བཅུ་གསུམ་པ། འཕགས་པ་གྲོལ་སྡེའི་རྣམ་ཐར། ཀ༽ མཚན་དོན།

བཅུ་གསུམ་པ། འཕགས་པ་གྲོལ་སྡེའི་ ༼ཨཱརྱ་བི་མུཀྟཿ༽ རྣམ་ཐར།

ཀ༽ འཕགས་པ་རྣམ་གྲོལ་སྡེའི་མཚན་དོན།

 

དེ་ཡང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་འཕགས་པ་རྣམ་གྲོལ་སྡེའི་ལེགས་སྦྱར་གྱི་མཚན་ལ་ཨཱརྱ་བི་མུཀྟ་ (विमुक्तिसेना)      (Arya Vimuktasena) དང་། རྒྱ་སྐད་ཀྱི་མཚན་ལ། (聖解脫軍) བོད་སྐད་དུ་འཕགས་པ་རྣམ་གྲོལ་སྡེ་ཞེས་ཞུ་ཞིང་། ཨཱརྱ་བི་མུཀྟ་ཞེས་པ་བོད་སྐད་དུ་བསྒྱུར་ན། ཨཱརྱ་འཕགས་པ་དང་། བི་རྣམ་པར། མུཀྟཿ གྲོལ་བ་བཅས་སུ་འཇུག་ལ།

དེ་ཡང་མུཀྟཿ ཞེས་པ་ལེགས་སྦྱར་གྱི་སྐད་ཟུར་ཆག་ནས་མུ་ཏིག་ཏུ་གྱུར་པ་དང་། བོད་སྐད་གཙང་མ་ལྟར་ན་གྲོལ་བ་སྟེ། དེ་ཡང་འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ་ལས[1]། དྲུག་པ་ནི་བདག་གི་རྣམ་པར་གྲོལ་བ་གང་ཡིན་དེས་སེམས་ཅན་ཐམས་ཅད་རྣམ་པར་ཐར་བར་གྱུར་ཅིག །འཁོར་བ་དང་མྱ་ངན་ལས་འདས་པ་ལ་བདག་གནས་པར་མ་གྱུར་ཅིག་ཅེས་ཏེ། རང་གི་རྣམ་གྲོལ་ཐོབ་པའི་གཞི་ཆོས་དབྱིངས་དང༌། སེམས་ཅན་རྣམས་རྣམ་པར་ཐར་པའི་གཞི་ཆོས་དབྱིངས་ངོ་བོ་གཅིག་ཡིན་པས། བདག་གློ་བུར་གྱི་དྲི་མ་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ་ན། དེའི་རྒྱུ་མཐུན་པའི་བྱིན་རླབས་ཀྱི་སྟོབས་ལས། ཆོས་བསྟན་པས་སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བ་དེ་ལྟ་བུར་གྱུར་ཅིག །དེ་ལ་བི་མུཀྟ་རྣམ་པར་གྲོལ་བ། བི་མོ་ཀྵ་རྣམ་པར་ཐར་པ་སྟེ། དོན་གཅིག་མིང་གི་རྣམ་གྲངས་སོ། །ཞེས་གསུངས་པ་ལྟར་རོ།།

དེ་བཞིན་ཀརྨ་པ་མི་བསྐྱོད་རྡོ་རྗེས་ (1507-1554) མཛད་པའི་ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་རྒྱས་པར་སྤྲོས་པ་གྲུབ་བདེའི་དཔྱིད་འཇོ་ལས[2]། རྣམ་གྲོལ་དེ་འདུས་བྱས་དང་འདུས་མ་བྱས་རྣམ་པ་གཉིས་སོ། །དེ་ལ་ཉོན་མོངས་བཅོམ་ཞིང་སྤངས་པ་ནི་རྣམ་པར་གྲོལ་བ་འདུས་མ་བྱས་ཡིན་ནོ། །མི་སློབ་པའི་མོས་པ་ནི་རྣམ་པར་གྲོལ་བ་འདུས་བྱས་ཡིན་ཏེ་མོས་པ་དང་རྣམ་གྲོལ་ཞེས་བྱ་བ་སྐད་ཀྱི་བྱིངས་གཅིག་པའི་ཕྱིར། ཨདྷི་མུཀྟ་དང་། བིམུཀྟ་ཞེས་སོ། །རྣམ་པར་གྲོལ་བ་འདུས་བྱས་དེ་ནི་མི་སློབ་པའི་ཡན་ལག་ཡིན་ཏེ། དེ་ལས་གཞན་དགུ་བཞིན་དུ་ཡན་ལག་རྣམས་ནི་འདུས་བྱས་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟར་རོ།།

གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[3]།

དབུ་མའི་ལམ་བརྙེས་འཕགས་པ་རྣམ་གྲོལ་སྡེ། །

དད་པའི་སར་གནས་བཙུན་པ་རྣམ་གྲོལ་སྡེ། །

ཞེས་གསུངས་པ་ལྟར་རྣམ་གྲོལ་རྣམ་གཉིས་ཏེ་འཕགས་པ་རྣམ་གྲོལ་སྡེ་དང་། བཙུན་པ་རྣམ་གྲོལ་སྡེ་རྣམ་གཉིས་ལ་སྐྱེ་འཕགས་དང་བླ་སློབ་ཀྱི་ཁྱད་པར་མཆིས་ལ། གཞན་ཡང་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ། མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས[4]།

འཕགས་པ་ཐོགས་མེད་ཅེས་བྱ་གྲགས་པ་གསལ་ལྡན་ཤེས་རབ་ལྡན་པའི་མཆོག་གྱུར་པ། །དེ་ཉིད་རྣམ་པར་ངེས་པར་བཤད་པ་རབ་ཏུ་སྦྱར་མཛད་དེས་མཛད་པ་ཡི་མཐུས། །དངོས་དང་དངོས་མེད་རྣམ་དབྱེའི་ཕྱོགས་ལ་མཁས་པར་བྱེད་པའི་མངོན་རློམ་གྱིས་མཐོ་བ། །སློབ་དཔོན་དབྱིག་གཉེན་གྱིས་ནི་གཞུང་གི་འགྲེལ་པར་དོན་བཤད་པ་ལ་གནས་ཐོབ་གྱུར། །རྣལ་འབྱོར་གོམས་པས་དོན་གྱི་དེ་ཉིད་བསྲུབས་ལས་འཇིག་རྟེན་འདས་པའི་ཤེས་རབ་ལྡན། །སྐྱེས་གྱུར་བློ་བཟང་འཕགས་པ་རྣམ་གྲོལ་སྡེ་ཡིས་འགྲེལ་པ་ལ་ནི་ཆེར་འབད་ལ། །མཐའ་གཅིག་སྐྱེས་གྱུར་མི་མཐུན་ཕྱོགས་ལྟ་ཞི་བྱེད་བསྟན་བཅོས་ལ་མཁས་རྟོགས་ལྡན་གང་། །རྣམ་གྲོལ་སྡེ་ཞེས་ཚིག་ཏུ་འཇིག་རྟེན་ན་གྲགས་གཞན་པ་དེས་ནི་རྣམ་འགྲེལ་མཛད། །དེ་ལ་བློ་ཉམས་བདག་འདྲས་སྔོན་ཆད་མེད་ཅིང་བརྗོད་པར་ནུས་མིན་གང་གི་ཕྱིར། །མཁས་མཆོག་རྣམས་ཀྱིས་ཉིན་དང་ཉིན་ལ་མ་དཔྱད་དངོས་པོའི་ཚུལ་དེ་གང་ཞིག་ཡོད། །ཡེ་ཤེས་ཐོབ་བྱེད་ཆོས་ཀྱི་དེ་ཉིད་ཡུལ་ལ་བདག་ནི་འདོད་པ་སྐྱེས་གྱུར་པ། །དེས་ན་དམ་པའི་དོན་གྱི་ཡུལ་མཆོག་བཤད་པ་བྱེད་ལ་མངོན་པར་སྤྲོ་བར་གྱུར། །ཞེས་གསུངས་པ་ལྟར་གཅིག་ནི་ཉི་སྣང་མཛད་པ་པོ་དང་། ཅིག་ཤོས་ཉི་ཁྲི་རྣམ་འགྲེལ་མཛད་པ་པོ་ཡིན་པས་རྣམ་གྲོལ་སྡེ་ཞེས་མཚན་ཟུར་གྱི་བཙུན་པ་དང་འཕགས་པ་ཞེས་མ་སྦྱར་ཚེ་མཚན་མཚུངས་པ་ཙམ་གྱིས་གཅིག་ཏུ་འཁྲུལ་བར་མི་བྱའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཏཱ་ར་ནཱ་ཐའི་གསུང་འབུམ། ༼༣༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༥༦

[2]  མངོན་པ་མཛོད་ཀྱི་འགྲེལ་ཆེན། ཀར་ཊཱིཀ གླེགས་བམ་གཉིས་པ། དཔེ་རིང་། ཤོག་གྲངས་ ༣༡༡བ༡

[3]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༨༧

[4]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཆ༽ དེབ་ ༥༡ པ། ༡༩༩༤ ལོ། ཤོག་གྲངས་ ༨༩༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *