ལྔ་པ། པཎ་གྲུབ་བཅུ་བདུན་དང་གྲུབ་ཆེན་བརྒྱད་ཅུར་དཔྱད་པ།
ཀ༽ གྲུབ་ཐོབ་ཀྱི་གོ་དོན་དང་དངོས་གྲུབ་ཀྱི་དབྱེ་བ།
དེ་ཡང་གྲུབ་ཐོབ་ཅེས་པ་ནི། གསང་སྔགས་ཀྱི་ལམ་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཅི་རིགས་ཐོབ་པའི་གང་ཟག་གམ། མཆོག་འབྲིང་ཐ་གསུམ་གྱི་དངོས་གྲུབ་གང་རུང་གྲུབ་པའམ་ཐོབ་པ་ལ་གྲུབ་ཐོབ་ཅེས་བྱ་སྟེ། གུ་རུའི་རྣམ་ཐར་པདྨ་བཀའ་ཐང་ལས[1]།
གསང་སྔགས་ཆོས་ཀྱིས་བདེན་པ་མཐོང་བ་ལ། །
གྲུབ་ཐོབ་ཅེས་ནི་མཚན་དུ་གསོལ་བ་ཡིན། །
ཞེས་གསུངས་ལ། དེ་བཞིན་སློབ་དཔོན་ཟླ་བ་གྲགས་པས་ (c.600-650) མཛད་པའི་སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པ་ལས[2]།
དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང༌། །
དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །
ཞེས་གསུངས་པ་ལྟར་སངས་རྒྱས་ནི་རབ་བོ། །གྲུབ་པ་ཆེན་པོ་བརྒྱད་ནི་འབྲིང་ངོ༌། །ཞི་རྒྱས་དབང་དྲག་གི་འཕྲིན་ལས་ནི་ཐ་མའོ། །གྲུབ་པ་བརྒྱད་ནི། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་པ་ཞེས་བྱ་བའི་རྒྱུད་ལས[3]། སྔགས་དང་། སྨན་དང་། སྦྱིན་སྲེག་དང་། ཕྱེ་མ་དང༌། མིག་སྨན་དང་། རྐང་མགྱོགས་ལ་སོགས་པ་དངོས་གྲུབ་ཆེན་པོ་བརྒྱད་རབ་ཏུ་དཔྱད་པ་སྒྲུབ་པར་བྱེད་པ་ནི་རྟོག་པའི་རྒྱུད་ལ་བཞུགས་སོ། །ཞེས་དྲུག་སྨོས་ནས་གཉིས་དངོས་སུ་མ་བསྟན་ནོ། །ལྷ་མོ་བཞིས་ཞུས་ལས[4]།
རིལ་བུ་མིག་སྨན་དངོས་གྲུབ་དང་། །ས་འོག་རལ་གྲིའི་དངོས་གྲུབ་དང་། །
ནམ་མཁར་འཕུར་དང་མི་སྣང་དང་། །ཤི་བ་མེད་དང་ནད་འཇོམས་དང་། །
ཞེས་གསུངས་ཤིང་། དེ་བཞིན་རྡོ་རྗེ་གུར་ལས་[5]ཀྱང་།
མིག་སྨན་དང་ནི་རྐང་བྱུག་[6]དང་། །རལ་གྲི་ས་འོག་བསྒྲུབ་པ་དང་། །
རིལ་བུ་མཁའ་ལ་སྤྱོད་པ་དང་། །མི་སྣང་བ་དང་བཅུད་ཀྱིས་ལེན། །
ཞེས་གསུངས་པ་ལྟར། འབྲས་བུ་ཕྱི་མ་གཉིས་ནི་ཐུན་མོང་གི་དངོས་གྲུབ་ཡིན་པས་བསྡུ་ན་མཆོག་དང་ཐུན་མོང་གཉིས་ཡིན་ཏེ། རྒྱུད་ཕྱི་མ་ལས[7]།
མི་སྣང་ལ་སོགས་དངོས་གྲུབ་ནི། །
ཐ་མལ་པ་ཞེས་བཤད་པ་ཡིན། །
སངས་རྒྱས་ཉིད་བསྒྲུབ་སངས་རྒྱས་ཀྱིས། །
དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན། །
ཞེས་གསུངས་པ་ལྟར། གསང་སྔགས་བླ་མེད་ཀྱི་ལམ་བསྒོམས་ནས་ཐུན་མོང་གི་དངོས་གྲུབ་བརྒྱད་དེ། ༡ རིལ་བུའི་དངོས་གྲུབ་དང་། ༢ མིག་སྨན་གྱི་དངོས་གྲུབ། ༣ ས་འོག་གི་དངོས་གྲུབ། ༤ རལ་གྲིའི་དངོས་གྲུབ། ༥ རྐང་མགྱོགས་ཀྱི་དངོས་གྲུབ། ༦ མི་སྣང་བའི་དངོས་གྲུབ། ༧ འཆི་མེད་ཀྱི་དངོས་གྲུབ། ༨ ནད་འཇོམས་པའི་དངོས་གྲུབ་བཅས་བརྒྱད་ཀ་ཐོབ་པའམ་གང་ཡང་རུང་བ་ཐོབ་པ་ལ་གྲུབ་ཐོབ་ཅེས་བྱ་བ་ནི། འདོད་ཚུལ་དང་པོ་དེ་ཡིན།
བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་འདན་ཕྲུག་གིས་མཛད་པའི་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པར་བལྟ་བའི་མིག་འབྱེད་ལས[8]། བསྐྱེད་རིམ་ཕྲ་མོས་གྲུབ་ཆེན་བརྒྱད་འགྲུབ་པའི། །རིལ་བུའི་དངོས་གྲུབ་རྒྱུད་ལྡན་ཟོས་པ་ན། །གསེར་མདོག་ལྡན་ཞིང་སྲེད་མེད་བུའི་སྟོབས་ལྡན། །དགེ་ལ་བརྩོན་དང་མངོན་ཤེས་ཐོབ་པར་འགྱུར། །མིག་སྨན་དངོས་གྲུབ་མིག་ལ་བརྐུས་པ་ན། །རབ་ནི་མི་སྣང་འབྲིང་གིས་ས་འོག་གཏེར། །མཐོང་ཞིང་ཐ་མས་མཐོང་ཚད་དབང་དུ་བསྡུས། །ས་འོག་དངོས་གྲུབ་དཔག་ཚད་དུ་མའི་བར། །ས་འོག་འགྲོ་ཞིང་འོང་བའི་བྱ་བ་བྱེད། །རལ་གྲིའི་དངོས་གྲུབ་ལག་ཏུ་བཟུང་ཙམ་གྱིས། །མཁའ་སྤྱོད་རི་རབ་རྩེ་སོགས་ཡུད་ཙམ་བགྲོད། །ནམ་མཁར་འཕུར་དང་འཆི་བ་མེད་པ་དང་། །མི་སྣང་བ་དང་ནད་འཇོམས་བཞི་ནི་སླ། །ཞེས་གསུངས་པ་ལྟར་རོ།།
གསུང་ཚུལ་གཞན་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[9]། ༡ ཞི་བའི་དངོས་གྲུབ་དང་། ༢ རྒྱས་པའི་དངོས་གྲུབ། ༣ དབང་གི་དངོས་གྲུབ། ༤ དྲག་པོའི་དངོས་གྲུབ། ༥ སྟེང་གི་དངོས་གྲུབ། ༦ འོག་གི་དངོས་གྲུབ། ༧ རིག་འཛིན་གྱི་དངོས་གྲུབ། ༨ ས་འོག་གི་དངོས་གྲུབ་བཅས་བརྒྱད་ཀ་ཐོབ་པའམ་གང་ཡང་རུང་བ་ཐོབ་པ་ལ་གྲུབ་ཐོབ་ཅེས་བྱ་བ་ནི་འདོད་ཚུལ་གཉིས་པ་དེ་ཡིན། ཡང་ན། ལྟ་སྟངས་ཀྱི་དངོས་གྲུབ་བརྒྱད་དེ། བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་འདན་ཕྲུག་གིས་མཛད་པའི་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པར་བལྟ་བའི་མིག་འབྱེད་ལས[10]།
བསྐྱེད་རིམ་རགས་པས་ཞི་སོགས་བཞི་འགྲུབ་ཅིང་། །
ལྟ་སྟངས་གྲུབ་ཚད་ལྟ་སྟངས་བྱས་པ་ན། །
ཤིང་རློན་འབྲས་བུ་མ་སྨིན་ས་ལ་ལྷུང་། །
མཁྲེགས་ཤིང་གྱེན་དུ་སྐྱེས་རྣམས་ཐུར་དུ་འགུག །
རྒྱང་རིང་མེ་ཏོག་དྲི་ལྡན་དྲུང་དུ་འདུ། །
རླུང་ནི་དྲག་པོས་བཏབ་ཀྱང་རྩྭ་མི་གཡོ། །
ལྟ་སྟངས་བྱས་ཙམ་ཤི་བ་གསོ་ནུས་ན། །
ཞིང་བཅུ་ཚང་བའི་དགྲ་ལ་དྲག་ལས་རུང་། །
ཞེས་གསུངས་པ་ལྟར། ལྟ་སྟངས་ཀྱི་དངོས་གྲུབ་བརྒྱད་ནི། ༡ ཤིང་ཏོག་འབྲས་བུ་མ་སྨིན་པ་ལྟ་སྟངས་བྱས་ནས་ས་ལ་འབེབས་ནུས་པ། ༢ མཁྲེགས་ཤིང་གྱེན་དུ་སྐྱེས་པ་ལ་ལྟ་སྟངས་བྱས་པ་ཙམ་གྱིས་ཐུར་དུ་འགུག་ནུས་པ། ༣ རྒྱང་རིང་དུ་ཡོད་པའི་ཤིང་ཏོག་དང་མེ་ཏོག་སོགས་ལ་ལྟ་སྟངས་བྱས་པ་ཙམ་གྱིས་རང་དགར་མདུན་དུ་འགུག་ནུས་པ། ༤ གཅན་གཟན་གདུག་པ་ཅན་ལ་ལྟ་སྟངས་བྱས་པ་ཙམ་གྱིས་རང་གི་དབང་དུ་བྱ་བ། ༥ སྔར་རང་ཉིད་ཀྱིས་ལྟ་སྟངས་བྱས་ནས་ས་ལ་ཕབ་པའི་ཤིང་ཏོག་རྣམས་ལ་སླར་ཡང་ལྟ་སྟངས་བྱས་པས་རང་སར་འབྱོར་ནུས་པ། ༦ སྔར་རང་ཉིད་ཀྱིས་ལྟ་སྟངས་བྱས་པ་ཐུར་དུ་བཀུགས་པའི་ཤིང་ལ་སླར་ཡང་ལྟ་སྟངས་བྱས་པས་སྔར་བཞིན་དུ་བསྒྱུར་ནུས་པ། ༧ སྔར་ཉིད་ཀྱིས་ལྟ་སྟངས་བྱས་ནས་མདུན་དུ་བཀུག་པའི་ཤིང་དང་མེ་ཏོག་རྣམས་ལ་སླར་ཡང་ལྟ་སྟངས་བྱས་པས་རང་རང་སོ་སོའི་གནས་སུ་བསྐྱལ་ནུས་པ། ༨ སྔར་རང་ཉིད་ཀྱིས་ལྟ་སྟངས་བྱས་ནས་བསད་པའི་གཅན་གཟན་གདུག་པ་ཅན་ལ་སླར་ཡང་ལྟ་སྟངས་བྱས་པས་གསོན་པོར་གསོ་ནུས་པའི་ནུས་པ་ཁོང་དུ་ཆུད་ཚེ་གསང་སྔགས་བླ་ན་མེད་པའི་ལམ་གྱི་གནས་ཚད་རིམ་པ་དྲུག་གི་ནང་ནས་དང་པོ་མཐར་ཕྱིན་པའི་ཚད་གཞི་ཡིན་པར་བཤད་སྲོལ་ཡོད་པ་ལྟར་དེ་དག་བརྒྱད་ཀའམ། སྐུ་ཚེ་དེ་ལ་སངས་རྒྱས་པའི་མཆོག་གི་དངོས་གྲུབ་གང་རུང་ཐོབ་པ་ལ་གྲུབ་ཐོབ་དང་། གྲུབ་ཆེན། མཚན་གྱི་རྣམ་གྲངས་ལ་གྲུབ་པའི་དབང་པོ་ཡང་ཞུ་སྲོལ་ཡོད་ཚུལ་དུང་དཀར་ཚིག་མཛོད་ཆེན་མོར་[11]གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༣༧
[2] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧ༽ དེབ་ཨང་། ༡༥ པ། ༢༠༠༨ ལོ། ཤོག་གྲངས་ ༨༣༡
[3] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཅ༽ དེབ་ཨང་ ༨༡ པ། ཤོག་གྲངས་ ༩༧༠
[4] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཅ༽ དེབ་ཨང་ ༨༡ པ། ཤོག་གྲངས་ ༩༥༤
[5] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ང༽ དེབ་ཨང་ ༨༠ པ། ཤོག་གྲངས་ ༡༡༡
[6] རྗེའི་རིམ་ལྔ་གསལ་སྒྲོན་དུ་དྲངས་པ་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་འགྲུབ། །རི་ལུ་དང་ནི་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །ཞེས་གསལ།
[7] བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཅ༽ དེབ་ཨང་ ༨༡ པ། ཤོག་གྲངས་ ༥༩༧
[8] ལམ་གྱི་རིམ་པར་བལྟ་བའི་མིག་འབྱེད། རྣམ་རྒྱལ་གྲྭ་ཚང་། ༢༠༠༤ ལོ། ཤོག་གྲངས་ ༢༤༧
[9] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༧༧༥
[10] ལམ་གྱི་རིམ་པར་བལྟ་བའི་མིག་འབྱེད། རྣམ་རྒྱལ་གྲྭ་ཚང་། ༢༠༠༤ ལོ། ཤོག་གྲངས་ ༢༤༧
[11] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༥༦༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༧ ནས་ ༡༦༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།