ཇ༽ ཇོ་བོས་བླ་མ་གང་དག་བསྟེན་ནས་གདམས་ངག་ཞུས་ཚུལ།
དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་མདོ་ཙམ་དུ་བསྟོད་པ་ལས[1]།
མཁྱེན་པའི་ཆུ་འཛིན་བརྩེ་བའི་ཆུ་ཁུར་ཅན། །
བརྒྱ་དང་ལྔ་བཅུའི་ཐུགས་བཅུད་བདུད་རྩིའི་ཆར། །
དྲི་བྲལ་ཁྱོད་ཐུགས་ཤེལ་གྱི་བུམ་བཟང་དེར། །
ནམ་ཡང་དོག་པ་སྤངས་ལ་ཕྱག་འཚལ་ལོ། །
ཞེས་བསྟོད་ཕྱག་མཛད་པ་ལྟར་བླ་མ་བརྒྱ་དང་ལྔ་བཅུ་བསྟེན་པར་གསུངས་ལ། འབྲོམ་སྟོན་གཞོན་ནུ་བློ་གྲོས་ (1271-?) ཀྱིས་མཛད་པའི་བསྟན་པ་རིན་པོ་ཆེ་ལྷ་ཆོས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ལོ་མཚར་རྨད་དུ་བྱུང་བ་ལས[2]།
མཁས་བཙུན་བཟང་ལྡན་རྒྱལ་བ་འབའ་ཞིག་གིས། །
བརྒྱ་དང་ལྔ་བཅུ་ང་ལྔ་མཆོག་གསུངས་ནས། །
ལྷ་ཆོས་བདུན་ལྡན་ཆུ་བོ་གང་རིའི་ཁྲོད། །
རྒྱལ་བའི་འབྱུང་གནས་རྒྱ་མཚོའི་གནས་འདིར་ཕབ། །
ཅེས་བླ་མ་བརྒྱ་དང་ང་ལྔ་བསྟེན་པར་གསུངས་ཤིང་། དེ་བཞིན་སྨྱོ་ཤུལ་མཁན་པོ་ངག་དབང་དཔལ་བཟང་ (1879-1940) གིས་མཛད་པའི་ཇོ་བོ་ཡབ་སྲས་ལ་གསོལ་བ་འདེབས་པ་ལས[3]།
རྒྱལ་སྲིད་སྤངས་ནས་དཀའ་བ་བརྒྱ་ཕྲག་གིས། །
བླ་མ་བརྒྱ་དང་ལྔ་བཅུ་རྩ་བདུན་བསྟེན། །
ཤེས་བྱ་ཐམས་ཅད་ཡང་དག་ཐུགས་སུ་ཆུད། །
རྒྱལ་བ་གཉིས་པར་གྱུར་ལ་གསོལ་བ་འདེབས། །
ཞེས་གསོལ་འདེབས་སུ་གསལ་བ་ལྟར་བླ་མ་བརྒྱ་དང་ལྔ་བཅུ་ང་བདུན་དགེ་བའི་བཤེས་སུ་བསྟེན་ནས་ཤེས་བྱ་མཐའ་དག་ཐུགས་སུ་ཆུད་ནས་རྒྱལ་བ་གཉིས་པར་གྱུར་པར་གསུངས་པ་བཞིན་དགེ་བའི་བཤེས་གཉེན་ཇི་ལྟར་བསྟེན་པའི་ཚུལ་ནི། འཇམ་མགོན་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་དཔལ་ས་སྐྱའི་ཡབ་ཆོས་ཀྱི་ཉིང་ཁུ་འཁོར་ལོ་སྡོམ་པའི་དམ་པའི་ཆོས་འབྱུང་བའི་ཚུལ་ལེགས་པར་བཤད་པ་ལས[4]། (ཤནྟི་པ།) དེའི་སློབ་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྟེ། འདིས་ཐོག་མར་སློབ་དཔོན་ཤནྟི་པ་ལ་བདེ་མཆོག་གི་དབང་དང་། རྒྱུད་མཁས་པ་པཎྜི་ཏའི་བཤད་པ་ཡན་ལག་དང་བཅས་པ་མནོས་ནས་མཁས་པར་སྦྱངས། དེ་ནས་དྷ་རི་ཀ་པའི་སློབ་མ་བྲམ་ཟེ་སྡོམ་པ་བཟང་པོ་ཞེས་བྱ་བ་ལ། བདེ་མཆོག་ལཱུ་ནག་གཉིས་ཀའི་དབང་དང་རྒྱུད། གདམས་པ་ཟབ་མོ་དང་བཅས་པ་མནོས་ནས་ཐུགས་རྒྱུད་ཚིམ་པར་མཛད། དེའི་རྗེས་སུ་དཔལ་མཆོག་ཌོཾ་མྦྷི་བ་ལ་བདེ་མཆོག་ཡབ་བཀའ་དང་། ཁྱད་པར་རྗེ་བཙུན་མ་ཞལ་གཉིས་མ་དང་། ནཱ་རོ་མཁའ་སྤྱོད་ལ་སོགས་པའི་ཡུམ་བཀའི་བྱིན་རླབས་དང་། ཉམས་ལེན་ཟབ་དོན་མཐར་ཐུག་པ་མནོས་ནས་ཐུགས་ཉམས་སུ་བཞེས་པས་རྗེ་བཙུན་མའི་ཞལ་གཟིགས་གནང་བ་ཐོབ་པར་གྲགས་སོ། །ཞེས་གསུངས་སོ།།
དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[5]། དེ་ནས་རྒྱལ་བུ་གཞོན་ནུ་དེས་འདི་ལྟར་དགོངས་ཏེ། འཁོར་བའི་ཕུན་ཚོགས་གང་ལའང་མ་ཆགས་པར་རྒྱལ་བའི་བསྟན་པ་ཡོངས་རྫོགས་ལ་བསླབས་ཏེ་ས་ལམ་མཐར་ཕྱིན་པ་ཞིག་ཅིས་ཀྱང་བྱེད། དེ་ལྟ་བུ་ཞིག་འབྱུང་བ་ལ་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་དམ་པ་ཞིག་གིས་རྗེས་སུ་གཟུང་དགོས་པར་འདུག་པས་ལམ་མ་ནོར་བར་སྟོན་པའི་བཤེས་གཉེན་དམ་པ་སུ་ཞིག་ལ་བརྟེན་དགོངས་པ་ན། ཕོ་བྲང་དེ་དང་ཧ་ཅང་ཐག་མི་རིང་བའི་གནས་ཤིག་ན་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་བཞུགས་པར་ཐོས་ནས་རི་བྲག་བསྐོར་དུ་འགྲོ་ཞེས་སྙད་བཏགས་ནས་དམག་ཆས་སུ་ཞུགས་པའི་རྟ་པ་སུམ་བརྒྱ་ཙམ་དང་བཅས་ཛེ་ཏཱ་རིའི་དྲུང་དུ་ཕེབས་ནས་ཞབས་སྤྱི་བོར་བླངས་ཏེ་སྐྱབས་འགྲོ་དང་སེམས་བསྐྱེད་ཞུས། རྒྱལ་སྲིད་ལ་མ་ཆགས་པར་ཆོས་རྣམ་དག་ཅིག་འདོད་པས་རྗེས་སུ་འཛིན་དགོས་ཞེས་ཞུས་པ་ན་ཛེ་ཏཱ་རིས་རེ་ཞིག་ནཱ་ལནྡྲར་བླ་མ་བྱང་ཆུབ་བཟང་པོའི་སྤྱན་སྔར་སོངས་ཞེས་ལུང་བསྟན།
དེ་ནས་རྒྱལ་བུ་དམག་གི་དཔུང་དང་བཅས་པས་ནཱ་ལནྡྲར་ཕེབས་ནས་བླ་མ་བྱང་ཆུབ་བཟང་པོའི་ཞབས་སྤྱི་བོར་བླངས་ཏེ་སེམས་བསྐྱེད་ཞུས། དེ་ནས་བླ་མ་བྱང་ཆུབ་བཟང་པོས་ནཱ་ལེནྡྲའི་བྱང་ཕྱོགས་ན་ཚེའི་རིག་འཛིན་བརྙེས་ཤིང་སྤྲོས་བྲལ་དབུ་མའི་དོན་གཟིགས་པའི་རྒྱལ་སྲས་རིགས་པའི་ཁུ་བྱུག་བཞུགས་པས་དེའི་དྲུང་དུ་སོངས་ཞེས་བཏང་། དེ་ནས་རྒྱལ་བུ་གཞོན་ནུ་རྒྱལ་སྲས་རིགས་པའི་ཁུ་བྱུག་གི་དྲུང་དུ་ཕེབས་ཏེ། རིགས་པའི་ཁུ་བྱུག་གི་ཞབས་ལ་བསྙེན་ཏེ་གསོལ་བ་བཏབ་པས། རིགས་པའི་ཁུ་བྱུག་གིས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་སྤྱི་དང་། ཁྱད་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནས་བརྒྱུད་པའི་ལྟ་བའི་མན་ངག་རྣམས་ཞིབ་པར་གནང་སྟེ། ད་དུང་བླ་མ་ཨ་ཝ་དྷུ་ཏི་པ་ཞེས་བྱ་བ་དབུ་མའི་ལམ་ལ་མངའ་བརྙེས་པ་ཞིག་ཡོད་པས་དེའི་དྲུང་དུ་སོངས་ཞེས་བཏང་།
