གནས་བརྟན་བཅུ་དྲུག་དང་། པཎ་གྲུབ་བཅུ་བདུན།

གནས་བརྟན་བཅུ་དྲུག་དང་། པཎ་གྲུབ་བཅུ་བདུན།

འཕགས་པའི་གནས་བརྟན་བཅུ་དྲུག་ནི། སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་བསྟན་པ་གཉེར་དུ་གཏད་པའི་དགྲ་བཅོམ་པ་བཅུ་དྲུག་སྟེ། དེ་ཡང་དུང་དཀར་ཚིག་མཛོད་ཆེན་མོ་ལས། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ཁར་སྒྲ་གཅན་འཛིན་ལ་སོགས་པའི་དགྲ་བཅོམ་པ་བཅུ་དྲུག་

(༡. གནས་བརྟན་ཡན་ལག་འབྱུང། ༢. མ་ཕམ་པ། ༣. ནགས་ན་གནས། ༤. དུས་ལྡན། ༥. རྡོ་རྗེ་མོའི་བུ། ༦. བཟང་པོ། ༧. གསེར་བེའུ། ༨. བྷ་ར་དྷ་ཛ་གསེར་ཅན། ༩. བ་ཀུ་ལ། ༡༠. སྒྲ་གཅན་འཛིན། ༡༡. ལམ་ཕྲན་བརྟན། ༡༢. བསོད་སྙོམས་ལེན། ༡༣. ལམ་བསྟན། ༡༤. ཀླུའི་སྡེ། ༡༥. སྦེད་བྱེད། ༡༦. མི་ཕྱེད་པ་བཅས།) ལ་འཛམ་བུའི་གླིང་དུ་ངའི་བསྟན་པ་མ་ནུབ་ཀྱི་བར་དུ་ཁྱེད་རྣམས་ཀྱང་མྱ་ངན་ལས་མི་འདའ་བར་ངའི་བསྟན་པ་སྐྱོང་དགོས། ཞེས་བཀའ་ཕབ་པ་ལྟར། ཁོང་རྣམས་ཀྱང་གླིང་བཞི་དང། འཛམ་བུའི་གླིང་གི་བྱ་རྒོད་ཕུང་པོའི་རི་དང། ལོ་མ་བདུན་པའི་རི་ཕུག །ཆུ་བོ་ཡ་མུ་ནའི་གླིང། གངས་རི་ཏི་སེ་སོགས་གནས་མི་འདྲ་བ་བཅུ་དྲུག་ལ་བཞུགས་ནས་བསྟན་པ་དར་སྤེལ་མཛད་པ་ཡིན། ཞེས་བཤད་སྲོལ་དང་། གནས་བརྟན་གྱི་གྲས་སུ་ཡོད་པའི་ཧྭ་ཤང་དེ་ནི་ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐའི་ཙུང་གིས་རྒྱལ་ས་ཁྲང་ཨན་དུ་གནས་བརྟན་བཅུ་དྲུག་དངོས་སུ་གདན་དྲངས་སྐབས་གནས་བརྟན་རྣམས་ལ་སྣེ་ལེན་ཞུ་མཁན་དང་རྒྱུན་དུ་གོང་མའི་ཆོས་གནས་དང། གོང་མའི་སྲས་བརྒྱད་ཀྱི་དགེ་རྒན་དུ་བཞུགས་པ་དེ་ཡིན་པ་དང། གནས་བརྟན་གྱི་གྲས་སུ་ཡོད་པའི་དགེ་བསྙེན་དྷརྨ་ཏཱ་ལ་ནི། དུས་རབས་བཅུ་གཅིག་པའི་འགོར་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་ཕེབས་ནས་བྲག་ཡེར་པར་བཞུགས་སྐབས་ཉིན་གཅིག་གནས་བརྟན་བཅུ་དྲུག་དངོས་སུ་ཕེབས་ཏེ་འབྲོམ་སྟོན་པས་གནས་བརྟན་རྣམས་གསོལ་སྟོན་གྱི་བྱིན་ལེན་ཞུ་མཁན་མཛད་པ་དེ་ཡིན་ཞེས་བཤད་སྲོལ་ཡོད་པ་དང། བོད་ལ་ཧྭ་ཤང་དང་དགེ་བསྙེན་གཉིས་གནས་བརྟན་ཁོངས་སུ་མིང་བགྲང་ཞིང་། རྒྱ་ནག་གི་ལུགས་ལ་ཧ་ཤང་དང་དགེ་བསྙེན་གཉིས་ཀྱང་ནང་གི་རྟོགས་པའི་གནས་ཚད་གནས་བརྟན་རྣམས་དང་མཉམ་པ་ཡོད་པའི་དབང་གིས་གནས་བརྟན་བཅོ་བརྒྱད་ (]]十八罗汉) ཅེས་འདྲེན་པའི་རྒྱུ་མཚན་དེ་ལྟར་ཡིན།

