཱ་ར་ཡིན་པར་དོགས་པ་མེད་དོ། །ཞེས་ཐང་ཙན་ལམ་ཡིག་ཏུ་པོ་ཤ་ལུ་ལོ་ (Po-la-sha-pu-lo,布路沙布邏) དང་། བཙུན་པ་ཧྥ་ཤན་གྱི་ལམ་ཡིག་ཏུ་ (Purusha) ལ། ཧྥོ་ལོ་ཤ་ (Fou-lou-sha,弗樓沙) ཞེས་ཡི་གེ་མ་དག་པའམ་སྒྲ་ཇི་བཞིན་མ་ཐོན་པ་ལྟ་བུ་འཁོད་ཡོད། གཞན་ཡང་དེབ་སྔོན་གསར་མ་ལས[9]། སེམས་ཙམ་པའི་སློབ་དཔོན་ཐོགས་མེད་ (395-470) དང་། དབྱིག་གཉེན་ (400-480) གཉིས་རྒྱ་གར་བྱང་ཕྱོགས་ཀྱི་གན་དྷ་རར་ (Gandgara) སྐུ་བལྟམས་ཏེ་རྒྱ་གར་དབུས་ཀྱི་སྦས་པའི་རྒྱལ་ས་ཨ་ཡོ་དྷ་ཡཱ་ (Ayodhya) ལ་བསྟན་འགྲོར་སྨན་པའི་མཛད་འཕྲིན་རྒྱས་སོ། །ཞེས་གསལ་བ་ལྟར་རོ།།

(གནྡྷཱ་ར་དང་། ཐོགས་མེད་སྐུ་མཆེད་འཁྲུངས་ཡུལ་པ་ཀི་ས་ཐན་གྱི་པིས་ཤྭ་ཝ་སོགས་ཀྱི་ས་ཁྲ།)

ཡུལ་དེ་ཉིད་དེང་སྐབས་གང་དུ་ཡོད་པ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[10]། རྒྱལ་སའི་གྲོང་ཁྱེར་པུརུ་ཥཔུར་བྱ་བ་དེང་སང་རྒྱ་གར་ནུབ་ཀྱི་མཐར་གནས་པའི་གྲོང་ཁྱེར་པིཥར་བྱ་བ་བྱས། ཡུལ་འདིར་ཐོགས་མེད་མཆེད་གཉིས་འཁྲུངས་པ་རྒྱའི་བཙུན་པ་ཝེན་ཚག་གིས་གསུངས། ཞེས་གསལ་བ་ལྟར། འཕགས་པ་ཐོགས་མེད་ནི་དེང་གི་པཱ་ཀི་སི་ཐན་ (Pakistan) རྒྱལ་ཁབ་ཀྱི་པི་ཤ་ཝར་ (Peshawar) དུ་རྒྱལ་རིགས་སུ་སྐུ་འཁྲུངས་ཤིང་། ལེགས་སྦྱར་སྐད་དུ་གནའ་བོའི་དུས་སུ་ཡུལ་དེར་པུ་རུ་ཤ་པུར་ (Purusapura) ཞེས་སུ་འབོད་ལ། བོད་སྐད་དུ་སྐྱེས་པའི་གྲོང་དང་། མེ་ཏོག་གི་གྲོང་ཞེས་པའི་གོ་དོན་གཉིས་སུ་སྣང་ཞིང་། ཡང་པི་ཤ་ཨ་ཝར་དྷིན་ (Pesh-Awardan) ཏེ་གྲོང་ཁྱེར་དང་པོ་ཞེས་པ་ཟུར་ཆག་སྟེ་པི་ཤ་ཝར་དུ་འགྱུར་བར་ཡང་བཤད་ལ། གྲོང་ཁྱེར་དང་པོ་ཞེས་བརྗོད་དོན་ཡང་། ཕྱི་ལོའི་གོང་གི་དུས་རབས་ལྔ་པ་ནས་པི་ཤ་ཝར་ས་གནས་སུ་གྲོང་སྡེ་ཆགས་ཡོད་པ་ནི། ལྷོ་ཨེ་ཤ་ཡ་དང་དབུས་ཨེ་ཤ་ཡའི་གྲོང་ཁྱེར་ལ་སྔ་བ་དེ་ཉིད་ཡིན་པས་ན་མིང་དེ་ལྟར་དུ་བཏགས། གྲོང་སྡེ་དང་པོ་དེ་བཞིན་ས་ཁུལ་དེའི་གཙང་འགྲམ་དུ་ཆགས་ཡོད་པས་གཙང་འགྲམ་གྲོང་ཞེས་ཀྱང་བྱ། འདི་ནི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་འཕགས་པ་ཐོགས་མེད་འཁྲུངས་ཡུལ་གྱི་མིང་གི་རྣམ་གྲངས་སོ།།

