ཡ༽ ཇོ་བོས་ལྷ་ལྡན་ཆོས་ཀྱི་ཞིང་དུ་འགྲོ་དོན་མཛད་ཚུལ།

ཡ༽ ལྷ་ལྡན་ཆོས་ཀྱི་ཞིང་དུ་འགྲོ་དོན་མཛད་ཚུལ།

 

དེ་ཡང་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་པ་སུམ་ཅུ་པ་ལས[1]།

ལྷ་སར་ལྷ་ཡི་རོལ་མོ་བསྒྲགས་པ་ལས། །

མྱུར་བར་བྱོན་ནས་བར་ཁང་ལྷ་ཚོགས་ལ། །

ཕྱག་རྟེན་ཕུལ་ནས་མཁའ་ལ་བསྐོར་བ་མཛད། །

རྫུ་འཕྲུལ་མངོན་ཤེས་མངའ་ལ་གསོལ་བ་འདེབས། །

ཞེས་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[2]། དབུས་ཀྱི་ཕྱོགས་སུ་ལེགས་པར་བཞུགས་པའི་ཚེ། །ཡི་དམ་སངས་རྒྱས་དཔག་ཡས་ནམ་མཁར་གཟིགས། །སྤྱན་རས་གཟིགས་ཀྱི་དངོས་སུ་སྣང་བ་མཛད། །མི་བསྙེལ་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[3]ཀྱང་། དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་ས་འཕྲུལ་སྣང་དུ་སྤྱན་དྲངས། བསུ་བ་མཛད་པའི་དུས་སུ་ཇོ་བོ་ཐུགས་རྗེ་ཆེན་པོས་ཀྱང་བསུ་བ་མཛད་དེ། མི་རེང་སྐྱ་བོ་ཞིག་བྱུང་ནས། མཧཱ་པཎྜི་ཏ་བྱོན་པ་ལེགས་སོ། །རྒྱལ་བར་གྱུར་ཅིག་གསུངས་ནས་བཞུད་པས། ཇོ་བོས་ཆིབས་ལས་བབས་ཏེ་བརྒྱུགས་པས་མ་ཟིན། དེ་ལྟར་མཛད་པ་ཅི་ལགས་ཞུས་པས། ཁྱེད་ཀྱིས་མི་རེང་སྐྱ་བོ་དེ་མཐོང་ངམ་གསུངས། མཐོང་ལགས་ཞུས་པས། དེ་ངའི་ཡི་དམ་ཐུགས་རྗེ་ཆེན་པོ་ཡིན། ཕྱག་བྱ་བར་འདོད་ནས་བརྒྱུགས་པས་མ་ཟིན་གསུང་། འཕྲུལ་སྣང་གི་ཐུགས་རྗེ་ཆེན་པོ་འདི་ལས་ངོ་མཚར་ཆེ་བ་མེད། ཐུགས་རྗེ་ཆེན་པོ་དངོས་ཡིན་གསུང་།

