རྒྱུ་ནད་བཅོས་པ་ཀླུ་སྒྲུབ་ཀྱིས་མཛད་པ།

༄༅། །རྒྱུ་ནད་བཅོས་པ་ཀླུ་སྒྲུབ་ཀྱིས་མཛད་པ།[1]

 

༄༅། །སངས་རྒྱས་སྨན་གྱི་ལྷ་ལ་ཕྱག་འཚལ་ལོ། །རྒྱུ་གཟེར་རྒྱུ་ནི་རླུང་འཁྲིས་བད་ཀན་གསུམ། །རྐྱེན་ནི་མ་མོ་མཁའ་འགྲོའི་ནད(ཡིན)། །རོ་སྟོད་གཟེར་ཞིང་རྒྱུ་མ་སྨུག །རྒན་གཞོན་(གཉིས་ཀའི)ཚེའི་བར་དུ་གཅོད། །འདི་ལ་ལྔ་སྟེ་རྒྱུ་དང་། རྐྱེན་དང་། མཚན་ཉིད། རྟགས་དང་། བཅོས་ཐབས་སོ། །གཤེད་ཉམས་ཆུང་ཞིང་ཚིགས་བཞི་ན། །མཚན་ཉིད་ནི། སྤྱི་ཡི་མཚན་ཉིད་(དེ་ནས)ནང་རྟགས་ནི། །རླུང་(གི་འཁྲུ)དང་ཚ་(འཁྲུ)གྲང་(འཁྲུ)གསུམ་དུ་འཁྲུ(དེར་འདུས)། །

དེ་ལ་རླུང་གིས་འཁྲུ་ལུགས་ནི། །འབྲུག་སྒྲ་ཆེ་ལ་ཡང་བ་ནི། །ཤེས་པ་རྒོད་ལ་ལག་པ་འཚབ། །སྦུ་ཆུ་(གློ་བ་ལ་བབས་པ་ཡིན)སོག་གེ་འོང་བ་ཡིན། ཆུ་ནང་བླུག་ན་ཐེག་ཏུ་འོང་། །འཁྲུ་མདོག་སྐྱ་བོར་(སྲོད་དང་མཐོ་རེངས་ཤིན་ཏུ་ན)འོང་བ་ཡིན། །ཚ་བས་འཁྲུ་བའི་མཚན་ཉིད་ནི། །ཚིགས་བཞི་ན་ལ་ཉལ་སྙིང་འདོད། །ཉིན་གུང་ནམ་གུང་ཤིན་ཏུ་ན། །འཁྲུ་མདོག་སེར་(འཁྲིས་པ་ལས་གྱུར་པ)པོ་འོང་བ་ཡིན། །དུད་ཁར་བྱུང་(ཞག)ན་བདུན་དུ་(མཆེར་པ་ལ་བབས་པས་མི་ཐུབ།)འཆི། །རང་ལ་རྒྱུ་ཤུན་བྱུང་(སྙིང་པ་རྒྱུ་མ་བབས་པས་མི་ཐུབ།)བ་ཡང་། །ཆུ་ནང་བླུག་ན་གཏིང་དུ་འགྲོ། །དམར་པོར་འཁྲུ་བ་མང་(མཆིན་པར་བབས་པ་གསོ་བ་མང་)བ་ཡིན། །འཁྲུ་བ་འོང་བ་མི་ཚོར་ཏེ། །དེ་ནི་ཚ་བའི་འཁྲུ་ལུགས་ཡིན། །དེ་ལ་གྲང་བའི་འཁྲུ་ལུགས་ནི། །ཆུ་ཡི་ནང་དུ་བླུག་པའི་ཚེ། །བར་ན་ལྡིང་ཞིང་ཆད་ནས་འོང་། །གསུས་པ་འཁྲོག་གི་ཕོ་བ་ན། །ཁྱད་པར་སྔ་དྲོའི་དུས་སུ་ན། །མཁལ་སྐེད་ན་ཞིང་འབྲས་བུ་སྐྲང་། །དེ་ནི་གྲང་འཁྲུའི་མཚན་ཉིད་ཡིན། །སྤྱིར་ན་ཚད་པ་འབའ་ཞིག་ཡིན། །ཞག་གཉིས་བད་ཀན་གནས་སུ་བབས། །དེ་ནས་འཁྲིས་པའི་གནས་སུ་བབས། །མཐའ་མ་རླུང་གི་གནས་སུ་བབས། །བསྡུ་དང་བསད་དང་བཅད་དང་གསུམ། །སྨན་གྱི་ལས་སུ་ཤེས་པར་བྱ། །དེ་ལ་ཟས་ཀྱི་བཅོས་ཐབས་ནི། །ལྟོ་རུ་རྣམ་གསུམ་གཏང་བར་བྱ། །སྐོམ་དུ་གངས་ཆུ་གྲང་མོ་གཏུང་། །བ་རའི་འོ་མ་རྟག་ཏུ་གཅེས། །མཐའ་མར་མར་ཁུ་བུ་རམ་སྦྱར་ལ་བཏང་། །རི་ཐང་མཚམས་སུ་གཟེམ་པར་བྱ། །དེ་ལ་སྨན་གྱི་ངོས་བསྟན་པ། །འབྲས་བུ་གསུམ་དང་མ་ནུ་སླེ་ཏྲེས་རྣམས། །དང་པོ་བསྡུད་པའི་སྨན་དུ་ཤེས་པར་བྱ། །བཟང་པོ་དྲུག་དང་ཐ་རཾ་ན་རཾ་དང་། །དོམ་འཁྲིས་བཅོས་ཁྲག་ཏྲོ་མ་དང་། །གླ་རྩི་ལ་སོགས་བསད་པའི་སྨན། །ཐ་རཾ་ན་རཾ་དམག་དང་མོན་ཅ་ར། །ཤ་འབྲས་དྲོ་མ་གྲོ་དང་འབྲས་རྣམས་ནི། །དཔྱད་པའི་སྨན་ཏེ་གཞུག་ལ་གཏང་། །སྨན་ནི་དགྲ་ཟུན་མི་སྡེབ་སྟེ། །འཐུན་འཐུན་གྲངས་སུ་སྡེབས་ལ་གཏང་། །རྒྱུ་ནད་བཅོས་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགསྷོ།།  །།

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1] བོད་ལུགས་གསོ་རིག་རྩ་ཆེའི་དཔེ་རྙིང་ཀུན་བཏུས། ༼ག༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་གྲངས་ ༤༨༤ ཐོག་གསལ་བའི་ཁམས་བྲིས་ཤོག་བུ་གཉིས་ཅན་ལས་བཏུས་པའོ།།

 

Leave a Reply

Your email address will not be published. Required fields are marked *