རྒན་གྱའི་དཀོན་མཆོག་རྒྱ་མཚོས་བརྩམས་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་དྲང་སྲོང་ཤུལ་ལམ་ལས[11]། ཐང་སན་ལམ་ཡིག་དང་དགེ་ཆོས་ཀྱི་གནས་ཡིག་ལྟར་ན་པུ་ཤ་པུ་ར་སྟེ། དེང་སང་པ་ཀི་སི་ཐན་གྱི་གྲོང་ཁྱེར་པིས་ཤྭ་ཝར་ (Peshawar) འབོད་པ་དེར་འཁྲུངས་པར་བཤད། ཅེས་གསལ་བ་ལྟར་འཕགས་པ་ཐོགས་མེད་དེང་གི་པ་ཀི་སྠན་གྱི་མངའ་ཁོངས་གྷནྡྷྭ་ར་[12]ཡུལ་གྱི་དེང་གི་པིས་ཤྭ་ཝར་ཞེས་གྲགས་པའི་ཡུལ་དུ་འཁྲུངས་པར་གསལ་མོད། ལོ་ཆེན་གཞོན་ནུ་དཔལ་ཀུ་མ་ར་ཇི་བས་ (344-413) རྒྱ་ཡིག་ཏུ་བསྒྱུར་བའི་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[13]། དེ་གཉིས་ཀྱི་འཁྲུངས་ཡུལ་ནི་ཡུལ་དབུས་མ་ག་དྷ་ཡིན། ཞེས་བྱུང་བ་ལྟར་འཁྲུངས་ཡུལ་ཐད་མི་མཐུན་ལ། རིགས་ཀྱི་ཆ་ནས་ཀྱང་ཀུ་མ་ར་ཇི་བས་ཐོགས་མེད་སྐུ་མཆེད་གཉིས་བྲམ་ཟེའི་རིགས་ཡིན་ལ། དེའི་དབང་གིས་ཆུང་དུས་ནས་བྲམ་ཟེའི་ཆོས་ལུགས་ལ་སློབ་གཉེར་མཛད་ཚུལ་གསུངས་མོད། འོན་ཀྱང་བོད་ཀྱི་ཆོས་འབྱུང་ཁག་ཏུ་ཐོགས་མེད་རྒྱལ་རིགས་ཡིན་པར་གསལ་ལ། དེ་བས་ཀུ་མ་ར་ཇི་བ་དང་ཐོགས་མེད་སྐུ་མཆེད་དུས་མཉམ་ཡིན་པར་མ་ཟད། ལྷག་པར་ལོ་ཆེན་གཞོན་ནུ་སྲོག་དང་། ཐང་སན་བླ་མ་གཉིས་ནི་ཐོགས་མེད་སྐུ་མཆེད་གཉིས་དང་དུས་སྐབས་ཉེ་ཤོས་ཀྱི་གལ་ཆེའི་སྐྱེས་བུ་དམ་པ་གཉིས་ཡིན་པས་ཁོང་གཉིས་ཀྱིས་མཛད་པའི་རྣམ་ཐར་ལྟ་བུ་བར་ཐག་ཉེ་བའི་ལོ་རྒྱུས་ཤིན་ཏུ་རྙེད་དཀའ་ཡང་། ད་དུང་རྒྱ་བོད་ཀྱི་ཡིག་ཆར་གསལ་བ་ལས་གང་ཞིག་བདེན་མིན་བརྟག་དགོས་སོ།།