ཇོ་བོ་ཤཱཀྱ་མུ་ནེ་གཟིགས་པས་སྤྲུལ་པའི་སྐུ་དངོས་ཡིན་གསུངས་ནས་རྒྱ་གར་གྱི་ལྷ་བཟོ་བ་མཁས་པ་གཅིག་ལ་འདི་ཁོ་ན་འདྲ་བ་ཞིག་བཞེངས་ཤིག་གསུངས་ནས་བཞེངས་སུ་བཅུག །ཆོས་རྒྱལ་བྱང་ཆུབ་སེམས་དཔའ་དེས་སྤྲུལ་པའི་གཙུག་ལག་ཁང་ཆེན་པོ་འདི་ལྟ་བུ་བཞེངས་པའི་ལོ་རྒྱུས་ཤིག་འོང་ངམ་སྙམ་དུ་དགོངས་པའི་ཚེ། སྤྲང་མོ་སྨྱོན་མ་བྱ་བ་གཅིག་ན་རེ་གཙུག་ལག་ཁང་འདི་ཇི་ལྟར་བཞེངས་པའི་ལོ་རྒྱུས་འཚལ་ལམ་ཟེར། དེ་རང་བཞིན་གྱི་རྣལ་འབྱོར་མར་མཁྱེན་ནས་ཡིད་ཀྱིས་ཕྱག་དང་མཆོད་པ་བྱས་ནས་ཅིས་ཀྱང་འཚལ་ལགས་ཞུས་པས། འོ་ན་ཀ་བ་བུམ་པ་ཅན་ནས་འདོམ་ཕྱེད་དང་གསུམ་གཞལ་བའི་ས་ན་ཡོད། གཞན་ལ་མ་སྨྲ་ཞིག་གསུང་། དེ་ཇོ་བོས་རྙེད་པས་གཏེར་སྲུང་གཉན་པོ་ཞིག་འདུག་པ་ན་རེ། དེ་རིང་ཇི་ཙམ་ཟིན་པ་ཞིག་འདྲིར་གནང་གི་ཟེར་བས། རྣལ་འབྱོར་པས་དབུ་མཛད་སྟོན་པ་བཞི་གས་བྲིས་པས་ལྷག་བག་ཙམ་ཞིག་ལུས་གསུང་ངོ་། །དོན་འདི་ལ་དགོངས་ནས་ཇོ་བོའི་བསྟོད་པ་སུམ་ཅུ་པ་ལས།

གང་དུ་རྒྱལ་པོས་བཀའ་ཆེམས་གཏེར་དུ་སྦས། །

མཁའ་འགྲོས་གཏེར་ཁ་ཕྱེ་ནས་ཁྱོད་ལ་བསྟན། །

ཤཱཀྱ་མུ་ནེའི་འཇའ་ས་ཁྱོད་ཀྱི་དྲིན། །

ཇོ་བོ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །

ཞེས་གསུངས། ལྷ་སར་དགུན་གཅིག་བཞུགས། ཆོས་ཀྱང་དེར་གསུངས་པ་རྣམས་ཟབ། གཞན་ཡང་རྟགས་ཁྱད་པར་དུ་འཕགས་པ་མང་པོ་བྱུང་གསུང་། དེའི་དབྱར་རྡོག་བྱང་ཆུབ་འབྱུང་གནས་ཀྱིས་སྤྱན་དྲངས་ནས་ཡེར་པར་བཞུགས། འགྲོ་བའི་དོན་རྒྱ་ཆེར་མཛད། ཀ་བ་ཤཱཀྱ་དབང་ཕྱུག་གིས་འཕན་ཡུལ་དུ་སྤྱན་དྲངས།

༼འཕན་པོ་ལན་པ་སྤྱིལ་བུའི་རྗེས་ཤུལ་གྱང་རོ།༽

ལན་པ་སྤྱིལ་བུར་བཞུགས་ཆོས་མང་དུ་གསུངས། དེ་ནས་ཡེར་པར་བྱོན། དེའི་དུས་སུ་བང་སྟོན་གྱིས་སྤྱན་འདྲེན་བྱུང་སྟེ་ཕྱིར་ལམ་ལྷ་ས་བརྒྱུད་སྙེ་ཐང་དུ་ཕེབས། དེའི་ཚེ་འབྲོམ་རིན་པོ་ཆེས་དུས་གསུམ་གྱི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་པོ་ཆེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེའི་དགོངས་དོན་བྱང་ཆུབ་ལམ་གྱི་རིམ་པའི་དཀའ་གནད་རྣམས་ལ་ཉིན་མཚན་ཀུན་ཏུ་དྲི་གཏུགས་ནར་མར་མཛད་ཅིང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཇི་ལྟ་བར་ལྷ་མི་བགྲང་བ་ལས་འདས་པ་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་ན་དཀར་ཕྱོགས་ཀྱི་ལྷ་རྣམས་དགའ་ཞིང་མགུ་ནས་མཆོད་ཅིང་བསྙེན་བཀུར་བ་དང་། ཆེད་དུ་བརྗོད་པའི་དབྱངས་རྒྱ་ཆེར་བསྒྲགས་ཤིང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་རིན་པོ་ཆེ་སྣ་ལྔའི་མེ་ཏོག་གི་ཆར་པ་ཕབ་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །ཞེས་གསུངས་པ་ལྟར་རོ།།

མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[4]། ས་བྱི་ཕྱི་ལོ་ ༡༠༤༨ ཆོས་འབྱུང་འགའ་ཞིག་ལས། ཇོ་བོ་རྗེ་བསམ་ཡས་སུ་བསྟན་རྩིས་མཛད་པར་གསུངས་པ་སྟོད་ལུང་ཇོ་བོ་ཚུལ་ཁྲིམས་འབར་དང་མཚན་ནོར་བ་ཡིན་པར་གསུངས། ཇོ་བོ་རྗེས་ལྷ་ས་གཙུག་ལག་ཁང་གི་ཀ་བའི་གསེབ་ནས་བཀའ་ཆེམས་ཀ་ཁོལ་མ་དང་། བློན་པོས་བཀོད་པའི་ཟླ་བ་འདོད་འཇོ། བཙུན་མོས་བཀོད་པའི་དར་དཀར་གསལ་བ་རྣམས་གཏེར་ནས་བཞེས་ཞེས་གསལ་ལ། ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[5]། ས་བྱི། འདི་ཙམ་ན་ཇོ་བོ་ཨ་ཏི་ཤས་ལྷ་སའི་ཇོ་ཁང་ནས་བློན་པོས་བཀོད་པའི་ལོ་རྒྱུས་ཟླ་བ་འདོད་འཇོ། བཙུན་མོས་བཀོད་པའི་དར་དཀར་གསལ་བ། སྲོང་བཙན་རང་གིས་བཀོད་པའི་བཀའ་ཆེམས་ཆེན་མོ་ཀ་ཁོལ་མ་རྣམས་གཏེར་ནས་བཏོན། ཞེས་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས་གསུངས་ལ། གངྒཱར་ཟླ་བ་འདོད་འཇོ་ཞེས་བྲིས་སྣང་། ཞེས་གསལ་ལོ།།

གཞན་ཡང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ (1738-1780) ཀྱིས་མཛད་པའི་ལམ་རིམ་ཆེན་མོའི་བཤད་ལུང་རྒྱས་པར་གནང་སྐབས་གཞུང་གི་རྩ་ཚིག་ལ་མི་གསལ་བའི་གསུང་བཤད་རྣམས་ཀྱི་ཟིན་བྲིས་ལེགས་བཤད་རྒྱ་མཚོ་ལས[6]། ཇོ་བོ་ཆེན་པོ་ལྷ་ས་དང་། བསམ་ཡས་སོགས་སུ་བཞུགས་སྐབས་ནས་ཀྱི་འབུལ་བ་ཚན་ཆེར་བྱུང་བ་རྣམས། སང་ནང་པར་ནས་རྡོག་གཅིག་ཀྱང་མེད་པར་གྱུར་པའི་སྐབས་སུ། འབྲོམ་རིན་པོ་ཆེས་འདི་ལྟར་གྱུར་པ་གང་ལགས་ཞུས་པས། ཇོ་བོའི་ཞལ་ནས་ཁོ་བོ་སྦྱིན་པ་གཏོང་བ་ལ་མཁས་པ་ཡིན་གསུང་བ་སོགས་ཀྱི་རྟོགས་བརྗོད་གསུངས། ཞེས་ངོ་མཚར་བའི་རྣམ་ཐར་ཡང་བྱུང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྩོམ་ཡིག་གསེར་གྱི་སྦྲམ་བུ། ༼༡༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་ ༨༡ ནས་ ༨༥ བར།

[2] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།

[3] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[4] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༩

[5] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༥༩

[6] དཔལ་ལྡན་ཡེ་ཤེས་ཀྱི་གསུང་འབུམ། པོད། ༼ཏ༽ ལམ་རིམ་ཟིན་བྲིས། ཤིང་དཔར། ཤོག་གྲངས་ ༢༥ན༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༣ ནས་ ༢༥༧ བར་གསལ་བ་ལས་བཏུས་པའོ།།

 

Leave a Reply

Your email address will not be published. Required fields are marked *