གཉིས། བཀའ་བསྟན་སྒྲ་སྒྱུར་གྱི་རྣམ་གཞག ཀ༽ སྒྲ་སྒྱུར་དང་ཡིག་སྒྱུར་གྱི་གོ་དོན་དང་ཁྱད་པར།

གཉིས། བཀའ་བསྟན་སྒྲ་སྒྱུར་གྱི་རྣམ་གཞག

ཀ༽ སྒྲ་སྒྱུར་དང་ཡིག་སྒྱུར་གྱི་གོ་དོན་དང་ཁྱད་པར།

 

དེ་ཡང་སྒྲ་སྒྱུར་ཞེས་པ་ནི། མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས[1]། ལེགས་སྦྱར་གྱི་སྐད་ཡིག་ཐོག་བཞུགས་པའི་བཀའ་བསྟན་གསུང་རབ་ཀྱི་བརྗོད་དོན་རྣམས་བོད་ཀྱི་སྐད་ཡིག་ཐོག་ནས་ཀློག་སྐབས་བརྒྱ་ཆ་བརྒྱ་ཐམ་པ་གོ་བ་ཆ་ཚང་ལེན་ཐུབ་པར་བརྟེན། འདི་ལ་བོད་ཀྱི་མེས་པོ་རྣམས་ཀྱིས་སྒྲ་སྒྱུར་ཞེས་མཚན་བཏགས་ཡོད། བོད་ཀྱི་གནའ་བོའི་རིང་ལུགས་ལ་ལུང་དུ་སྟོན་པ་དང་། བརྡ་སྤྲོད་ཀྱི་རིག་གནས་ལ་སྒྲ་རིག་པ་ཞེས་དང་།

དེ་ལ་ལེགས་སྦྱར་ལྷ་ཡི་སྐད་དུ་ཤབྡབིདྱཱ་ཞེས་བརྗོད་ཅིང་། སྒྲ་རིག་པ་ལ་བསླབ་དགོས་ཞེས་བརྗོད་སྐབས་ལེགས་སྦྱར་གྱི་སྐད་ཡིག་སློབ་པ་ལ་དགོངས་པ་བཞེས་མཁན་ཡོད་འདུག་ཀྱང་། སྤྱིར་སྒྲ་རིག་པ་ཞེས་པ་ནི་ཐ་སྙད་རིག་གནས་ལྔའི་ནང་ནས་སྒྲ་རིག་སྟེ་ལུང་སྟོན་པའི་རྣམ་གཞག་རྐྱང་པར་སྒྲ་ཞེས་མི་བརྗོད་ཀྱང་། སྒྱུར་བའི་སྐབས་སུ་སྒྲ་སྒྱུར་དང་དོན་སྒྱུར་ཞེས་ཡོང་གི་ཡོད། ལེགས་སྦྱར་གྱི་སྐད་ནས་རྒྱ་སྐད་ལ་དོན་སྒྱུར་ཡོང་གི་ཡོད་ཀྱང་། སྒྲ་སྒྱུར་ཡོང་གི་མ་རེད་ཅེས་གསུང་སྲོལ་ཡོད། ལེགས་སྦྱར་ནང་གང་ཡོད་ཇི་བཞིན་བོད་སྐད་དུ་བསྒྱུར་ཐུབ་པ་ལྟར། རྒྱ་སྐད་ནང་བསྒྱུར་ཐུབ་ཀྱི་མེད། ལེགས་སྦྱར་དང་རྒྱ་གར་སྐད་ནས་བོད་སྐད་ལ་སྒྱུར་སྐབས་སྒྲ་རང་ཡིན་པ་ལས། སྒྲ་འདི་ཟུར་དུ་བཞག་ནས་ལེགས་སྦྱར་གྱི་སྐད་ནས་རྒྱ་སྐད་ལ་བསྒྱུར་བ་ལྟ་བུ་མིན། དེར་བརྟེན་ང་རང་ཚོའི་སྲོལ་རྒྱུན་གྱི་གསུང་སྟངས་ལ་སྒྲ་སྒྱུར་གྱི་ལོ་ཙཱ་བ་ཞེས་ཞུ་བ་ལས། ཡིག་སྒྱུར་གྱི་ལོ་ཙཱ་བ་ཞེས་ཞུ་མཁན་མེད། ང་ཚོས་བསྒྱུར་བ་ཚང་མ་ཇི་མ་ཇི་བཞིན་སྒྲ་སྒྱུར་རང་རེད། དེས་ན་སྒྲ་སྒྱུར་རྒྱ་གར་གླིང་དང་། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཞེས་མཚན་བཏགས་ཡོད།

ཡིག་སྒྱུར་ཞེས་པ་ནི། སྐད་ཡིག་གཅིག་གི་རྗོད་བྱེད་ཚིག་གིས་བསྟན་པའི་བརྗོད་དོན་རྣམས་སྐད་ཡིག་གཞན་ཞིག་གིས་མཚོན་པའམ་སྟོན་པའི་ཐབས་ཤིག་ལ་བརྗོད་ཅིང་། གཞུང་ལུགས་ནས་གསུངས་པ་ལྟར་ན། ཡིག་སྒྱུར་ནི་ལག་རྩལ་གྱི་རང་བཞིན་དང་། གསར་སྐྲུན་གྱི་རང་བཞིན་མཉམ་སྦྲེལ་བྱས་པའི་ཀླད་ཤུགས་ཀྱི་ངལ་རྩོལ་ཞིག་དང་། ཚན་རིག་དང་སྒྱུ་རྩལ་ཞིག་ཀྱང་ཡིན་པར་གསུངས། དེ་ཡང་ཡིག་སྒྱུར་ཞེས་པ་ནི་སྔར་ཡིག་གཟུགས་གཅིག་ནས་གཅིག་ལ་བྲིས་པ་དེ་ལ་བཀོལ་སྤྱོད་གནང་ཡོད་ལ། ཨིན་སྐད་ལ་ (Transcribe transcription) ཟེར་ཞིང་། དཔེར་ན། ལེགས་སྦྱར་གྱི་སྔགས་ཡིག་རྣམས་བོད་ཡིག་ཏུ་འབྲི་སྐབས་སྒྲ་མི་བསྒྱུར་བར་ཡི་གེ་སྒྱུར་བཞིན་ཡོད། དེ་ཡང་། ཨོཾ་མ་ཎི་པདྨེ་ཧཱཱུཾ། ཞེས་པའི་ཡིག་དྲུག་འདི་ཉིད་ལེགས་སྦྱར་གྱི་སྐད་དམ་སྒྲ་ཡིན་ནའང་གཟུགས་དབྱིབས་དེ་བོད་ཡིག་ཏུ་བྲིས་པར་བརྟེན། དེ་ལ་ཡིག་སྒྱུར་ཞེས་བརྗོད་ན་འགྲིག་པ་དང་། སྐད་ཡིག་གཅིག་ནས་སྐད་ཡིག་གཞན་ཞིག་ལ་བསྒྱུར་དགོས་ཚེ་དེར་སྒྲ་སྒྱུར་ཞེས་བརྗོད། འོན་ཀྱང་སྒྲ་སྒྱུར་མི་ཐུབ་པ་དེ་འདྲའང་ཡོད་པ། དཔེར་ན། ལེགས་སྦྱར་གྱི་སྐད་ནས་རྒྱ་སྐད་དང་ཨིན་སྐད་ནང་ཕལ་ཆེར་སྒྲ་སྒྱུར་ཐུབ་ཀྱི་མེད། དེར་བརྟེན་དོན་སྒྱུར་མ་བྱེད་ཐབས་མེད་ཡིན་ཅིང་། དེ་ལ་སྒྱུར་ཙམ་ལས་སྒྲ་སྒྱུར་ཞེས་པའི་ཐ་སྙད་འཐོབ་མིན་ལ་དཔྱད་པ་བྱེད་དགོས་པ་ཞིག་དང་། ལེགས་སྦྱར་ནང་ཤབྡཱརྠ་ (ཚིག་དོན་) དང་། བྷཱབཱརྠ་ (ནང་དོན་) ཞེས་གཉིས་སུ་འབྱེད་བཞིན་ཡོད། དེར་བརྟེན་སྒྲ་སྒྱུར་མི་ཐུབ་པའི་སྐད་ཡིག་ལ་སྒྱུར་ཙམ་དང་། ཡང་ན་དོན་སྒྱུར་ཙམ་ལ་མི་འཇོག་ཐབས་མེད་ཡིན། འདི་དག་ཁྱེད་རང་ཚོས་དཔྱད་གཞིར་བཟུང་ན་དཔྱད་པ་བྱ་རྒྱུ་ཡོད་པ་ཞིག་དང་། དཔྱད་པ་བྱ་དགོས་པའི་གནས་སྟངས་ཤིག་ཡོད་ཚུལ་གསུངས།

གཞན་ཡང་ཡིག་སྒྱུར་[2]ཞེས་པའི་ཐ་སྙད་འདི་ཡང་བློ་ཆུང་བྱིས་པའི་རང་བཟོ་མིན་ཏེ། ཀན་ལྷོ་རྩོམ་རིག་སྒྱུ་རྩལ་ཚོགས་པས་བསྡུས་པའི་སློབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་མཁས་དབང་ཚེ་ཏན་ཞབས་དྲུང་གིས་འབེལ་གཏམ་གནང་བ་ལས། བོད་ཀྱི་རིག་གཞུང་ནང་གི་མིང་དང་ཐ་སྙད། བརྡ་ཆད་དང་ཚིག་སྦྱོར་ཐམས་ཅད་སྔོན་བྱོན་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ནས་ཤོང་དཔང་ཡབ་སྲས་ལ་ཐུག་གི་བར་གྱིས་ལ་ལ་ཐད་སྒྱུར། ལ་ལ་དོན་སྒྱུར། ལ་ལ་སྒྲ་སྒྱུར། ལ་ལ་ཡིག་སྒྱུར། ལ་ལ་འདོད་རྒྱལ་གྱི་སྒྲ། ལ་ལ་རྗེས་གྲུབ་ཀྱི་སྒྲ་ཅི་རིགས་ཀྱིས་དོན་སྟོན་པར་མཛད། ཅེས་ཡིག་སྒྱུར་དངོས་སུ་བསྟན་ཡོད་པའི་ཕྱིར་རོ། །ཞེས་གསལ་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ལོ་ཙཱ་བ། ས་རཱ་མཐོ་སློབ་གཞོན་ནུ་རུ་ཁག་ནས་པར་སྐྲུན་བྱས། ༢༠༡༥ ལོ། ཤོག་གྲངས་ ༢

[2] ཀྲུང་གོའི་བོད་ཀྱི་ཤེས་རིག །༡༩༩༧ ལོའི་དུས་དེབ་འདོན་ཐེངས་ ༣ པ། ཤོག་གྲངས་ ༤༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༩ ནས་ ༣༧༡ བར་གསལ་བ་ལས་བཏུས་པའོ།།

 

Leave a Reply

Your email address will not be published. Required fields are marked *