གཞན་ཡང་དགྲ་བཅོམ་དགེ་འདུན་འཕེལ་གྱི་ལུང་བསྟན་ལས[14]། རྒྱལ་མོ་དེ་ནད་ཀྱིས་ཐེབས་པའི་ཚེ་བདག་ཉིད་མི་འཚོ་བར་ཚོར་ནས་རྒྱལ་པོ་ལ་ཁ་ཆེམས་སུ་བདག་གུམ་ན་བདག་གི་ནོར་རྫས་རིལ་གྱིས་དགེ་འདུན་ལ་འབུལ་བར་ཅི་གནང་ཞེས་གསོལ་ནས་རྒྱལ་པོས་ཀྱང་གནང་སྟེ། བཙུན་མོའི་རྫས་ཐམས་ཅད་དགེ་འདུན་ལ་འབུལ་ཞིང་། དེས་རྒྱ་གར་གྱི་ཡུལ་གན་དྷ་ར་ཞེས་བྱ་བར་འགྲོ་བའི་རྫས་བྱས་ནས་འགྲོ་བར་འགྱུར་རོ། །དེའི་ཚེ་བོད་ཡུལ་གྱི་དགེ་སློང་རྣམས་ཀྱང་ཡི་ཆད་ནས་ཉི་འོག་གི་དགེ་སློང་རྣམས་དང་གྲོས་གཅིག་ཏུ་བྱས་ནས་ལྷན་ཅིག་ཏུ་འགྲོ་བར་འགྱུར་རོ། །སྐྱེ་བོ་དང་རྩོད་པའི་དུས་དེའི་ཚེ་རྒྱ་ཡུལ་གྱི་དགེ་སློང་རྣམས་ཀྱང་ཤིན་ཏུ་སྡུག་བསྔལ་བས་གཟིར་ནས་ཡུལ་གན་དྷ་རར་འགྲོ་བར་འགྱུར་རོ། །དེ་ལྟར་དོང་བ་དང་དགེ་སློང་དེ་དག་ཐམས་ཅད་ཡུལ་གན་དྷ་རར་འགྲོ་བའི་ལམ་ཁར་ཕྲད་པར་འགྱུར་རོ། །ཞེས་སོགས་གསལ་བ་ལྟར་གན་དྷ་ར་ནི་སྐབས་དེར་རྒྱ་གར་འཕགས་ཡུལ་དུ་ཡིན་པར་གསུངས་པ་ལྟར་ལོ་རྒྱུས་ཀྱི་འཕོ་འགྱུར་ལས་ད་ལྟའི་ཆར་པ་ཀི་སི་ཐན་གྱི་མངའ་ཁོངས་སུ་ཚུད་ཡོད།

འཕགས་པ་དམ་པའི་ཆོས་དྲན་པ་ཉེར་བར་གཞག་པ་ལས་[15]ཀྱང་། གན་དྷ་ར་ཞེས་བྱ་བའི་ཡུལ་མཐའ་སྐོར་དང་བཅས་པ་རྣམས་ལ་དཔག་ཚད་བརྒྱ་ཡིན་ནོ། །ཞེས་རྒྱ་ཁྱོན་ཇི་ཙམ་ཡོད་པ་གསལ་ལ། ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[16]། ཐོགས་མེད་ཀྱི་འཁྲུངས་ཡུལ་ནི་སྐྱེས་བུའི་གྲོང་སྟེ། དེང་སང་པེཤཱཝར་ཞེས་གྲགས་པ་དེ་ཡིན་ཅིང་། དེ་ནི་རྡོ་འཇོག་ (Taxila) དང་ཉེ་བར་ཡོད་པ་དང་། དེང་སང་པཱཀིསྟན་ལ་ཡོད་པ་ཡིན། ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༩

