༣༨༽ སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པའི་རྣམ་ཐར།

༣༨༽ སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པ།

 

ལེགས་སྦྱར་གྱི་སྐད་དུ་ཨ་བྷྱ་ཀ་ར་གུཔྟ་སྟེ། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པའམ། མི་འཇིགས་སྦྱིན་པ་དཔལ་ཡང་ཞུ། ཕྱི་ལོ་ ༡༠༠༤ ལོར་རྒྱ་གར་ཡུལ་དབུས་མ་ག་དྷའི་ཕྱོགས་ཙམ་པརྞ་ཞེས་པའི་ཡུལ་དུ་སྐུ་འཁྲུངས་ཤིང་། བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བའི་པཎྜི་ཏ་སྙན་གྲགས་ཅན་ཞིག་སྟེ།

བླ་མ་རྡོ་རྗེ་གདན་པ་ཆེན་པོ་དང་། པཎ་ཆེན་ཨ་ནུ་པ་མ་ཤཱི་ལ་སོགས་སློབ་དཔོན་དུ་བསྟེན་ནས་ཤར་ཕྱོགས་བྷང་ག་ལ་དང་། བི་ཀྲ་མ་ཤཱི་ལ། ཡུལ་དབུས་མ་ག་དྷ་སོགས་སུ་སློབ་གཉེར་གནང་། སྔ་རྗེས་སུ་རྡོ་རྗེ་གདན་དང་། བི་ཀྲ་མ་ཤཱི་ལ། ནཱ་ལེནྡྲ་གསུམ་གྱི་མཁན་པོ་མཛད།

རྡོ་རྗེ་མཁའ་འགྲོ་མས་བསྐུལ་བ་ལྟར། སློབ་མ་གྲགས་ཆེ་བ་པཎྜི་ཏ་ཨ་ནནྟ་ཀ་ར་དང་། ཤཱི་ལ་ཀ་ར། ནི་ཤ་ཀ་ལིང་ཀ །ཤུ་བྷ་ཡ་གུཔྟ་(དགེ་བའི་འབྱུང་གནས་སྦས་པ།) ཝཱ་གི་ཤྭ་ར་གུཔྟ་(ངག་གི་དབང་ཕྱུག་སྦས་པ།) བི་ཁྱཱ་ཏ་དེ་བ་(རྣམ་པར་གྲགས་པའི་ལྷ།) ནཱི་ཥཱ་ལངྐ་དེ་བ་(རྙོག་པ་མེད་པའི་ལྷ།) བྷསྐ་ཏ་གུཔྟ་(འོད་བྱེད་སྦས་པ།) ནཱ་ཡ་ཀ་པཱ་ད་(འདྲེན་པའི་ཞབས།) སོགས་དང་། བོད་ཀྱི་སློབ་མ་ཙ་མི་སངས་རྒྱས་གྲགས་པ། སྤོང་ཞོ་གསལ་བ་གྲགས་པ། གཉན་ལོ་དར་མ་གྲགས། རྒ་ལོ་གཞོན་དུ་དཔལ། ཤེའུ་ལོ་ཙཱ་བ་སོགས་བྱོན།

གསུང་རྩོམ་ལ་སཾ་བྷུ་ཊའི་ཊཱིཀྐ་མན་ངག་སྙེ་མ་དང་། སངས་རྒྱས་ཐོད་པའི་ཊཱིཀྐ་མི་འཇིགས་གཞུང་འགྲེལ། བདེ་མཆོག་མངོན་རྟོགས་འཁྲུལ་སྤོང་། དུར་ཁྲོད་ཀྱི་སྡོམ་ཚིག་རྣལ་འབྱོར་རྫོགས་ཕྲེང་། སྦྱིན་སྲེག་འོད་ཀྱི་སྙེ་མ། རིན་ཆེན་སྙེ་མ། སྒྲུབ་ཐབས་རྒྱ་མཚོ། སྤྱི་ཆོག་རྡོ་རྗེ་ཕྲེང་བ་སོགས་སྔགས་ཕྱོགས་མང་པོ་དང་། མདོ་ཕྱོགས་ལའང་བརྒྱད་སྟོང་སོགས་གསུང་རབ་སྤྱིའི་དགོངས་འགྲེལ་ཐུབ་དགོངས། གནད་ཀྱི་ཟླ་འོད། འདུལ་བ་བསྡུས་པ། རྟོག་གེའི་བརྒྱད། དབུ་མ་སྙེ་མ་སོགས་མཛད། མཐར་དགུང་ལོ་བརྒྱ་དང་ཉེར་གཉིས་བཞེས་པ་ཕྱི་ལོ་ ༡༡༢༥ ལོར་སྐུ་གཤེགས་པ་བཅས་སོ།།[1]

གཞན་ཡང་ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཨཱ་བྷ་ཡཱ་ཀ་ར་གུཔྟ་ལ་གསོལ་བ་འདེབས་པ་ཞི་བའི་སྒྲ་དབྱངས་ལས[2]། ཛམྦུའི་གླིང་དུ་ཉི་ཟླ་ལྟ་བུར་གྲགས། །རྡོ་རྗེ་གདན་དུ་སངས་རྒྱས་འཕྲིན་ལས་མཛད། །རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་མཆོག །འཇིགས་མེད་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །ལྷོ་ཕྱོགས་ཛ་རི་ཁཎྜར་རྒྱལ་རིགས་སུ། །སྐུ་འཁྲུངས་གཞོན་ནུའི་དུས་ནས་སྒྲ་ཚད་དང༌། །རིག་བྱེད་ཡན་ལག་དང་བཅས་མུར་འདུག་གི །རྒྱུད་གཞུང་ཕ་རོལ་སོན་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རྒྱ་གར་ལྷོ་ཕྱོགས་ཀྱི་ཛ་རི་ཁཎྜར་རྒྱལ་རིགས་སུ་སྐུ་འཁྲུངས་པར་གསུངས་ལ། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས་[3]ཀྱང་། སློབ་དཔོན་ཆེན་པོ་སྙིགས་དུས་ཀྱི་སངས་རྒྱས་འཇིགས་མེད་འབྱུང་གནས་སྦས་པ་ནི་རྒྱ་གར་ལྷོ་ཕྱོགས་ཨོ་ཌི་བི་ཤ་དང་ཉེ་བ་ཛ་རི་ཁཎྜ་ཞེས་བྱ་བར་ཕ་རྒྱལ་རིགས་དང་། མ་བྲམ་ཟེའི་རིགས་ཏེ། གཞོན་ནུ་ནས་རིག་བྱེད་ཡན་ལག་དང་བཅས་པ་དང་། སྒྲ་དང་རྟོག་གེ་ལ་ཤིན་ཏུ་མཁས་ཤིང་། ཆེན་པོར་གྱུར་པ་ན་མུ་སྟེགས་ཀྱི་རྒྱུད་དང་གཞུང་ལུགས་ཐམས་ཅད་མཁྱེན། ཞེས་གསུངས་སོ།།

ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[4]། ཨབྷྱཱ་ཀཱ་ར་གུཔྟ་ནི། རྒྱ་གར་ལྷོ་ཕྱོགས་ཨུ་ཌ་ཨཱི་ཤར་བྲམ་ཟེའི་རིགས་སུ་འཁྲུངས་པ། སྐྱེས་སྟོབས་ཀྱིས་ཤེས་རབ་ཆེ་བས་སྒྲ་ཚད་གསོ་བ་མཁས་པར་ལོབས། ཡུལ་དེའི་ཨ་མྲའི་ཚལ་དུ་སྒོ་བསྡམས་ནས་སྒྲའི་པོ་ཏི་གཅིག་ལྟ་བའི་སྐབས་སུ་བུད་མེད་གཞོན་ནུ་མཛེས་མ་ཞིག་བྱུང་། ཁྱོད་སུ་བྱས་པས་གདོལ་པ་མོ་ཡིན། ཁྱོད་དང་དགའ་མགུར་སྤྱད་པའི་སླད་དུ་འོངས་པ་ཡིན་ཟེར། བདག་བྲམ་ཟེ་ཡིན་པས་ཁྱོད་དང་རེག་པར་མི་རུང་ངོ་སྨྲས་པས། ཁྱོད་ཀྱིས་སྐྱེ་བ་མང་པོར་ང་ལ་བསྙེན་བཀུར་བྱས་པས་འདིར་འོངས་པ་ཡིན། ང་ལ་ཉན་ན་ཡུལ་འདིར་མ་འདུག་པར་སངས་རྒྱས་པ་གྱིས་ལ་དབང་བསྐུར་ཞུས་མ་ག་དྷར་སོང་ཞིག་ཟེར་མི་སྣང་བར་གྱུར་ཏོ། །དེ་མི་མ་ཡིན་པར་རིག་སྟེ་གྲོགས་པོ་ནང་པའི་པཎྜི་ཏ་ཞིག་ཡོད་པ་ལ་འདི་ལྟར་བྱུང་སྨྲས་པས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པར་འདུག་སྐལ་བ་བཟང་པོ་ཡིན། བཀའ་བཞིན་གྱིས་ཟེར། ཁྱིམ་སྤངས་ཏེ་བྷངྒ་ལའི་ཨོ་ཏནྟྲར་དགེ་ཚུལ་མཛད། གྲུབ་ཐོབ་མང་དུ་བཞུགས་པ་ལ་དབང་དང་གདམས་ངག་གསན། བྲང་ཁང་དབེན་པ་ཞིག་ཏུ་སྒོམ་ཞིང་བཞུགས་པས། བུད་མེད་མཛེས་མ་ཤ་ཁྲག་དམར་ཚར་རེ་བ་ཁྱེར་བ་ཞིག་འོངས། བདག་གདོལ་པ་མོ་ཡིན། འདི་ལ་ལོངས་སྤྱོད་ཅིག་ཟེར་བས། རབ་ཏུ་བྱུང་ནས་དེ་ལྟ་བུ་ཟོས་ན་ག་ལ་རུང་སྙམ་ནས་མ་བླངས་པས། ཁྱོད་འདིར་མ་འདུག་པར་མ་ག་དྷར་སོང་ཞིག་ཟེར། དེ་ནས་མ་ག་དྷར་བྱོན། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་ཕེབས། རྡོ་རྗེ་གདན་པ་ལས་བསྙེན་པར་རྫོགས། མཚན་ཨ་བྷྱཱ་ཀཱ་ར་གུཔྟར་བཏགས། དེས་ན་རྡོ་རྗེ་གདན་པ་ཕྱི་མ་ཞེས་ཀྱང་གྲགས། ནཱ་རོ་པ་ལ་སོགས་པའི་མཁས་པ་དུ་མ་ལ་གཏུགས་ནས། མདོ་རྒྱུད་ཐམས་ཅད་ལ་སྨྲ་བའི་སེངྒེར་གྱུར། སཽ་རིའི་དུར་ཁྲོད་ཀྱི་དགོན་པ་ཨི་ཏྲི་རི་ཞེས་པར་སྒོམ་ཞིང་བཞུགས་པ་ན། ཚེས་བརྒྱད་ཀྱི་ནུབ་མོ་བླ་མའི་གཡོག་མོ་ཡིན་ཟེར་བའི་བུ་མོ་ཞིག་ཚོགས་ཀྱི་ཡོ་བྱད་ཐོགས་ཏེ། བླ་མ་རཏྣ་ཀ་ར་གུཔྟས་ཚོགས་ཀྱི་འཁོར་ལོ་བསྐོར་བའི་སྐལ་བ་ཁྱོད་ལ་སྐྱེལ་དུ་བཏང་བ་ཡིན་པས་འདི་ཟོ་ཞིག །ང་དགེ་སློང་ཡིན་པས་ལོངས་སྤྱད་དུ་མི་རུང་ངོ་བྱས་པས། ལན་གསུམ་གྱི་བར་དུ་ཟོ་ཟེར་ཡང་མ་ཟོས་པས། ཁྱོད་ཀྱིས་སྐྱེ་བ་མང་པོར་ང་ལ་མཆོད་པ་བྱས་པས་ངས་དངོས་གྲུབ་ལན་གསུམ་དུ་སྐྱེལ་དུ་འོངས་པ་ཡིན་ཏེ། ཁྱོད་མི་འདོད་པར་འདུག་ཟེར་ཏེ་ཚོགས་དང་བུད་མེད་མི་སྣང་བར་གྱུར་ཏོ། །སྒོ་གསུམ་རིམ་བཅད་པའང་དེ་ཁོ་ན་བཞིན་འདུག །བླ་མའི་དྲུང་དུ་ཕྱིན་ནས་མདང་ཚོགས་སྐྱེལ་དུ་བཏང་ངམ་ཞུས་པས། ཁྱོད་དེ་ལ་རྟོག་པ་ཆེ་བར་འདུག་པས་མ་བཏང་། ཡི་དམ་གྱིས་དངོས་གྲུབ་སྐྱེལ་དུ་བྱོན་པར་འདུག་སྟེ་མ་ཤེས་པར་སྣང་གསུངས། དེ་ནས་འགྱོད་དེ་དུར་ཁྲོད་དེ་ཉིད་དུ་ཡི་དམ་གྱིས་དངོས་སུ་ལུང་མི་སྟོན་ན་ཤིའང་སླའོ་ཞེས་ས་སྡེ་བཙུགས་པས། ཞག་བདུན་པའི་རྨི་ལམ་དུ་བུད་མེད་རྒན་མོ་ཞིག་བྱུང་། མཐར་དེ་རྡོ་རྗེ་རྣལ་འབྱོར་མར་སོང་ནས། ཁྱོད་སྐྱེ་བ་འདི་ལ་མཆོག་གི་དངོས་གྲུབ་ཐོབ་པའི་སྐལ་བ་མེད་པས་ངས་བྱིན་གྱིས་བརླབས་ཀྱི་བསྟན་བཅོས་མང་དུ་རྩོམས་ཤིག །བར་དོར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་ལུང་བསྟན།