དེ་ནས་རྒྱལ་བུ་གཞོན་ནུས་རིགས་པའི་ཁུ་བྱུག་གི་བཀའ་ལུང་ལྟར་བླ་མ་ཨ་ཝ་དྷུ་ཏི་པའི་ཞབས་དྲུང་དུ་ཕེབས་ནས་རྗེས་སུ་འཛིན་པར་ཞུས་པ་ན། བླ་མ་ཨ་ཝ་དྷུ་ཏི་པས་ཆོས་རྣམ་དག་བྱེད་པ་ལ་རྒྱལ་སྲིད་ཀྱི་འབྱོར་པ་སྤང་དགོས་ཏེ་རྒྱལ་སྲིད་ཀྱི་འབྱོར་པ་ནི་དུག་གི་མཚོ་དང་འདྲ་ཞིང་། མེའི་འོབས་དང་འདྲ་བར་རྣམ་པ་ཀུན་ཏུ་ཕུང་བའི་རྒྱུ་ཡིན་པས་ལན་ཅིག་ཕར་སོངས་ལ་རྒྱལ་སྲིད་བློས་ཐོངས་ལ་དེ་ནས་ཚུར་ཤོག་ཅེས་ལུང་བསྟན། དེ་ནས་རྒྱལ་སྲས་གཞོན་ནུ་དེས་བླ་མས་ཇི་ལྟར་ལུང་བསྟན་པ་ལྟར་ཕོ་བྲང་དུ་ཕེབས་ནས་ཡབ་ཡུམ་ལ་གནང་བ་ནན་གྱིས་ཞུས་ཏེ་རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས་བླ་མ་ཨ་ཝ་དྷུ་ཏི་པའི་ཞབས་ལ་གཏུགས། ཨ་ཝ་དྷུ་ཏི་པས་ལུང་བསྟན་ནས་རི་ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱཻ་རྡོ་རྗེའི་ཞལ་གཟིགས་ཤིང་རྡོ་རྗེ་མཁའ་འགྲོ་མས་ལུང་བསྟན་པ་ཐོབ་པའི་བླ་མ་རཱ་ཧུ་ལ་གུཔྟ་ལ་དབང་ཡོངས་སུ་རྫོགས་པར་ཞུས་ཤིང་། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེ་ཞེས་བྱ་བར་བཏགས། དེ་ནས་ལོ་བདུན་གྱི་རིང་ལ་བླ་མ་ཨ་ཝ་དྷུ་ཏི་པ་གཙོ་བོར་བསྟེན་ཅིང་། གཞན་ཡང་དངོས་གྲུབ་བརྙེས་པའི་བླ་མ་དུ་མའི་སྤྱན་སྔར་རྡོ་རྗེ་ཐེག་པ་ལ་སྦྱངས་པས་གཞུང་དང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ་གསང་སྔགས་ལ་ང་ཉིད་མཁས་སོ་སྙམ་དུ་དགོངས་པ་བྱུང་བ་ན། ཌཱ་ཀི་མ་རྣམས་ཀྱིས་སྔགས་ཀྱི་གླེགས་བམ་སྔར་མཐོང་མ་མྱོང་བ་མང་པོ་མནལ་ལམ་དུ་བསྟན་ནས་ཐུགས་རྒྱལ་བཅག་གོ །ཞེས་གསུངས་པ་ལྟར་སྤྱིར་སློབ་དཔོན་འདི་ལ་རབ་བྱུང་མ་གནང་གོང་གི་བླ་མ་མང་དུ་ཡོད་ཀྱང་གྲགས་ཆེ་བ་ནི་བྲམ་ཟེ་ཛེ་ཏཱ་རི་དང་། བླ་མ་བྱང་ཆུབ་བཟང་པོ། རྒྱལ་སྲས་རིགས་པའི་ཁུ་བྱུག །བླ་མ་ཨ་ཝ་དྷུ་ཏི་པ། དཔལ་ལྡན་རཱ་ཧུ་ལ་གུཔྟ་རྣམས་གཙོ་བོར་བསྟེན་པར་གསུངས་ལ། བཅོམ་ལྡན་རིག་པའི་རལ་གྲིས་ (1227-1305) མཛད་པའི་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་དགུ་པ་རོལ་མོའི་སྒྲ་སྙན་ལས་[6]ཀྱང་།