[2]  འཛམ་གླིང་རྒྱས་བཤད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༡༤

[3]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༧༠

[4]  ཧྥ་ཤཱན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༢༠

[5]  བློ་བཟང་རྟ་དབྱངས་ཀྱི་གསུང་འབུམ། ༼ཀ༽ གླེགས་བམ་གཟུགས། ལྡི་ལིའི་པར་མ། ༡༩༧༥ ཤོག་གྲངས་ ༡ན༣

[6]  རྒྱ་གར་གྱི་གནས་སྐོར་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༨༡

[7]  དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༡༡༦

[8]  དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༤༠༢

[9]  དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༣༦༩

[10]  དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༣༡༥

[11]  བྱང་ཆུབ་ལམ་རིམ་ཆེན་མོའི་བརྗེད་བྱང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་གྲངས་ ༣༢

[12]  ཕྱི་ལོའི་བརྒྱ་ཕྲག་དང་པོའི་ཡས་མས་སུ་སྟོན་པའི་སྐུ་བརྙན་བྱོན་ལེགས་བཞེངས་མཁན་མང་དུ་བྱུང་བ་ལས། སྐབས་དེར་གྷི་རིག་སིའི་ཡུལ་དུ་སྐུ་བརྙན་བཞེངས་སྲོལ་གྱི་ལག་རྩལ་ཕུལ་དུ་བྱུང་བའི་དུས་སྐབས་ཤིག་ཡིན་པར་བརྟེན། རྒྱ་གར་འཕགས་ཡུལ་གྱི་སྐུ་བརྙན་བཞེངས་པའི་ལག་རྩལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། རྒྱ་གར་ནང་སྐུ་བརྙན་བཞེངས་པའི་ལག་རྒྱུན་གཙོ་བོ་གཉིས་ཡོད་པ་སྟེ། གནྡྷཱ་རའི་ལུགས་དང་། མ་ཐུ་རཱའི་ལུགས་གཉིས་སུ་བྱུང་བ་ལས། གནྡྷཱ་རའི་ལག་རྒྱུན་ལ་གྷི་རིག་སིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་བས་སྐུ་བརྙན་རྣམས་གསོན་ཉམས་ལྡན་ཞིང་། ཧ་ཅང་བྱོན་ལེགས་པར་མ་ཟད། ན་བཟའ་འཇོལ་རིང་བསིལ་ལྷམ་བཞེས་པའི་རིགས་བཞེངས་པ་དང་། མ་ཐུ་རཱའི་ལག་རྒྱུན་གྱི་སྐུ་བརྙན་རྣམས་རྒྱ་གར་ཧིན་དྷུའི་ལྷ་དང་འདྲ་ཤས་ཆེ་བ་ཡོད་པ་སྟེ། པད་གདན་སྟེང་དུ་བཞུགས་ཤིང་། རས་ཀྱི་ན་བཟའ་ཕུ་མེད་བཞེས་པ་བཞེངས་སྲོལ་བྱུང་བར་གྲགས་སོ།།

[13]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞི་གདོང་དྲུག་སྙེམས་བློས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥།༣ ཤོག་ ༡༣༧

[14] བསྟན་འགྱུར་དཔེ་བསྡུར་མ། སྤྲིང་ཡིག ༼ངེ༽ དེབ་ཨང་། ༩༦ པ། ཤོག་གྲངས་ ༡༠༣༩

[15]  བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཤ༽ དེབ་ཨང་། ༧༡ པ། ཤོག་གྲངས་ ༤༤༦

[16]  རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧༥ ནས་ ༤༨༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *