ཁ༽ བསྟན་བཅོས་ཀྱི་མཚན་ཉིད།
གཉིས་པ། བསྟན་བཅོས་ཀྱི་མཚན་ཉིད་ནི། ཆོས་རྗེ་ས་སྐྱ་པཎྜི་ཏས་ (1182-1251) མཛད་པའི་ཆོས་འབྱུང་ཆེན་མོ་ལས[1]། རྩོམ་པ་པོ་ཚད་དང་ལྡན་པས་བྱས་པ་བཀའ་དེ་ལ་བརྟེན་ནས་བཀའི་དགོངས་འགྲེལ་དུ་བྱས་ཤིང་། བྱེད་པ་ཐར་པ་ཐོབ་པ་དང་རྗེས་སུ་མཐུན་པ་སྟེ། (བྱམས་མགོན་གྱི་) རྒྱུད་བླ་མ་ལས[2]།
གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །
དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །
ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པར། །
དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །
ཞེས་སོ། །དེ་ཡང་འཕགས་པ། ཡི་དམ་ལྷའི་ཞལ་གཟིགས་པའམ། ལྔ་རིག་པ་བླ་མ་དམ་པའི་གདམས་ངག་ཡོད་པའི་རྩོམ་པ་པོ་ཚད་དང་ལྡན་པའི་ཞེས་པས་དེ་ལས་གཞན་པའི་ངག་རྣམས་བཀའ་ལ་བརྟེན་ཞེས་པས། བཀའ་ཉིད་དང་། ཐར་པ་ཐོབ་ཅེས་པས་མུ་སྟེགས་ཀྱི་གཞུང་རྣམས་བསལ་ཏོ། །ཞེས་གསུངས་པ་ལྟར། ༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་གསོ་རིག་སྨན་གྱི་ཁོག་འབུགས་ལས་[3]ཀྱང་། བསྟན་བཅོས་གང་ཞིག་རྒྱལ་བས་སྟོན་པའམ་གསུངས་པའི་ལུང་འབའ་ཞིག་གི་དབང་དུ་བྱས་ནས་དོན་དེ་བརྗོད་ཀྱིས། རང་གི་རིགས་པ་དང་ལྡན་པའི་སྤོབས་པས་བརྗོད་པ་མ་ཡིན་ལ། འོན་ཀྱང་སྟོན་པའི་ལུགས་ལྟར་ཡིན་ནམ། ཕྱི་རོལ་དབང་ཕྱུག་ལ་སོགས་པས་བྱས་པའི་ལུགས་ལྟར་ཡིན་ནམ་སྙམ་པའི་ཕྱི་རོལ་པའི་ལུགས་ལ་སེམས་སམ་རྩོམ་པ་པོའི་གཞན་ལ་ཀུན་སློང་གི་ཁྱད་པར་དང་། རང་ཉིད་ལ་རྙེད་པ་བཀུར་སྟི་དང་གྲགས་པ་ལ་བལྟ་བ་སོགས་འདུ་འཛི་རྣམ་གཡེང་མེད་པའི་ཡིད་ཅན་གྱིས་བཤད་པ། གང་གི་ཚེ་དེའི་དོན་ཙམ་དང་མཐོ་རིས་ཀྱི་དོན་ཙམ་སྟོན་པ་མ་ཡིན་པར། ཐར་པ་མྱང་འདས་ཀྱི་ས་ཐོབ་པའི་ལམ་དང་རྗེས་སུ་མཐུན་པར་བསྟན་པ་གང་ཡིན་པ་དེ་ཡང་དྲང་སྲོང་གི་བཀའ་སྟེ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་བཞིན་སྤྱི་བོར་བླངས་ཤིང་བཟུང་བར་བྱའོ། །ཞེས་གསུངས་སོ།།
པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་ཕར་ཕྱིན་མཐའ་དཔྱོད་ཡུམ་སྒྲོན་ཡང་གསལ་སྒྲོན་མེ་ལས[4]། གཉིས་པ་རང་ལུགས་བཞག་པ་ནི། གདུལ་བྱའི་ཉོན་མོངས་སྤོང་དོན་དུ་སྟོན་པས་གསུངས་པའི་གསུང་རབ་མཐར་ཐུག་དེ་བཀའི་མཚན་ཉིད། མདོ་གང་ཡང་རུང་བའི་དགོངས་འགྲེལ་དུ་གདུལ་བྱས་བརྩམས་པའི་སེམས་ཅན་གྱི་ངག་དེ་ནང་པ་སངས་རྒྱས་པའི་བསྟན་བཅོས་རྣམ་དག་གི་མཚན་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར། བསྟན་བཅོས་ཀྱི་ངོ་བོ་ནི། བཀའ་གང་ཡང་རུང་བའི་དགོངས་འགྲེལ་དུ་བརྩམས་པའི་སེམས་ཅན་གྱི་ངག་དེ། ནང་པ་སངས་རྒྱས་པའི་བསྟན་བཅོས་རྣམ་དག་གི་ངོ་བོ་དང་། ཡང་ན་ཤེས་སྒྲིབ་མ་སྤངས་པའི་རྩོམ་པ་པོས་བརྩམ་བྱའི་དོན་རྟོགས་པའི་སྒོ་ནས། རྙེད་བཀུར་སོགས་ཀྱི་རྣམ་གཡེང་མེད་པར་བཀའི་དགོངས་འགྲེལ་དུ་བརྩམས་པའི་ངག་རྣམ་དག་དེ། ནང་པའི་བསྟན་བཅོས་རྣམ་དག་གི་ངོ་བོར་འཇོག་[5]པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༩༤
[2] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ཨང་ ༧༠ པ། ༢༠༠༨ ལོ། ཤོག་གྲངས་ ༩༧༧
[3] གསོ་རིག་སྨན་གྱི་ཁོག་འབུགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༡༨༣
[4] པཎ་ཆེན་བསོད་ནམས་གྲགས་པའི་གསུང་འབུམ། ༼༤༽ སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་། ༢༠༡༦ ལོ། ཤོག་ ༥
[5] འབྲོག་མི་བྱམས་པ་བློ་གྲོས། བོད་ལྗོངས་ནང་བསྟན། ཤོག་གྲངས་ ༧༣ ཁ༽ བསྟན་བཅོས་ཀྱི་མཚན་ཉིད།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧ ནས་ ༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།