དེ་ནས་བི་ཀྲ་མ་ཤཱི་ལའི་བདག་མཛད་སྡེ་སྣོད་ཀྱི་འཆད་ཉན་མཛད་པས་སློབ་མའི་ཚོགས་དཔག་ཏུ་མེད་པ་ལས་རྒྱ་གར་ན་མཆོག་གྱུར། ཤུ་བྷ་ཀཱ་ཀ་ར་གུཔྟ། ཝཱ་གཱི་ཤྭར་གུཔྟ། བི་ཁྱཱ་ཏ་དེ་ཝ། ནིཥྐ་ལངྒ་ཀ་དེ་ཝ། བྷཀྵ་ར་གུཔྟ། ནཱ་ཡ་ཀ་པཱ་ད། བོད་ན་རྩ་མི་ལོ་ཙཱ་དང་གྲོགས་མཆེད་ཕར་གསན་ཚུར་གསན། སྟེང་ལོ་ཚུལ་ཁྲིམས་འབྱུང་གནས། པ་ཚབ་ཉི་མ་གྲགས། ཁེ་གད་འཁོར་ལོ་གྲགས། སྤོང་ཞོ་གསལ་བ་གྲགས། རྒ་ལོ། རོ་ལིངས་པ། དིང་རི་ཆོས་གྲགས། ཏྲེ་བོ་ཤེས་རབ་དཔལ། ཤེའུ་ལོ་ཙཱ་བ་སོགས་མང་པོ། མཉྫུ་ཀཱིརྟི་ནི་ལྔ་རིག་པ་ནཱ་རོ་པའི་ཞབས་ལ་ལེགས་པར་གཏུགས་ཏེ་དུས་འཁོར་སོགས་ཀྱི་རྒྱུད་སྡེ་ལ་མཁས་པར་སྦྱངས་པ་མཉྫུ་ཧ་ར་ཞེས་བྱ་བའི་གནས་སུ་བཞུགས་པ། དེའི་སློབ་མ་ས་མནྟ་ཤཱི་བྷ་དྲ་ནི་བལ་པོ་ཡེ་རང་དུ་འཁྲུངས། མཉྫུ་ཀཱིརྟི་ལ་དུས་ཀྱི་འཁོར་ལོ་ལེགས་པར་ཐོབ་པའོ། །ཞེས་བྲམ་ཟེའི་རིགས་སུ་འཁྲུངས་པ་སོགས་བཞེད་པ་མི་མཐུན་བྱུང་ངོ་།།

དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟ་རྡོ་རྗེ་གདན་གྱི་མཁན་པོར་སྤྱན་དྲངས། དེ་ནས་ལོ་མང་ཞིག་སོང་བ་ན་བི་ཀྲ་མ་ཤཱི་ལ་དང༌། ནཱ་ལེནྡྲའི་མཁན་པོར་སྤྱན་དྲངས། དེ་སྐབས་སྔོན་གྱི་རིམ་པ་དང་མི་འདྲ་བར་གྱུར་ཏེ། བི་ཀྲ་མ་ཤཱི་ལར་པཎྜི་ཏ་བརྒྱ་དྲུག་ཅུ་ཙམ་རེ་དང༌། གཏན་དུ་བཞུགས་པའི་དགེ་སློང་སྟོང་རེ་ཡོད་ཅིང༌། མཆོད་པ་ལ་སོགས་པའི་དུས་སུ་རབ་བྱུང་ལྔ་སྟོང་རེ་འདུ། རྡོ་རྗེ་གདན་དུ་རྒྱལ་པོས་འཚོ་བ་སྦྱར་བའི་ཐེག་ཆེན་པ་བཞི་བཅུ་རེ་དང༌། ཉན་ཐོས་ཀྱི་དགེ་སློང་ཉིས་བརྒྱ་རེ་རྟག་ཏུ་བཞུགས་ཤིང༌། དུས་དུས་སུ་ཉན་ཐོས་ཀྱི་དགེ་སློང་ཁྲི་ཕྲག་རེ་ཚོགས་པ་བྱུང༌། ཞེས་གསུངས་པ་ལྟར་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དང་། རྡོ་རྗེ་གདན། ནཱ་ལེནྡྲ་བཅས་ཀྱི་མཁན་པོ་གཅིག་ལྕོགས་སུ་གནང་སྲོལ་ཡོད་ཅིང་། བྲམ་ཟེ་སྒྲ་གཅན་འཛིན་དང་། ཀླུ་སྒྲུབ་ཡབ་སྲས་དང་། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས། དཔལ་ལྡན་ཟླ་བ་གྲགས་པ་དང་། མཁན་ཆེན་ཞི་འཚོ། ཇོ་བོ་རྗེ། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པ་སོགས་པཎ་གྲུབ་གྲགས་ཅན་ ༥༨ ཙམ་གྱིས་དཔལ་ནཱ་ལེནྡྲའི་མཁན་པོའི་མཛད་ཁུར་བཞེས་ཤིང་། ཕྱི་རོལ་པའི་རྒོལ་བ་རྣམས་རྩོད་པས་ཚར་བཅད་པ་བཅས་ཀྱིས་བསྟན་པ་དར་ཞིང་རྒྱས་པར་མཛད་པ་སྟེ། ངག་དབང་ཡོན་ཏན་རྒྱ་མཚོས་མཛད་པའི་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་ཨཱ་བྷ་ཡཱ་ཀ་ར་གུཔྟ་ལ་གསོལ་བ་འདེབས་པ་ཞི་བའི་སྒྲ་དབྱངས་ལས[6]།

