ག༽ བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།
དེ་ལྟར་སློབ་དཔོན་འདི་ཉིད་ཀྱི་གསུང་བཟང་ལ་སྡེ་དགེ་བསྟན་འགྱུར་ལྟར་ན། ལེགས་སྦྱར་གྱི་མཚན་བྷ་བྱ་དང་བྷ་བྱ་ཀཱིརྟིའི་མཚན་བྱང་གསལ་བའི་གསུང་གྲངས་ ༦ སློབ་དཔོན་ལེགས་ལྡན་འབྱེད་དང་བཙུན་པ་ལེགས་ལྡན་གྱི་མཚན་བྱང་ཐོག་ཏུ་གསུང་གྲངས་ ༣ བཅས་ཁྱོན་བསྡོམས་གསུང་ཆོས་ཚན་གྲངས་ ༩ ཡོད་པ་རྣམས། དང་པོ། རྒྱ་གར་གྱི་མཁན་པོ་ཐེག་པ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ་དང་།
རྒྱ་གར་གྱི་མཁན་པོ་ཆེན་པོ་རྒྱལ་བ་མཆོག་གི་ཞལ་སྔ་ནས་བླ་མ་རྗེ་བཙུན་ཟངས་གླིང་པ་དགེ་བསྙེན་མགོན་པོ་ལ། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་བཅས་དང་། གཉིས་པ། དུས་རབས་བརྒྱད་པའི་དུས་དཀྱིལ་ལམ་དུས་རབས་དགུ་པའི་ནང་བྱོན་པའི་བོད་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན་དང་། དུས་རབས་བཅུ་པའི་ནང་བྱོན་པའི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེ་། དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ནང་བྱོན་པའི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས། ཕྱི་ལོ་ (༡༠༡༡-༡༠༦༤) ཕེབས་པའི་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་བཅས་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་བཞི་བཅས། མདོར་ན། འཕགས་ཡུལ་གྱི་པཎ་ཆེན་ ༣ དང་། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཞལ་གྲངས་ ༤ སྟེ་ལོ་པཎ་ཞལ་གྲངས་ ༧ པོ་འདི་དག་གིས་ལེགས་སྦྱར་གྱི་སྐད་ནས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་པ་ཡིན་ནོ།།
དེ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་ལེགས་སྦྱར་ནས་བསྒྱུར་བའི་ཆོས་ཚན་ ༩ བཞུགས་པའི་ཁྲོད་ནས་ལེགས་སྦྱར་གྱི་མ་དཔེ་ལྷག་མར་ལུས་པའི་ཆོས་ཚན་ ༣ དང་། བོད་དུ་ཤིང་ཏ་ལའི་ལོ་མར་ལེགས་སྦྱར་སྐད་དུ་བཞུགས་པའི་ཆོས་ཚན་ ༡ ལེགས་སྦྱར་གྱི་མ་དཔེ་རྩ་སྟོང་དུ་སོང་བའི་ཆོས་ཚན་ ༦ ཡོད་ཅིང་། གོང་གསལ་ཆོས་ཚན་ ༩ ཚང་མར་རྒྱ་གར་སྐད་དང་། འགྱུར་བྱང་གསལ་བས་ན། པཎ་གྲུབ་བཅུ་བདུན་ལས་བསྟན་བཅོས་ཀྱི་དབུར་རྒྱ་གར་སྐད་དང་། མཇུག་ཏུ་འགྱུར་བྱང་བཅས་ཆ་ཚང་གསལ་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་ཙམ་ཡིན་པར་མངོན་ནོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༡ ནས་ ༤༦༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།