དེར་ནི་འདོད་ཡོན་གཞན་འཕྲུལ་ལྷ་འདྲ་ལའང་། །
ཀུན་ནས་མ་ཆགས་སྐྱོ་བའི་ངང་ཚུལ་གྱིས། །
རྣལ་འབྱོར་དབང་ཕྱུག་དྲང་སྲོང་སྦས་པ་ལ། །
གསང་སྔགས་ཀུན་བསླབས་མཆོད་སྤྲིན་རྒྱ་མཚོས་མཆོད། །
ཅེས་བསྟོད་ཕྱག་ཀྱང་མཛད་ལ། གཞན་ཡང་སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་གསེར་གླིང་པ་སོགས་བླ་མ་གྲགས་ཆེ་བ་སུམ་ཅུ་སོ་བཞི་བསྟེན་པར་མཛད་ཅེས་དེབ་ཐེར་དམར་པོའི་མཆན་འགྲེལ་[7]སོགས་སུ་གསལ་བར་མ་ཟད། ཡོངས་གྲགས་༸རྒྱལ་བ་དགེ་འདུན་རྒྱ་མཚོ་དང་། སྨྱོ་ཤུལ་མཁན་པོ་ངག་དབང་དཔལ་བཟང་སོགས་ཀྱིས་གསུངས་པ་ལྟར་ན་བླ་མ་བརྒྱ་དང་ལྔ་བཅུ་ལྷག་བསྟེན་པར་འདོད། དེ་ལྟའི་བླ་མ་བརྒྱུད་པའི་སྐོར་ལ་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས[8]། བླ་མ་བརྒྱུད་པ་ལ་ཐེག་པ་ཐུན་མོང་བ་དང་ཐེག་པ་ཆེན་པོའི་བརྒྱུད་པ་གཉིས། དེ་ལ་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་ལས། དང་པོ་ལ་ལྟ་བའི་བརྒྱུད་པ་དང་སྤྱོད་པའི་བརྒྱུད་པ་གཉིས། ཕྱི་མ་ལ་བྱམས་པ་ནས་བརྒྱུད་པ་དང་། འཇམ་དབྱངས་ནས་བརྒྱུད་པ་སྟེ་བརྒྱུད་པ་གསུམ་མོ། །གསང་སྔགས་ལའང་བརྒྱུད་པ་ལུགས་ལྔ་དང་། གཞན་ཡང་གྲུབ་མཐའི་བརྒྱུད་པ་དང་། བྱིན་རླབས་[9]ཀྱི་བརྒྱུད་པ་དང་གདམས་པ་སྣ་ཚོགས་པའི་བརྒྱུད་པ་ལ་སོགས་པ་བརྒྱུད་པ་དུ་མ་དང་ལྡན་ཞིང་། དངོས་སུ་གསན་པའི་བླ་མ་ནི། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ (1011-1064) མཛད་པའི་བསྟོད་པ་ལས[10]།
རྟག་ཏུ་བསྟེན་པའི་བླ་མ་ནི། །ཤཱནྟི་བ་དང་གསེར་གླིང་བ[11]། །
བྷ་དྲ་བོདྷི་ཛྙཱ་ན་ཤྲཱི། །དངོས་གྲུབ་ཐོབ་པ་མང་པོ་དང་། །
ཁྱད་པར་དུ་ནི་ཀླུ་སྒྲུབ་ནས། །གཅིག་ནས་གཅིག་ཏུ་བརྒྱུད་པ་ཡི། །
ཟབ་པ་དང་ནི་རྒྱ་ཆེ་བའི། །གདམས་པ་ཁྱོད་ལ་མངའ་བ་ཡིན། །

ཞེས་གསུངས་པ་ལྟར་ཏེ། དངོས་གྲུབ་ཐོབ་པའི་བླ་མ་བཅུ་གཉིས་[12]ཡོད་པར་གྲགས་ཤིང་གཞན་ཡང་མང་ངོ་། །དེ་ལྟར་ཡིན་ན་ཡང་རྟག་ཏུ་སྤྱི་བོར་བསྟེན་པའི་བླ་མ་ནི་གསེར་གླིང་པ་ཁོ་ན་ཡིན་པ་ནི། ཁམ་ལུང་པའི་བློ་སྦྱོང་ཐུན་བརྒྱད་མ་ལས[13]། དེ་ལྟར་གསེར་གླིང་པས་ཇོ་བོ་ལ་ཆོས་འདི་ཐུགས་དམ་གྱི་སྙིང་པོར་གནང་། ཇོ་བོས་ཀྱང་ཐུགས་ཉམས་སུ་བཞེས་པས་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་ཁྱད་པར་ཅན་ཐུགས་ལ་འཁྲུངས་པས། གསེར་གླིང་པ་ལ་བླ་མ་གཞན་དང་མི་མཉམ་པར་དད་གུས་ཆེར་མཛད་དེ། དེ་ལྟར་མཛད་པའི་རྒྱུ་མཚན་བླ་མ་གཞན་ལ་གདུང་ཁང་མེད་དེ། གསེར་གླིང་པ་ལ་གདུང་ཁང་དངུལ་གདུགས་ཅན་ཡོད། བླ་མ་གཞན་ལ་འདས་མཆོད་མེད་དེ་གསེར་གླིང་ལ་འདས་མཆོད་ཡོད། བླ་མ་གཞན་གྱི་མཚན་ཐོས་ཙམ་ན་ཐལ་མོ་ཐུགས་ཀར་སྦྱོར་ཏེ། བླ་མ་གསེར་གླིང་པའི་མཚན་ཐོས་ཙམ་ན་ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱོར། བླ་མ་གཞན་དྲན་ཀྱང་སྤྱན་ཆབ་མི་ཡོང་སྟེ། བླ་མ་གསེར་གླིང་པ་དྲན་པ་ཙམ་ན་སྤྱན་ཆབ་ཡོང་སྐད། འོ་ན་ཇོ་བོའི་བླ་མ་ཕལ་ཆེར་གྲུབ་ཐོབ་ཏུ་གདའ་བ་ལ། གསེར་གླིང་པ་ལ་དེ་ཙམ་གུས་པའི་རྒྱུ་མཚན་ཇི་ཙུག་ལགས་ཞུས་པས། བླ་མ་ལ་བཟང་ངན་ནམ། ཡོན་ཏན་ལ་ཆེ་ཆུང་ཡོད་ནས་མོས་གུས་ལ་ཆེ་ཆུང་ཡོད་པ་མིན། ང་ལ་གསེར་གླིང་པ་བཀའ་དྲིན་ཆེ་བ་ཡིན་གསུང་། དྲིན་ཅི་བདོག་ཞུས་པས། ང་ལ་ཡོན་ཏན་དུ་བྱས་པ་སེམས་བཟང་པོ་ཕྲིག་ཙམ་ཞིག་བདོག །འདི་གསེར་གླིང་པའི་བཀའ་དྲིན་ཡིན་གསུང་། ཇོ་བོའི་ཞལ་ནས་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་འདི་བླ་མ་གསེར་གླིང་པ་མིན་པ་ལ་མ་བྱུང་བ་ཡིན་གསུང་། གཞན་ཇོ་བོའི་སྐུ་ཆེ་བའི་ཡོན་ཏན་[14]རྣམ་ཐར་ཡི་གེར་བཀོད་པ་འབྲོམ་སྟོན་ཆོས་རྗེས་མཛད་པ་དང་། ཇོ་བོས་གསེར་གླིང་དུ་ཆོས་འདི་ཞུ་བ་ལ་བྱོན་པའི་ཚུལ་ཇོ་བོ་རང་གིས་ཡི་གེར་བཀོད་པ་རྣམས་ལོགས་ན་རྒྱས་པར་བཞུགས་པས་དེར་བལྟ་བར་བྱའོ། །ཞེས་གསུངས་པས་སོ།།
གཞན་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་ (1893-1959) མཛད་པའི་མཉམ་མེད་ལྷ་གཅིག་དཱི་པཾ་ཀ་ར་ལ་བསྟོད་པ་ཁུ་བྱུག་མགྲིན་པའི་གླུ་དབྱངས་ལས[15]།
རྒྱ་གར་མཁས་གྲུབ་བརྒྱ་དང་ལྔ་བཅུ་ལས། །
ཟབ་མོ་ལྟ་དང་རྒྱ་ཆེ་སྤྱོད་པའི་བརྒྱུད། །
མན་ངག་བྱིན་རླབས་བཀའ་བབ་མ་ལུས་པ། །
གང་ཐུགས་དཔལ་བེའུར་སྡུད་མཛད་ཨ་ཏི་ཤ །
