དགེ་སློང་མ་སྦོམ་དགའ་མོ་སྤོས་ཚོང་གི་ཁྱེའུ་ལ་ཆགས་ཀྱང་དྲན་ཤེས་ཀྱིས་ཟིན་ནས་སྤོས་ཚོང་གི་བུ་ལ་ལྡོག་པས་བསྟུན་ཚུལ།

༄༅། །དགེ་སློང་མ་སྦོམ་དགའ་མོ་སྤོས་ཚོང་གི་ཁྱེའུ་ལ་ཆགས་ཀྱང་དྲན་ཤེས་ཀྱིས་ཟིན་ནས་སྤོས་ཚོང་གི་བུ་ལ་ལྡོག་པས་བསྟུན་ཚུལ།

 

༼ དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་བཏུས།[1]༽

 

སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་གཟུགས་བཟང་བ། མཛེས་པ། ལྟ་ན་སྡུག་པ་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ་དེ་ཆུང་མ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ། །

དེ་བླངས་ནས་རིང་པོ་མ་ལོན་པར་དེ་ནས་དགེ་སློང་མ་སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་དེ་ལ་ཆགས་པར་གྱུར་ཏེ། དེ་སྤོས་འཚོང་གི་ཁྱེའུ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ། །བཞིན་བཟངས་ཁྱོད་ཅི་ག་བག་མ་སར་པས་སེམས་མགུའམ། དེས་འདི་སྐད་ཅེས་སྨྲས་སོ། །འཕགས་མ་གལ་ཏེ་མགུ་བར་གྱུར་ན་ཡང་དོན་འདི་ཁྱོད་ལ་ཅི་དགོས། གལ་ཏེ་མ་མགུ་བར་གྱུར་ན་ཡང་དོན་འདི་ཁྱོད་ལ་ཅི་དགོས། དེ་སྐད་ཅེས་སྨྲས་པ་དང་། སྦོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ། །ངས་ཀོ་ཁྱོད་དང་ལྷན་ཅིག་དགོས་པ་ཅུང་ཟད་ཅིག་བྱ་བར་ནུས་སྙམ་ན་ཅུང་ཟད་ཀྱང་མི་བཟོད་ན་དེར་ཟད་དོ། །

དེ་ནས་སྤོས་འཚོང་གི་ཁྱེའུ་དེས་དགེ་སློང་མ་འདི་ནི་སེམས་ཆགས་པར་གྱུར་ཏོ་སྙམ་དུ་བསམས་སོ། །དེ་དེའི་དྲུང་དུ་ཡང་དང་ཡང་དུ་སོང་ནས་བརྡ་བྱེད། དུས་འདེབས། མཚན་མ་སྟོན་པར་བྱེད་ཅིང་། འཕྱར་གཡེང་དང་། གཞོགས་སྟེགས་དང་། རྩ་བ་ཧྲལ་དག་ཀྱང་བྱེད་དོ། །དེ་ནས་སྤོས་འཚོང་གི་ཁྱེའུ་དེ་དུས་གཞན་ཞིག་ན་སྦོམ་དགའ་མོའི་དྲུང་དུ་འོངས་པ་དང་། དེས་དེ་གཡོགས་ཏེ་བཞག་གོ །དེ་ནས་སྦོམ་དགའ་མོ་གཙུག་ལག་ཁང་གི་ཕྱི་རོལ་དུ་སོང་སྟེ་རྐང་ལག་བཀྲུས་ནས་སློབ་མ་དང་ཉེ་གནས་རྣམས་ལ་བསྒོ་བ་བྱས་ནས་སྤོས་འཚོང་གི་ཁྱེའུ་དེ་དང་དབེན་པར་སོང་སྟེ་འདུག་གོ །རེ་ཞིག་ན་དེས་འཁྲིག་ཐབས་སུ་བཅུག་པ་དང་། དེའི་ཚེ་སྦོམ་དགའ་མོས་འདི་སྙམ་དུ་བདག་དགེ་སློང་མ་རྣམས་ཀྱི་གོང་དུ་འགྲོ་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། ཚངས་པར་སྤྱོད་པ་ལ་གནས་པའི་དྲིན་ཡིན་ན། གལ་ཏེ་ད་བདག་གིས་རྣམ་པ་འདི་ལྟ་བུའི་ཉེས་པར་སྤྱོད་པ་སྤྱད་པས་དགེ་སློང་མ་ཉམས་པར་བྱས་ན་སུ་ཞིག་བདག་ལ་འདྲི་བར་བྱེད་སྙམ་དུ་སེམས་བསྐྱེད་ཅིང་བསམས་ནས་སྦོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་དེ་ལ་འདི་སྐད་ཅེས་སྨྲས་སོ། །

