༡) ཀླུ་བོས་དང་འཕགས་པ་ལྷས་མཁན་པོ་མཛད་ཚུལ།
དེ་ཡང་འཕགས་པ་ལྷ་དང་སློབ་དཔོན་ཀླུ་བོས་རྣམ་གཉིས་ཀྱིས་ནཱ་ལེནྡྲའི་མཁན་པོ་མཛད་ཚུལ་ནི། སློབ་དཔོན་འཕགས་པ་ལྷ་རང་ཉིད་ཀྱིས་མཛད་པའི་དབུ་མ་འཁྲུལ་པ་འཇོམས་པ་ཞེས་བྱ་བའི་མཛད་བྱང་ལས[1]། དེ་བས་ན་མདོ་སྡེ་དུ་མ་ནས་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བར་བྱའོ། །
དངོས་འཛིན་གདོན་གྱིས་ཟིན་གྱུར་ཅིང་། །མ་རིག་གཉིད་ཀྱིས་ལྡོངས་པ་ཡི། །
སེམས་ཅན་རྣམས་ལ་འཕགས་པ་ལྷས། །བདེན་པ་གཉིས་པོ་གསལ་བར་བཤད། །
དབུ་མ་འཁྲུལ་པ་འཇོམས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཨཱརྱ་དེ་ཝས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་པ། འཛམ་བུའི་གླིང་གི་རྒྱལ་པོ་སུ་ཁ་ཙརྱས་ནཱ་ལེན་ཏྲའི་གཙུག་ལག་ཁང་ཆེན་པོར་གསོལ་བ་བཏབ་ནས་མཛད་དོ་ཞེས་ཐོས་སོ། །ཞེས་བྱུང་བ་ལྟར། དབུ་མ་འཁྲུལ་པ་འཇོམས་པ་འདི་ཉིད་མཛད་ཡུལ་དཔལ་ནཱ་ལེནྡྲར་ཡིན་པར་གསལ་བར་བྱུང་ལ། དེ་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ནག་ཚོ་ལོ་ཙཱ་བ་རྣམ་གཉིས་ཀྱིས་གསན་པར་གསུངས་པས་འདི་ལས་ཁུངས་བཙན་པའི་དཔྱད་གཞིའི་ཡིག་ཆ་རྙེད་དཀའ་འོ།།
དེ་བཞིན་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། དེ་ནས་སློབ་དཔོན་ཨཱརྱ་དེ་ཝས་ནཱ་ལེནྡྲར་ཡང་ཡུན་རིང་དུ་བཞུགས་ཤིང༌། མཐར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་ཡུལ་ཀཉྩི་དང་ཉེ་བའི་རཾ་ག་ནཱ་ཐ་ཞེས་བྱ་བར་སྒྲ་གཅན་འཛིན་བཟང་པོ་ལ་སྙིང་པོའི་དོན་གྱི་བསྟན་པ་གཏད་ནས་སྐུ་འདས་སོ། །སློབ་དཔོན་ཨཱརྱ་དེ་ཝ་དང་དུས་མཚུངས་པ་ལ། ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་ཀླུ་བོས་ཞེས་བྱ་བ་མཚན་དངོས་ཏ་ཐཱ་ག་ཏ་བྷ་དྲ་སྟེ་དེ་ཀླུ་རྣམས་ཀྱིས་སྤྱན་དྲངས་ཏེ། ཀླུའི་ཡུལ་དུ་ལན་བདུན་བྱོན་པ་ཡིན་ལ། ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་རྣམ་པར་བཤད་པ་མཛད་ཅིང༌། རྣམ་རིག་གི་དབུ་མ་ཅུང་ཟད་གསལ་བར་མཛད་དོ། །ད་ལྟ་བོད་དུ་འགྱུར་བའི་སྐུ་གསུམ་ལ་བསྟོད་པ་[3]ཡང་སློབ་དཔོན་འདིས་མཛད་པ་ཡིན་ཅིང༌། ཁྱད་པར་སློབ་དཔོན་དེས་སྙིང་པོའི་བསྟོད་པ་ཞེས་བྱ་བའི་བསྟན་བཅོས་ཀྱང་མཛད་ལ། དེའི་ཚེ་ལྷོ་ཕྱོགས་ཀྱི་རྒྱུད་བི་ཏྱ་ན་ག་ར་ལ་སོགས་པ་ཕལ་ཆེ་བར་དེ་བཞིན་བཤེགས་པའི་སྙིང་པོའི་མདོའི་ཚིགས་བཅད་རྣམས་གྲོང་ཁྱེར་གྱི་ཁྱེའུ་བུ་མོ་ཚུན་ཆོད་ཀྱིས་གླུར་ལེན་པ་བྱུང་ཞིང༌། དེ་ཙམ་དུ་བསྟན་པ་རྒྱས་པར་མཛད་ནས། སླར་ཡང་དཔལ་ནཱ་ལེནྡྲའི་མཁན་པོ་ཡུན་རིང་དུ་མཛད་དོ། །སློབ་དཔོན་འདི་ཡང་ཀླུ་སྒྲུབ་ཀྱི་སློབ་མའོ། །ཞེས་གསུངས་པ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་རྒྱལ་སྲས་འཕགས་པ་ལྷ་དང་། སློབ་དཔོན་ཀླུ་བོས་གཉིས་ཀས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་མཛད་འཁུར་བཞེས་ཏེ་རྒྱལ་བསྟན་གསལ་བར་མཛད་དོ།།