ཞེས་གསུངས་པ་ལྟར་རྒྱ་གར་འཕགས་པའི་ཡུལ་དུ་ཇོ་བོས་མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་བརྒྱ་དང་ལྔ་བཅུ་ཐམ་པའི་ཞབས་ལ་གཏུགས་ཏེ་ཟབ་མོ་ལྟ་བརྒྱུད་དང་། རྒྱ་ཆེན་སྤྱོད་བརྒྱུད་སོགས་ཀྱི་མན་ངག་ཐོབ་པར་གསུངས་ལ། བླ་མ་བཅུ་གཉིས་དང་། སོ་བཞི། བརྒྱ་དང་ལྔ་བཅུ། བརྒྱ་དང་ལྔ་བཅུ་རྩ་བདུན་གྲངས་འདྲེན་མི་འདྲ་བ་རྣམས་ཀྱི་གཙོ་ཆེ་ཆུང་དང་གྲགས་ཆེ་མིན་ཙམ་ལས་འགལ་བ་མིན་ནོ།།
གཞན་ཡང་གཙང་མཁན་ཆེན་ (1610-1684) གྱིས་བསྒྲིགས་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ལས[16]། དེ་ལྟར་བླ་མ་བརྒྱ་ལྔ་བཅུ་ལས་བཅུ་གཉིས་རྩ་བའི་བླ་མ། གཞན་རྣམས་བརྒྱུད་པའི་བླ་མར་གནས་སྐབས་དམན་པ་ལ་མོས་པ་རྣམས་གྲགས་མོད། ཡང་དག་པར་ན་བླ་མ་དེ་ཐམས་ཅད་ལས་ཆོས་དངོས་སུ་གསན་པ་ཡིན་ཏེ། ཨནྡྲི་བོ་དྷི་དང་། ཀླུ་སྒྲུབ་ཡབ་སྲས་སོགས་དང་དུས་མི་མཚུངས་སྙམ་བློ་ཆུང་གིས་ཚོད་གཞལ་བར་མི་བྱ། བླ་མ་དེ་རྣམས་འགའ་ཞིག་རྣམ་སྨིན་གྱི་སྐུ་རྡོས་བཅས་ཚེའི་རིག་འཛིན་བརྙེས་ནས་དངོས་སུ་བཞུགས། འགའ་ཞིག་འཇའ་ལུས་སུ་བཞུགས། འགའ་ཞིག་མངོན་པར་སངས་རྒྱས་ནས་བཞུགས། འགའ་ཞིག་བྱང་ཆུབ་སེམས་དཔའ་གང་ལ་གང་འདུལ་གྱི་སྐུར་བཞུགས་ལ། ཇོ་བོ་ནི་ཆོས་རྒྱུན་གྱི་ཏིང་ངེ་འཛིན་བརྙེས་པས། སངས་རྒྱས་བྱང་སེམས་ཐམས་ཅད་ལས་ཆོས་གསན་པར་ནུས་ཤིང་། ལྷག་པར་ཕ་ཆོས་གསུངས་པའི་སྐབས་སུའང་། བླ་མ་བརྒྱ་ལྔ་བཅུ་པོ་རྣམས་མདུན་གྱི་ནམ་མཁར་ཕེབས་ཏེ་ཆོས་གསུངས་པར་གསོལ་ལོ། །ཞེས་བྱུང་ལ། བླ་མའི་གྲངས་རྣམས་ཕན་ཚུན་རྒྱས་བསྡུས་དང་། གཅིག་ཁོངས་སུ་གཅིག་བསྡུ་མིན་ཙམ་ལས་བརྒལ་བ་མིན་པ་ནི། མཆིམས་ནམ་མཁའ་གྲགས་ཀྱིས་མཛད་པའི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཡོངས་གྲགས་རྒྱས་པར་གཟིགས་པར་འཚལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼ཀ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༢༣
[2] བསྟན་པ་རིན་པོ་ཆེ་ལྷ་ཆོས་ཕུན་སུམ་ཚོགས་པའི་ལོ་རྒྱུས་ལོ་མཚར་རྨད་དུ་བྱུང་བ། བྲིས་མ། ཤོག་ ༢བ༢
[3] སྨྱོ་ཤུལ་མཁན་པོ་ངག་དབང་དཔལ་བཟང་། གསུང་འབུམ། ༼༣༽ དཔེ་རིང་། ཤོག་གྲངས་ ༡ན༡
[4] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། ༼༢༣༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༥༤
[5] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།