བོད་ཀྱི་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བྲིས་ཐང་དང་། འཇིམ་སྐུ་ནི་ཐོག་མར་དུས་རབས་བཅུ་པའི་མཇུག་ཏུ་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་ཀླུ་མེས་འབྲོམ་ཆུང་མདོ་སྨད་དུ་བཞུགས་པའི་སྐབས་ཤིག་རི་བོ་རྩེ་ལྔ་སོགས་ནང་པའི་གནས་རྟེན་ཁག་མཇལ་བར་ཕེབས་པའི་ལམ་ཞོར་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་ཡུན་རིང་བཞུགས་སྐབས། གོང་དུ་བཤད་པ་ལྟར་ཐང་གི་གོང་མ་མིང་ཙུང་གིས་གནས་བརྟན་བཅུ་དྲུག་དངོས་སུ་གདན་དྲངས་ནས་ཟླ་བ་ཁ་ཤས་བཞུགས་ཏེ་ཕྱིར་ཕེབས་གནང་ཁར་གནས་བརྟན་རྣམས་ལ་ན་བཟའ་མཚོན་བྱེད་དུ་རྒྱ་ལུགས་ཧྭ་ཤང་གི་ཆས་དང་འདྲ་བའི་གོས་ཆེན་ཏིང་ཕོན་མངགས་བཏགས་མ་རེ་ཕུལ་ཏེ། དྲན་རྟེན་དུ་རི་མོ་མཁས་པ་རྣམས་ནས་གནས་བརྟན་རྣམས་ཀྱི་འདྲ་ཐང་རེ་བྲིས་པ་དེ་དངོས་སུ་གཟིགས་པར་བརྟེན་ཀླུ་མེས་ཀྱིས་འདྲ་བཤུས་གནང་ནས་བོད་དུ་བསྣམས་ཕེབས་རྗེས་བྲག་ཡེར་པར་གནས་བཅུ་ལྷ་ཁང་ཞིག་བཞེངས་གནང་སྟེ། འདྲ་ཐང་བཤུས་བྲིས་ལ་མ་དཔེ་བྱས་པའི་གནས་བརྟན་བཅུ་དྲུག་གི་འཇིམ་སྐུ་བཞེངས་པ་གནང་བ་ནི་བོད་དུ་གནས་བརྟན་བཅུ་དྲུག་གི་འཇིམ་སྐུ་བཞེངས་པའི་ཐོག་མ་ཡིན་ཅིང། དེ་ནས་བཟུང་བོད་དུ་རྒྱ་ནག་ཧྭ་ཤང་གི་ཆས་གོས་བཞེས་པའི་གནས་བརྟན་བཅུ་དྲུག་གིས་བྲིས་སྐུ་དང་འབུར་སྐུ་མང་པོ་དར་སྤེལ་བྱུང་སྟེ་དགོན་པ་ཆེ་ཆུང་ཚང་མར་བྲིས་འབུར་གྱི་སྐུ་མཐོང་རྒྱུ་ཡོད་པ་དེ་ནི་རྒྱ་བོད་མི་རིགས་བར་རིག་གཞུང་བརྗེ་རེས་ཀྱི་དཔེ་མཚོན་གསོན་པ་ཞིག་ཡིན་ལ། གནས་བརྟན་བཅུ་དྲུག་པོ་ཚང་མ་རྒྱ་གར་གྱི་དགྲ་བཅོམ་པ་ཤ་སྟག་ཡིན་ཀྱང། བོད་ཀྱི་རི་མོའི་ལག་རྒྱུན་དུ་ཚང་མ་རྒྱ་ནག་གི་ཧྭ་ཤང་དང་འདྲ་བར་ན་བཟའ་ཕུ་ཐུང་ཅན་ཤ་སྟག་བྲིས་སྲོལ་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན།
གནས་བརྟན་བཅུ་དྲུག་པོ་སོ་སོའི་ལོ་རྒྱུས་ཞིབ་པ་ཚེ་ཆོག་གླིང་ཡོངས་འཛིན་རིན་པོ་ཆེ་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་གནས་བརྟན་བཅུ་དྲུག་གི་རྟོགས་བརྗོད། གསུང་འབུམ་ ༼ཐ༽ པའི་ནང་ཡོད་པ་དང། གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བོད་དུ་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་གནས་བརྟན་ཕྱག་མཆོད་རྒྱལ་བསྟན་འཛད་མེད་ཀྱི་གླེང་གཞིའི་ནང་དང། སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང། ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་རིན་པོ་ཆེ་དང་གོས་དར་རྣམ་དབྱེའི་བཤད་པ་ལས་གོས་ཆེན་ཏིང་ཕོན་གྱི་ལོ་རྒྱུས་འཁོད་པ་རྣམས་ལ་གཟིགས་པར་ཞུ། ཞེས་གསལ་བ་ལྟར་དང་། འཕགས་པ་དགྲ་བཅོམ་པ་གནས་བརྟན་བཅུ་དྲུག་རྣམས་ཀྱི་ཁྲོད་ནས་སྒྲ་གཅན་འཛིན་གྱིས་མཛད་པ།

སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །

མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །

སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །

དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །

ཞེས་པའི་ཚིགས་སུ་བཅད་པ་འདི་ཁོ་ན་ལས་གཞན་གནས་བརྟན་བཅུ་དྲུག་རྣམས་ལ་ལེགས་བཤད་ཀྱི་གསུང་གཞན་ཡོད་པར་མི་སྣང་བས་དཔྱད་པར་འཚལ་ལོ།།

དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ནི། དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་བརྒྱུད་ནང་བསྟན་འདི་ཉིད་དཔལ་ནཱ་ལེནྡྲའི་རིང་ལུགས་དྲི་མ་མེད་པ་ཡིན་པ་དང་། ས་དགེ་བཀའ་རྙིང་ཇོ་ནང་བཅས་པ་དཔལ་ནཱ་ལེནྡྲའི་ནས་བརྒྱུད་པ་གཅིག་གྱུར་ཡིན་པས་མཐུན་ལམ་དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པ་ཞིག་ཡོང་སླད་ཕྱི་ལོ་ ༢༠༠༢ ལོའི་ཟླ་བ་ ༡༢ ཚེས་ ༡༥ ཉིན་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལྗགས་རྩོམ་དང་བཅས་ཏེ་གསར་གཏོད་མཛད་པ་ཞིག་ཡིན། གསར་གཏོད་མཛད་ཚུལ་ཡང་། སྔར་ཡོད་རྒྱན་དྲུག་མཆོག་གཉིས་རྨང་གཞིར་བཟུང་སྟེ་དེ་དག་ཏུ་མ་ཚུད་པའི་པཎ་གྲུབ་ཞལ་གྲངས་ ༩ ཞལ་སྐོང་གནང་སྟེ། མདོར་ན། མགོན་པོ་ཀླུ་སྒྲུབ་ཡབ་སྲས་གཙོ་གྱུར་ཟབ་མོ་ལྟ་བརྒྱུད་ཀྱི་པཎ་གྲུབ་ཞལ་གྲངས་ ༨ དང་། ཐོགས་མེད་སྐུ་མཆེད་གཉིས་གཙོ་གྱུར་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་པཎ་གྲུབ་ཞལ་གྲངས་ ༨ ཟབ་རྒྱས་གཉིས་ཀའི་ཆུ་བོ་གཅིག་འདྲེས་ཀྱི་ཚུལ་དུ་གདམས་པ་གང་ཟག་གཅིག་ལ་ཚང་བ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་བཅས་པཎ་གྲུབ་བཅུ་བདུན་དུ་གྲངས་ངེས་པར་མཛད། དེ་ཡང་པཎ་གྲུབ་བཅུ་བདུན་རྣམས་ནི། ༡ འཕགས་པ་ཀླུ་སྒྲུབ་དང་། ༢ སློབ་དཔོན་འཕགས་པ་ལྷ། ༣ སངས་རྒྱས་བསྐྱངས། ༤ ལེགས་ལྡན་འབྱེད། ༥ དཔལ་ལྡན་ཟླ་གྲགས། ༦ རྒྱལ་སྲས་ཞི་བ་ལྷ། ༧ མཁན་ཆེན་ཞི་བ་འཚོ། ༨ སློབ་དཔོན་ཀ་མ་ལ་ཤཱི་ལ། ༩ འཕགས་པ་ཐོགས་མེད། ༡༠ སློབ་དཔོན་དབྱིག་གཉེན། ༡༡ སློབ་དཔོན་ཕྱོགས་གླང་། ༡༢ དཔལ་ལྡན་ཆོས་གྲགས། ༡༣ འཕགས་པ་གྲོལ་སྡེ། ༡༤ སློབ་དཔོན་སེངྒེ་བཟང་པོ། ༡༥ སློབ་དཔོན་ཡོན་ཏན་འོད། ༡༦ སློབ་དཔོན་ཤཱཀྱ་འོད། ༡༧ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་རྣམས་སོ།།

དེ་ལྟར་པཎ་གྲུབ་བཅུ་བདུན་རྣམས་ལ་ལེགས་བཤད་ཀྱི་བསྟན་བཅོས་ལ་མཚོན་ན། དགོངས་འགྲེལ་བསྟན་འགྱུར་དུ་བཞུགས་པའི་ཆོས་ཚན་ ༥༣༡ དང་། གསར་དུ་བསྒྱུར་བའི་བསྟན་བཅོས་ ༢། ལེགས་སྦྱར་ནས་བསྒྱུར་རྒྱུ་ ༡༦། རྒྱའི་སྐད་ནས་བསྒྱུར་རྒྱུ་ ༦༤། ཆོས་ཚན་མ་རྙེད་པ་ ༢༡༦། ཆོས་ཚན་གསར་རྙེད་ ༡༤༨། ཁྱོན་བསྡོམས་བརྩམས་ཆོས་ ༩༧༧ ཡོད་ཅིང་། དེ་དག་ཀྱང་རིས་མེད་ཀྱི་གདན་ས་ཁག་གི་བསླབ་གཞིར་གྱུར་པའི་གཞུང་ཆེན་བཀའ་པོད་ལྔ་རྩ་འགྲེལ་ཡང་འགྲེལ་དང་བཅས་པའི་མཛད་པ་པོ་གཙོ་བོ་རྣམས་ཆགས་ཡོད། མདོར་ན་ང་ཚོས་གལ་ཆེ་གལ་ཆུང་གི་གནད་གསལ་བར་རྟོགས་གལ་ཆེའོ།།  །།

Leave a Reply

Your email address will not be published. Required fields are marked *