དེ་བཞིན་སྨིན་གླིང་རབ་འབྱམས་པ་ཨོ་རྒྱན་ཆོས་ཀྱི་གྲགས་པས་ (1676-?) མཛད་པའི་ཆོས་འབྱུང་བསྟན་པའི་ཉི་མ་ལས[4]། སློབ་དཔོན་ཨཱརྱ་དེ་བ་ཡུན་རིང་ནཱ་ལེནྡྲར་བཞུགས་ནས་མཐར་སྒྲ་གཅན་འཛིན་བཟང་པོ་ལ་སྙིང་པོའི་བསྟན་པ་གཏད་ནས་སྐུ་འདས་སོ། །སློབ་དཔོན་དེ་དང་དུས་མཚུངས་ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་ཀླུ་བོས་ཞེས་བྱ་བ་བྱུང་། ཀླུའི་ཡུལ་དུ་ལན་བདུན་བྱོན་པར་གྲགས། ཐེག་ཆེན་གྱི་མདོ་རྣམས་ལ་བཤད་པ་མཛད་ཅིང་། ད་ལྟ་བོད་ན་ཡོད་པའི་སྐུ་གསུམ་གྱི་བསྟོད་པ་ཡང་སློབ་དཔོན་གྱིས་མཛད་པ་ཡིན་པར་གྲགས། འདིས་དཔལ་ནཱ་ལེནྡྲའི་མཁན་པོ་ཡང་ཡུན་རིང་བྱས་ཤིང་ཀླུ་སྒྲུབ་ཀྱི་སློབ་མའོ། །ཞེས་སློབ་དཔོན་ཀླུ་བོས་ཀྱིས་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་པར་གསུངས་ལ། ཀླུ་བོས་ཀྱི་རྣམ་ཐར་རྒྱས་པ་དཔལ་ནཱ་ལེནྡྲའི་མཁན་རབས་ཀྱི་སྐབས་སུ་བཀོད་ཡོད་པ་དེར་གཟིགས་པར་ཞུ།
གཞན་ཡང་སློབ་དཔོན་ཨཱརྱ་དེ་ཝས་མཁན་པོ་མཛད་ཚུལ་ནི། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[5]། རྒྱ་གར་ཤར་དང་ལྷོ་ནི་སངས་རྒྱས་པའི་བསྟན་པ་རྟ་དཀར་པོའི་ཟེ་བ་ཙམ། ཡུལ་དབུས་སོགས་ནི་རྟའི་སྤུ་ཙམ་མོ་གདམས་པས། དེས་དེ་རྣམས་ཚར་བཅད་དོ་སྙམ་སྟེ་རྐང་པ་འཁྲུད་འཕྲོ་བཅད་ནས་ནཱ་ལནྡཱའི་ཕྱོགས་སུ་སོང་ངོ་། །དེ་དང་ཉེ་བ་ལམ་ཁ་བྲག་ཅིག་འདུག་པར་ཤིང་གཅིག་ལ་བུ་མོ་ས་པ་དི་ནི་བྱ་བ་ཤིང་ཐོག་ཟ་ཡིན་འདུག་པ་ལ། ནཱ་ལནྡཱའི་ལམ་གང་ཡིན་དྲིས་པས། རྨོངས་པ་མཐའ་འཁོབ་ཀྱི་མི་སྒྲ་མི་ཤེས་པ་ནཱ་ལནྡཱ་བྱ་བ་ཡིན་ཟེར་ལམ་བསྟན་པས་སྤུ་ཟིང་བ་ཞིག་བྱུང་། ཇོ་བོ་སྒྲོལ་མའི་སྤྲུལ་པ་ཡིན། དེར་ཕྱིན་པས་དཔལ་ནཱ་ལནྡཱ། བོད་ཀྱི་སྐད་དུ་ན་རྒྱུན་སྟེར་ཞེས་བྱ་བ་དེར་སླེབས། དེ་ན་གཙུག་ལག་ཁང་ཆེན་པོ་བཅུ་བཞི། གླིང་ཕྲན་བརྒྱད་ཅུ་རྩ་བཞི། རྟེན་བྱིན་རླབས་ཅན་མང་པོ་དང་། པཎྜི་ཏ་ལྔ་བརྒྱ། མཐར་བིར་ཝ་མང་པོ་བཞུགས་ཤིང་འདུག་པ་ལ་སུས་ཀྱང་ཁོ་དང་རྩོད་མ་ནུས། དེར་ཁོས་ནང་མ་རེ་བཞིན་ཚ་བའི་གྲལ་དུ་འོངས་ནས་མགོ་ལ་དབྱུག་པ་རྡེག་ཅིང་། དགེ་སྦྱོང་དག་མགོ་བོ་འདི་ག་ནས་འོངས་ཟེར། ཐེམ་པ་ལ་བཞོན་ནས་ང་ཕྱིར་འགྲོའམ་ནང་དུ་འགྲོ། བྱིའུ་ཆང་པར་བཅུག་ནས་འདི་འཆིའམ་མི་འཆི་ཟེར་ཡང་ལན་འདེབས་མི་ནུས་སོ། །ཞེས་བྱུང་བ་ལྟར་སློབ་དཔོན་འཕགས་པ་ལྷ་དང་། མུ་སྟེགས་རྟ་དབྱངས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་རྩོད་པ་མཛད་སྐབས་ནཱ་ལེནྡྲ་དེ་ཉིད་སྐབས་དེར་གཞི་ཁྱོན་ཇི་ལྟ་བུ་ཞིག་ཡོད་པ་དང་། དེར་བཞུགས་པཎྜི་ཏ་ཞལ་གྲངས་ཇི་ཙམ་ཡོད་པ་རྣམས་གསལ་བར་བྱུང་། འོན་ཀྱང་བྱང་ཆུབ་སེམས་དཔའ་རྟ་དབྱངས་ཀྱི་རྣམ་ཐར་ལས[6]། རྟ་དབྱངས་དང་རྩོད་པ་མཛད་པ་པོ་ནི་གནས་བརྟན་རྩིབས་ལོག་ཡིན་པར་གསུངས་ལ། དེ་བཞིན་ཐང་སན་བླ་མས་ (603-664) མཛད་པའི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས[7]། རྟ་དབྱངས་དང་རྩོད་པ་མཛད་ཡུལ་གཎྜིའི་སྒྲ་ཞེས་འབོད་པའི་དགོན་པར་ཡིན་ཚུལ་གསལ་བ་ལས་དཔལ་ནཱ་ལེནྡྲར་སློབ་དཔོན་ཨཱརྱ་དེ་ཝ་དང་རྩོད་པ་མཛད་ཚུལ་མི་གསལ་བས་དཔྱད་དགོས་པར་སྣང་ངོ་།།
དེ་བཞིན་འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་སྡོམ་པའི་ཆོས་ཀྱི་བྱུང་ཚུལ་རྡོ་རྗེ་འཛིན་པའི་དགའ་སྟོན་ལས[8]། སློབ་དཔོན་ཀརྞ་རི་པ་ནི། མེ་ཏོག་ལ་བརྫུས་ཏེ་སྐྱེས། རབ་ཏུ་བྱུང་ནས་ནཱ་ལེནྡྲའི་མཁན་པོ་མཛད། མཁན་བུ་འབུམ་ཙམ་ཡོད། སླར་དེ་ནས་བྱོན་ནས་དཔལ་གྱི་རིར་སློབ་དཔོན་ཀླུ་སྒྲུབ་ཀྱི་དྲུང་དུ་བྱོན། ཞེས་སློབ་དཔོན་འཕགས་པ་ལྷས་ནཱ་ལེནྡྲའི་མཁན་པོ་མཛད་ཚུལ་ཡིག་ཆ་དུ་མར་གསལ་བར་བྱུང་ངོ་།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ ༥༧ པ། ༢༠༠༨ ལོ། ཤོག་གྲངས་ ༨༤༩
[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༡༢
[3] བསྟན་འགྱུར་དུ་བཞུགས་པའི་སྐུ་གསུམ་ལ་བསྟོད་པ་རྩ་འགྲེལ་གཉིས་ཀ་ཀླུ་སྒྲུབ་ཀྱིས་མཛད་པས་དཔྱད་དགོས།
[4] བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། པོད། ༼ཇི༽ དབུ་མེད་བྲིས་མ། ཤོག་གྲངས་ ༨༦བ༣
[5] ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ཕ་རན་སི་འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་ ༥༨
[6] ཡའོ་ཆིན་སྡེ་སྣོད་གསུམ་པ་གཞོན་ནུ་སྲོག་གིས་ཕྱི་ལོ་ ༤༠༡ ནས་བཅུ་གཉིས་བར་དུ་སཾ་སྐྲི་ཏ་ནས་རྒྱ་ནག་ཡི་གེར་བསྒྱུར་ཅིང་།
བཞག་པ་སྐྱེ་མིང་པས་ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༡༠ ཚེས་ ༡༦ ལ་གྲོང་ཁྱེར་ཟི་ལིང་དུ་རྒྱ་ནག་ཡི་གེ་ནས་བོད་ཡིག་ཏུ་བསྒྱུར་བའོ།།
[7] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༩༡
[8] དྷརྨ་ཀཱིརྟི་ཤཱསྟྲམ། ༼ཏ༽ ༼ཀ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༦བ༢
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༨༡ ནས་ ༡༨༥ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།