[6] བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། (2) པོད། ༼༢༢༽ ཁམས་བྲིས་དཔེ་རིང་། ཤོག་ ༣བ༣ ནས་ ༤བ༤ བར།
[7] དེབ་ཐེར་དམར་པོའི་ནང་གི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་ ༣༢༧
[8] རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད། ༼པ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༡༠
[9] ཇོ་བོའི་བྱིན་རླབས་ཀྱི་བླ་མ་བཞི། ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང་། རྗེ་བཙུན་ཏཻ་ལོ་པ། པཎ་ཆེན་ནཱ་རོ་པ། བྱིན་རླབས་མཆོག་ལྡན་བླ་མ་ཌོཾ་བྷི་པ་བཅས་སོ།།
[10] བློ་སྦྱོང་ཉེར་མཁོ་ཕྱོགས་བསྒྲིགས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༣༣༡ ནས ༣༤༡ བར།
[11] ཇོ་བོ་རྗེའི་བླ་མ་རྣམ་པ་གསུམ་སྟེ། བླ་མ་དྷརྨ་རཀྵི་ཏ་དང་། བྱམས་པའི་རྣལ་འབྱོར་པ། གསེར་གླིང་པ་གསུམ་མོ།།
[12] ཇོ་བོ་རྗེའི་དངོས་གྲུབ་ཐོབ་པའི་བླ་མ་བཅུ་གཉིས་ནི། ༡ ཨ་ཝ་དྷུ་ཏཱི་པ་དང་། ༢ གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་མ། ༣ ཌོཾ་བྷི་བ། ༤ སྒྲོལ་མ། ༥ རབ་བྱུང་བསྐུལ་བའི་རྣལ་འབྱོར་མ། ༦ ཡེ་ཤེས་དཔལ་གྱིས་ལུང་བསྟན་པའི་རྣལ་འབྱོར་མ། ༧ བྱང་ཆུབ་བཟང་པོ། ༨ ཛེ་ཏཱ་རི། ༩ དྷརྨ་རཀྵི་ཏ། ༡༠ རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་གནང་མཁན། ༡༡ རྡོ་རྗེ་གདན་དུ་གཤེགས་པའི་ལམ་དུ་ལུང་བསྟན་གནང་མཁན། ༡༢ བཀའ་ཆེམས་ལུང་སྟོན་པའི་རྣལ་འབྱོར་མ་རྣམས་སོ།།
[13] བློ་སྦྱོང་བརྒྱ་རྩ་ཕྱོགས་བསྒྲིགས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༠ ལོ། ཤོག་ ༡༦༠
[14] ཇོ་བོའི་སྐུ་ཆེ་བའི་ཡོན་ཏན་གསུམ་ནི། ཁབ་ན་བཞུགས་པའི་ཆེ་བ་དང་། ཀུ་སུ་ལུའི་སྤྱོད་པ་མཛད་པའི་ཆེ་བ། ཐར་པར་གཤེགས་པའི་ཆེ་བའོ།།
[15] འཇམ་དབྱངས་ཆོས་ཀྱི་བློ་གྲོས་གསུང་འབུམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༢བ༤ བར།
[16] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༡༤༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧ ནས་ ༥༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།