རྡོ་རྗེ་གདན་དང་དཔལ་གྱི་ན་ལེནྡྲ། །

ཀྲ་མ་ཤཱི་ལ་རྣམས་སུ་མཁན་པོ་མཛད། །

ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བ་ཡིས། །

རིགས་ཅན་གདུལ་བྱ་འདུལ་ལ་གསོལ་བ་འདེབས། །

ཞེས་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སློབ་དཔོན་ཨབྷྱཿཡཱ་ཀ་རའི་རྟོགས་པ་བརྗོད་པ་ཚངས་པའི་དབྱངས་སྙན་ལས[7]།

བི་ཀྲ་མ་ལར་བཞུགས་པའི་ཚེ། །ཏུ་རུཥྐ་ཡི་དམག་ཚོགས་ཀྱི། །

སེར་བས་དཔལ་ལྡན་ནཱ་ལེནྡྲའི། །འབྲས་བུ་འཇོམས་པར་ཕྱོགས་པའི་ཚེ། །

མཆོད་གཏོར་ཆེན་པོའི་ཚོགས་བཤམས་ཏེ། །ཟན་གྱི་འདབ་ལྡན་འཕྲུལ་འཁོར་ནི། །

རབ་འཇིགས་ནམ་མཁའ་ལྡིང་གྱུར་ཏེ། །ཀླ་ཀློའི་ཚོགས་རྣམས་ཕ་མཐར་བསྐྲད། །

ཅེས་གསུངས་པ་ལྟར་རྡོ་རྗེ་གདན་གྱི་མཧཱ་བོ་དྷིའི་གཙུག་ལག་ཁང་དང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གསུམ་མཁན་པོ་གཅིག་གིས་གཟིགས་རྟོག་གནང་ལམ་ཡོད་པ་དང་། དེ་ཡང་དུས་ཕྱིས་བི་ཀྲ་མ་ཤཱི་ལའི་མཁན་པོ་སུས་མཛད་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་ཐུགས་འགན་ཡང་གཅིག་ལྕོགས་སུ་བཞེས་སྲོལ་ཡོད་པ་ལྟར་མཁན་པོའི་ཐུགས་འགན་བཞེས་པའོ།།

དེ་བཞིན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་ལས[8]། ཨ་བྷ་ཡས་རྡོ་རྗེ་གདན་བི་ཀྲ་མ་ནཱ་ལནྡ་གསུམ་གྱི་མཁན་པོ་མཛད་ཅིང་། དུས་དེ་ཙམ་ན་འགྲན་དུ་མེད་པའི་བསྟན་པའི་བདག་པོ་ཆེན་པོར་གྱུར་ཏེ་ཐེག་པ་ཆེ་ཆུང་གི་བསྟན་པ་ཐམས་ཅད་དང༌། ཁྱད་པར་ཤེར་ཕྱིན་གྱི་ཆོས་ཚུལ་ཤིན་ཏུ་རྒྱས་པར་མཛད་དེ་རྒྱན་དྲུག་གི་དུས་ཡོལ་ནས་མཁས་པ་སྒོ་དྲུག་གི་ཡ་གྱལ་རིན་འབྱུང་ཞི་བ་དང༌། སློབ་དཔོན་འདི་གཉིས་ལས་བསྟན་འགྲོའི་དོན་རྒྱ་ཆེ་བར་མ་བྱུང་བར་གྲགས། རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་ཤིང་གནང་བ་སྩལ་ནས། སམྦུ་ཊའི་འགྲེལ་པ་མན་སྙེ་དང་ཕྲེང་བ་སྐོར་གསུམ་སོགས་སྔགས་ཀྱི་བསྟན་བཅོས་ཟབ་ཅིང་རྒྱ་ཆེ་བ་དུ་མའང་མཛད། འདིས་མཛད་པའི་བསྟན་བཅོས་རྣམས་ནི། ཕྱི་རབས་པ་དག་ལ་སྲོག་ཆད་ཀ་མའི་བདུད་རྩི་ལྟ་བུར་གྱུར་པ་ཡིན་ཏེ། འདི་ལས་ཕྱིས་འདི་དང་མཉམ་པའི་བསྟན་པའི་གསལ་བྱེད་མཁས་པ་ཆེན་པོའང་མ་བྱུང་བར་གྲགས་པ་དང༌། དེ་ལྟར་མི་བྱུང་བར་ཡང་མཁྱེན་ནས་མི་གསལ་བ་རྣམས་གསལ་བར་འགྲེལ་ཞིང༌། འཐོར་བ་རྣམས་བསྡུ་བ་དང༌། འཁྲུགས་པ་གོ་རིམ་དུ་བསྡེབས་པ་སོགས་ཀྱིས་ལེགས་པར་བཤད་པའི་བསྟན་བཅོས་རྣམས་ཕྱི་རབས་པ་དག་ལ་ངག་ལོག་ལྟ་བུར་བཞག་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ།།

དེ་ལྟར་སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པ་ནི། རྒྱ་གར་འཕགས་ཡུལ་གྱི་པཎ་ཆེན་མཐའ་མའི་གྲལ་དུ་གཏོགས་ཤིང་། སློབ་དཔོན་འདིའི་ལེགས་བཤད་བསྟན་བཅོས་རྣམས་སྡེ་དགེ་བསྟན་འགྱུར་ལྟར་ན། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་བསྟན་བཅོས་ཉེར་གཉིས་བཞུགས་པ་ལས། བོད་འགྱུར་ཡོད་པ་ཉེར་གཅིག་དང་། རྒྱ་དཔེ་ཁོ་ནར་བཞུགས་པ་གཅིག་བཅས་ཁྱོན་བསྡོམས་བསྟན་བཅོས་ཉེར་གཉིས་བཞུགས་པ་ལས། རྒྱུད་ཀྱི་ཁོངས་གཏོགས་བཅུ་དགུ་དང་། ཤེར་ཕྱིན་ཁོངས་གཏོགས་གཅིག །དབུ་མའི་ཁོངས་སུ་ཐུབ་པ་དགོངས་རྒྱན། རྒྱ་དཔེར་ཁོ་ནར་བཞུགས་པའི་དབུ་མའི་སྙེ་མ་བཅས་སོ།།

དེ་བཞིན་མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པ་རང་ཉིད་ཀྱིས་མཛད་པའི་ཡང་དག་པར་སྦྱོར་བའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་མན་ངག་གི་སྙེ་མ་ལས[9]།

རྣམ་གནོན་ཚུལ་མཁས་འཇིགས་མེད་ཀྱིས། །གནད་ལ་རེག་པའི་ཚིག་འདི་ནི། །

དགའ་བ་སྐྱོང་གིས་རྒྱལ་སྲིད་ལོ། །སུམ་ཅུ་རྩ་བདུན་པ་ལ་བྱས། །

ཡུལ་དབུས་ཀྱི་མཁས་པ་ཆེན་པོ་དེ་ཉིད་དང་། མང་དུ་ཐོས་པའི་བསོད་སྙོམས་པ་སངས་རྒྱས་གྲགས་པས་ནཱ་ལེནྡྲར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསུངས་པ་ལྟར་རྒྱལ་པོ་དགའ་བ་སྐྱོང་གིས་རྒྱལ་སྲིད་བསྐྱངས་ནས་ལོ་སོ་བདུན་པ་མཛད་པར་གསུངས་སོ།།