བཞིན་བཟངས་ཐོང་ཐོང་། དེ་ནས་སྤོས་འཚོང་གི་ཁྱེའུ་དེས་འདི་སྙམ་དུ་གདོན་མི་ཟ་བར་འདི་ནི་མི་བདེ་བ་ཞིག་ཏུ་འདུག་གོ་སྙམ་དུ་བསམས་ནས་དེས་ཀྱང་བཏང་ངོ་། །དེ་ནས་སྦོམ་དགའ་མོས་རྒྱབ་བདེ་བར་བཞག་སྟེ་རྐང་པ་གཡས་པ་བསྐུམ་ནས་སྤོས་འཚོང་གི་ཁྱེའུ་དེ་ལ་རྡོག་པ་གཅིག་བརྒྱབ་ནས་རྩིབ་མ་གཉིས་བཅག་གོ །དེ་ནས་སྤོས་འཚོང་གི་ཁྱེའུ་དེ་ཁྲག་ཏུ་སྐྱུག་བཞིན་དུ་བྲོས་ཏེ་སོང་ངོ་། །དེ་ནས་སྦོམ་དགའ་མོ་དབྱར་ཁང་གི་དབུས་སུ་འདུག་ནས་བདུད་བཅོམ་མོ། །བདུད་བཅོམ་མོ་ཞེས་བོས་སོ། །དེ་ནས་དགེ་སློང་མ་དེ་དག་གིས་ཐོས་ནས་འདི་སྐད་ཅེས་སྨྲས་སོ། །ཅི་ཕུ་ནུ་མོ་ཁྱོད་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སམ། ལན་གཅིག་ཕྱིར་འོང་བའི་འབྲས་བུའམ། ཕྱིར་མི་འོང་བའི་འབྲས་བུའམ། འབྲས་བུའི་མཆོག་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཆུང་ངུ་ན་གཞན་དག་སངས་རྒྱས་ཀྱི་བསྟན་པ་ལ་དགེ་བའི་རྩ་བ་བསྐྱེད། དེས་འདི་སྐད་ཅེས་སྨྲས་སོ། །ཅང་མ་ཡིན་ནོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །འོ་ན་ཁྱོད་ཀྱིས་བདུད་ཅི་ལྟ་བུ་ཞིག་བཅོམ། དེས་སྐབས་དེ་དག་ཕལ་མོ་ཆེའི་ནང་དུ་སྨྲས་སོ། །དེ་ནས་དགེ་སློང་མ་དེ་དག་གིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱོད་རེམ་པ་ཞིག་དང་མ་ཕྲད་དུ་ཟད་ཀྱི་དེ་ལྟ་བུ་ཞིག་ན་ཁྱོད་ཐག་བཅུག་པར་འགྱུར་རོ། །དེ་ནས་དགེ་སློང་མ་མང་པོ་རྣམས་ཀྱིས་སྦོམ་དགའ་མོས་སྨྲས་ཀྱང་དགའ་བར་ཡང་མི་བྱེད། ཁྲོ་བར་ཡང་མི་བྱེད་དོ། །དགའ་བར་ཡང་མི་བྱེད། ཁྲོ་བར་ཡང་མི་བྱེད་པ་དང་སྟན་ལས་ལངས་ཏེ་དོང་ངོ་།། །།

[1] བཀའ་འགྱུར་དཔེ་བསྡུར་མ། འདུལ་བ། ༼ཏ༽ དེབ་ཨང་ ༩ པ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༧༢ ནས་དང་། འཕགས་བོད་ཀྱི་སྐྱེས་ཆེན་མ་དག་གི་རྣམ་པར་ཐར་པ་པདྨ་དཀར་པོའི་ཕྲེང་བ། ༼༢༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༡༣ ནས་ ༢༡༤ བར་བཞུགས་པ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *