ཀུ༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་སྙིང་བསྡུས།
ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་རིགས་སུ་འཁྲུངས། །
རྣམ་གནོན་ལ་སོགས་བསྟན་བདག་པཎྜི་ཏ། །
སྒྲོལ་མའི་ལུང་བཞིན་བོད་ཀྱི་བསྟན་འགྲོ་བསྐྱངས། །
ཟབ་རྒྱས་གདམས་པའི་མཛོད་འཛིན་ཇོ་བོར་འདུད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ (Dīpaṃkara Śrījñāna) འམ། ཨ་ཏི་ཤ་ (आतिश,) (Atisha) དང་། རྒྱའི་སྐད་དུ་ (阿底峽) བོད་སྐད་དུ་དཔལ་མར་མེ་མཛད་ཡེ་ཤེས་སམ་ཇོ་བོ་རྗེ་ཞེས་ཞུ་ཞིང་།
རྒྱ་གར་ཤར་ཕྱོགས་བྷང་གྷ་ལར་ཟ་ཧོར་གྱི་རྒྱལ་པོ་དགེ་བ་དཔལ་དང་། ཡུམ་དཔལ་མོ་འོད་ཟེར་ཅན་གྱི་སྲས་སུ་ཕྱི་ལོ་ ༩༨༢ ལོར་སྐུ་འཁྲུངས་ཤིང་། དགུང་ལོ་བཅུའི་རིང་ཕྱི་ནང་གི་སྒྲ་ཚད་སོགས་ལ་སློབ་གཉེར་མཛད། རྒྱལ་སྲིད་སྤངས་ཏེ་དགུང་ལོ་ཉེར་དགུར་རྡོར་གདན་མཧཱ་བོ་དྷིའི་གཙུག་ལག་ཁང་དུ་བླ་མ་དྷརྨ་རཀྵི་ཏ་ལས་རབ་ཏུ་བྱུང་། གསེར་གླིང་པ་སོགས་བླ་མ་སོ་བཞི་ཙམ་བསྟེན་ནས་སྡེ་སྣོད་གསུམ་ལ་མཁས་པར་གྱུར་ཏེ་པཎྜི་ཏ་ཆེན་པོའི་མཚན་སྙན་ཐོབ། ནཱ་ལེནྡྲ་དང་བི་ཀྲ་མ་ཤཱི་ལ་ཨོ་ཏནྟ་པུ་རི་བཅས་ཀྱི་མཁན་པོའི་མཛད་འགན་བཞེས། ཆོས་ཕྱིར་ཨོ་རྒྱན་དང་། གསེར་གླིང་སོགས་སུ་བྱོན། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་གདན་དྲངས་ཏེ་ཕྱི་ལོ་ ༡༠༤༠ ལོར་བོད་དུ་ཕེབས་ཏེ་བསྟན་པར་དག་ཐེར་རྨད་དུ་བྱུང་བ་མཛད། བོད་དུ་ལོ་ ༡༥ ཙམ་བཞུགས་རིང་འཆད་ཉན་གྱི་འཕྲིན་ལས་སྤེལ་ཞིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་སློབ་མ་རྒྱ་བོད་གཉིས་ན་བསམ་གྱིས་མི་ཁྱབ་ཀྱང་། རྒྱ་གར་ན་ཐུན་མོང་མ་ཡིན་པའི་སྲས་ལྔ་ནི། པཎྜི་ཏ་བི་ཏོ་པ། དབུ་མ་སེངྒེ་། བཤེས་གཉེན་གསང་བ། ཛྙཱ་ན་མ་ཏི། པཎྜི་ཏ་སའི་སྙིང་པོ་ལ་སོགས་པ་བསྟན་འཛིན་གྱི་སྐྱེས་བུ་མང་དུ་བསྐྱངས། བོད་དུ་ཁུ་རྔོག་འབྲོམ་གསུམ་དང་། འགོས་ལོ་སོགས་མཁས་མཛངས་ལྡན་པའི་སློབ་མ་མང་དུ་བསྐྱངས། ལམ་སྒྲོན་སོགས་བསྟན་བཅོས་ ༢༠༥ ལྷག་མཛད་པར་མ་ཟད། འགྱུར་གཞུང་ཡང་ ༦༦ ཙམ་བཞུགས། མཐར་དགུང་ལོ་དོན་གསུམ་བཞེས་པ་ཕྱི་ལོ་ ༡༠༥༤ ལོའི་བོད་ཟླ་ ༩ ཚེས་ ༡༨ ཉིན་སྙེ་ཐང་དུ་སྐུ་གཤེགས་པ་བཅས་སོ།། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༣ ནས་ ༤༡༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།