དེ་བཞིན་སློབ་དཔོན་འདིས་མཛད་པའི་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་རྣམས་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས[10]། དེ་ནས་ནཱ་ལེནྡྲ་དང༌། བི་ཀྲ་མ་ལ་ཤཱི་ལའི་མཁན་པོར་སྤྱན་དྲངས། རྒྱལ་པོས་ཀྱང་བླ་མར་བཀུར། དེར་རྨི་ལམ་དུ་རྡོ་རྗེ་ཕག་མོས་བསྟན་བཅོས་རྩོམ་པར་སླར་ཡང་བསྐུལ་བས། བདག་ལྟ་བུའི་བསྟན་བཅོས་ཀྱིས་སེམས་ཅན་ལ་ཕན་མི་ཐོགས་ཞུས། ཁྱོད་བསྟན་བཅོས་རྩོམ་པའི་ཚེ་ང་ཉིད་ལུས་ལ་འཇུག་གོ་གསུངས། དེ་ནས་སློབ་མ་སོ་སོས་གསོལ་བ་བཏབ་པའི་ངོར། བརྒྱད་སྟོང་པའི་འགྲེལ་པ་བརྩམས་པས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཤིས་པ་བརྗོད། ཕྲེང་བ་སྐོར་གསུམ་ལས། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་བརྩམས་པའི་ཚེ། མེ་ཏོག་གི་ཆར་བབས། མན་ངག་སྙེ་མ་བརྩམས་པའི་ཚེ། ཐོག་མཐའ་བར་གསུམ་དུ་བདེ་དགྱེས་དུས་འཁོར་གསུམ་གྱིས་ཤིས་པ་བརྗོད། སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ། གཞན་ཡང་ཕར་ཕྱིན་ལ་ཐུབ་པ་དགོངས་རྒྱན་དང༌། མངོན་པ་ལ་འཇིག་རྟེན་བསྡུས་པ་དང༌། འདུལ་བ་ལ་དགེ་སློང་གི་རིག་བྱེད་འགྲེལ་པ་དང་བཅས་པ་དང༌། འདུལ་བ་སྣང་བ་དང༌། དབུ་མ་ལ་དབུ་མའི་སྙེ་མ་དང༌། གཞན་ཡང་ཡོ་གའི་རྒྱུད་འགྲེལ་པ་མེད་པ་འགའ་རེ་ལ་འགྲེལ་པ་དང༌། སྒྲུབ་ཐབས་གྲགས་པ་ཅན་བཞི་དང༌། སངས་རྒྱས་ཐོད་པའི་འགྲེལ་པ་དང༌། མ་རྒྱུད་མང་པོའི་བརྒལ་ལན་དང༌། འཇིགས་མེད་ལམ་རིམ་དང༌། མདོར་བྱས་དང༌། རིམ་ལྔའི་འགྲེལ་པ། རྩིས་ལ་འཇུག་པ། དུས་འཁོར་གྱི་བརྒལ་ལན། དུས་འཁོར་གསལ་བྱེད། གཞན་ཡང་བསྟན་བཅོས་ཐོར་བུ་དང༌། སྒྲུབ་ཐབས་ཕྲ་མོ་ཤིན་ཏུ་མང་བ་མཛད། སྒྲུབ་ཐབས་སྣ་ཚོགས་བསྡུས་པ་ཡང་བསྒྲིགས། ཞེས་གསུངས་པ་རྣམས་སོ།།  །།

(སློབ་དཔོན་ཨ་བྷྱ་ཀ་ར་གུཔྟ་སྟེ་འཇིགས་མེད་འབྱུང་གནས་སྦས་པའི་ཞབས།)

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༨༥༣

[2] གདམས་ངག་མཛོད་ཤངས་ཆོས། ༼ན༽ ཆོས་སྤྱོད། དཔེ་རིང་། ཤོག་གྲངས་ ༦བ༢

[3] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༦༤

[4] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཧྥ་རན་སི་དཔལ་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༢༢༦

[5] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༠༠

[6] གདམས་ངག་མཛོད་ཤངས་ཆོས། ༼ན༽ ཆོས་སྤྱོད། དཔེ་རིང་། ཤོག་གྲངས་ ༦བ༢

[7] པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཀ༽ བཀྲས་ལྷུན་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་ ༤༤༡

[8] ཤེས་བྱ་ཀུན་ཁྱབ། ༼ཨོཾ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༡༥

[9] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཆ༽ དེབ་ཨང་ ༤ པ། ཤོག་གྲངས་ ༧༣༦

[10] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༦༤

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༩༡ ནས་ ༢༩༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *