༄༅། །ཕྱི་ལོ་ ༢༠༠༦ ཟླ་བ་ ༢ ཚེས་ ༨ ཉིན་ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་བོད་ཀྱི་སངས་རྒྱས་པའི་ཆོས་བརྒྱུད་ཆེན་པོ་བཞིའི་བཞེད་དགོངས་གཅིག་ཏུ་བབས་པའི་སྐོར་ལས་བརྩམས་པའི་བགྲོ་གླེང་བཀའ་སློབ་ལས་ཟུར་འདོན་ཞུས།[1]
༡༽ སྔ་འགྱུར་རྙིང་མ།
ནང་པའི་ཆོས་ཀྱི་ཐོག་མ་དེ་སྔ་འགྱུར་རྙིང་མ་ཡིན་ཅིང་། བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་མེས་པོ་དམ་པ་ནི་སྔ་འགྱུར་ཆགས་ཡོད། དེ་ཡང་མཁན་སློབ་ཆོས་གསུམ་ནས་དབུ་བརྙེས་ཤིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི་སྦྱིན་བདག་ཡིན་ལ། ཁོང་ཉིད་ཧ་ཅང་མཁས་པའང་ཡིན་པ་ལྟ་བུ་ཞིག་ཡོད།
རྗེ་བདག་ཉིད་ཆེན་པོས་མཛད་པའི་ལེགས་བཤད་གསེར་ཕྲེང་ལས[2]། ད་ལྟ་ཡུམ་གསུམ་གཞུང་འགྲེལ་གནོད་འཇོམས་ཞེས་པ་བམ་པོ་ཉེར་དགུར་བྱས་པ་ལོ་ཙྪ་བ་ཆེན་པོ་ཡེ་ཤེས་སྡེས་བསྒྱུར་བ་དང་། འབུམ་རྐྱང་པའི་གཞུང་འགྲེལ་གནོད་འཇོམས་ཞེས་པ་འགྱུར་བྱང་མེད་པ་སྔ་མ་ལས་ཉིས་འགྱུར་གྱིས་གླེགས་བམ་རྒྱས་པ་གཅིག་དང་གཉིས་སྣང་ཞིང་། སྔ་མ་ལ་དཀར་ཆག་འཕང་ཐང་མར་བམ་པོ་ཉེར་བདུན་ཞེས་འབྱུང་ཡང་ཉེར་དགུར་ཁོ་རང་ལས་འབྱུང་ངོ་། །ཕྱི་མ་འདི་འཕང་ཐང་གི་དཀར་ཆག་ཏུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཛད་པ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་གྱི་རྒྱ་ཆེར་འགྲེལ་ཞེས་འབྱུང་བས་རྒྱལ་པོས་མཛད་པ་ཡིན་ནོ། །ཞེས་གསུངས་པ་ལྟར། ཞིབ་ཕྲ་ཇི་ལྟར་ཡོད་མེད་མི་ཤེས་ཀྱང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཆབ་སྲིད་ཀྱི་དཔོན་པོ་ལྟ་བུ་ཞིག་མིན་པར་ནང་ཆོས་ལའང་ཐུགས་སྣང་ཆེན་པོ་ཡོད་པ་ཞིག་ཡིན་འདུག །
མདོར་ན་ཆོས་རྒྱལ་གྱིས་སྦྱིན་བདག་མཛད་ཅིང་། མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་རྣམ་གཉིས་རྒྱ་གར་འཕགས་ཡུལ་ནས་བོད་དུ་གདན་ཞུ་གནང་བ་ལྟར་ཕེབས་ཏེ། མཁན་ཆེན་ཞི་བ་འཚོས་འདུལ་བའི་བསླབ་པ་སྩལ་བ་ནས་བཟུང་སྟེ་དབུ་ཚད་ཀྱི་གཞུང་ལུགས་སློབ་ཁྲིད་མཛད་པ་སོགས་བསྟན་པ་སྤྱིའི་འགན་ཁུར་མཁན་ཆེན་ཞི་བ་འཚོས་གནང་བ་སྟེ་ཧ་ཅང་གསལ་པོ་ཡིན། མཁན་ཆེན་ཞི་བ་འཚོ་ཞེ་ས་མ་ཞུས་ན། མིག་རྒྱང་རིང་པོར་གཟིགས་མཁན་ཞིག་ཡིན་པར་མ་ཟད། མཁན་ཆེན་ཞི་བ་འཚོས་རྒྱ་གར་སྐད་ཐོག་བཞུགས་པའི་བཀའ་བསྟན་ཆ་ཚང་བོད་ཡིག་ཏུ་བསྒྱུར་ནས། ཁྱེད་རང་ཚོ་བོད་མིས་བོད་ཡིག་རང་གི་ཐོག་ནས་ནང་ཆོས་སློབ་སྦྱོང་བྱེད་དགོས་ཞེས་གསུངས་ཤིང་། ཆོས་རྒྱལ་དང་བཀའ་བསྡུར་གནང་ཡོད་ངེས་ལ་འདི་ལྟར་གཏན་འབེབས་མཛད་ཡོད། དཔེར་ན་སོག་ཡུལ་དུ་ནང་ཆོས་སློབ་སྐབས་བོད་ཡིག་གི་ཐོག་ནས་སློབ་བཞིན་ཡོད། དེ་བཞིན་བོད་དུའང་ཐོག་མར་ལེགས་སྦྱར་གྱི་ཐོག་ནས་སློབ་ཁྲིད་བྱ་རྒྱུའི་སྲོལ་བཏོད་ན་ཡོང་ངེས་ལགས་ཤིང་། མཁན་ཆེན་ཞི་འཚོ་རང་ཉིད་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་སློབ་སྦྱོང་གནང་མི་དགོས་པར་ལེགས་སྦྱར་སྐད་ཀྱི་ཐོག་ནས་གསུངས་ན་མ་འགྲིག་པ་མེད་ཀྱང་། བོད་ཀྱི་སྐད་ཡིག་ཐོག་བསྒྱུར་དགོས་ཞེས་མཁན་ཆེན་ཞི་འཚོས་གཟེངས་བསྟོད་དབུགས་དབྱུང་གནང་བ་ཧ་ཅང་གསལ་པོ་རེད། དེ་དག་ལ་བསམས་ཚེ་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་བརྗོད་པ་ལྟར་ན། མཁན་ཆེན་ཞི་བ་འཚོ་རང་ཉིད་ཀྱིས་ཀྱང་བོད་ཡིག་སྦྱངས་པ་གནང་ཡོད་པ་རེད་ཅེས་བརྗོད་ཀྱི་འདུག །དེ་ལྟར་ཧ་ཅང་བཀའ་དྲིན་ཆེནཔོ་རེད།
མཁན་ཆེན་ཞི་བ་འཚོ་དགུང་ལོ་ ༩༠༠ བཞུགས་པ་དང་། དགུང་ལོ་ ༡༠༠༠ བཞུགས་པ་སོགས་གསུང་སྲོལ་ཡོད། སྔར་རྒྱ་གར་ལྷོ་ཕྱོགས་སུ་བོད་ཁང་ནས་གོ་སྒྲིག་བྱས་ཏེ་མཁན་ཆེན་ཞི་བ་འཚོའི་རྗེས་དྲན་ཚོགས་འདུ་ཞིག་ཚོགས་པ་རེད། སྐབས་དེར་རྒྱ་གར་བ་མ་ཐུར་ཞུ་བ་ཁོང་གིས་མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས་དགུང་ལོ་ ༧༥ ཡིན་ཅིང་། བོད་དུ་ལོ་ངོ་ཉི་ཤུ་རྩ་གྲངས་བཞུགས་པ་བཅས་དགུང་ལོ་ ༡༠༠ ཙམ་བཞུགས་པ་རེད། དེས་ན་བོད་པས་དགུང་ལོ་ ༡༠༠༠ བཞུགས་ཚུལ་བརྗོད་པ་ནི། བོད་པས་དགུང་ལོ་ ༡༠༠ ཐམ་པའི་ཐོག་ཀླད་ཀོར་ཞིག་བསྣན་ནས་ ༡༠༠༠ བཟོས་པ་རེད་ཅེས་སྔར་ཨུ་པ་དྷེ་བས་བཤད་ཡོད་པ་རེད་ཅེས་བརྗོད་བྱུང་། མཁན་ཆེན་ཞི་འཚོ་དགུང་ལོ་ ༡༠༠༠ ཡས་མས་བཞུགས་པ་འདི་ཡང་ཧ་ཅང་ཁག་པོ་ཡིན། དེ་བཞིན་མགོན་པོ་ཀླུ་སྒྲུབ་དགུང་ལོ་ ༦༠༠ བཞུགས་པ་སོགས་ཀྱང་ཧ་ཅང་ཁག་པོ་རེད། མ་གཞི་འཆི་མེད་རིག་འཛིན་བརྙེས་པ་དང་། ས་མཐོན་པོར་ཕེབས་པ་སྟེ། སྐུ་ཚེ་འདིར་མཆོག་གི་དངོས་གྲུབ་བརྙེས་པ་ཞིག་རེད། འོན་ཀྱང་བསྟན་པའི་བདག་པ་སྟོན་པ་བཅོམ་ལྡན་འདས་ཁོང་ཉིད་ཡོངས་གྲགས་སངས་རྒྱས་པ་ཞིག་ཡིན་ནའང་། དགུང་ལོ་བརྒྱད་ཅུ་གྱ་གཉིས་ཙམ་ལས་མ་བཞུགས་ཤིང་། དེའི་རྗེས་འབྲང་པ་དག་ཀྱང་འཇིག་རྟེན་ཀུན་དང་མཐུན་པ་ཞིག་གི་ཐོག་ནས་ཕེབས་ཡོད་ངེས། སྤྱིར་བཏང་དམིགས་བསལ་གྱི་གནས་ཚུལ་རེ་ཟུང་ཡོང་སྲིད་པ་ཡིན། ང་ཚོར་དག་སྣང་ཆེ་དྲགས་ན། སློབ་མ་དད་པ་ཅན་གྱིས་བླ་མ་ཟོག་པོར་བཏང་། ཞེས་པའི་དཔེ་ལྟར་ཆགས་ཀྱི་མེད་དམ་སྙམ། ང་རང་ཚོས་བསྟོད་ར་ཡིན་ཁུལ་དང་། དད་པ་ཆེ་མདོག་གིས་ཡོངས་གྲགས་དང་མི་མཐུན་པ་ཤུགས་ཆེར་བརྗོད་པ་དུ་མ་ཡོད།
ཆོས་རྒྱལ་སྲོང་བཙན་སྒམ་པོའི་དབུར་ཨ་མི་དྷེ་ཝའི་དབུ་ཞིག་ཡོད་པ་དེར་ངོས་རང་ཐེ་ཚོམ་ཟ་གི་འདུག །ངེས་པ་དོན་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དང་འོད་དཔག་མེད་ཀྱི་རིགས་བདག་ཡོད་པ་སོགས་ཏན་ཏན་ཡིན་ངེས། དངོས་སུ་སྲོང་བཙན་སྒམ་པོའི་དབུ་ལ་འོད་དཔག་མེད་ཀྱི་ཞལ་ཡོད་པ་དག་སྣང་ལ་ཏན་ཏན་ཡོང་གི་ཡོད་ངེས། དཔེར་ན། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་བྱོན་པའི་གསེར་ཀོང་རྡོ་རྗེ་འཆང་བླ་མ་ཁྱད་དུ་འཕགས་པ་ཞིག་ཡོད། ཁོང་ཕྱག་རྒྱ་མ་བཞེས་པ་གནང་ཡོད་ལ། ཕྱག་རྒྱ་མ་དེ་ཡང་ཁོང་གི་དགེ་རྒན་ཁྲི་ངག་དབང་ནོར་བུས་ལུང་བསྟན་ཡོད་པ་ལྟ་བུ་ཞིག་སྟེ། ཁྲི་ངག་དབང་ནོར་བུ་འབྲས་སྤུངས་སུ་བཞུགས་ཤིང་། གསེར་ཀོང་རྡོ་རྗེ་འཆང་དགའ་ལྡན་པའི་བླ་མ་ཡིན་ལ། ལྷ་སར་བཞུགས་འཇགས་གནང་སྟེ་ཞོགས་པ་ནམ་མ་ལངས་གོང་ནས་འབྲས་སྤུངས་སུ་ཕེབས་ནས་ཁྲི་ངག་དབང་ནོར་བུའི་དྲུང་ནས་གསུང་ཆོས་ཞུ་རྒྱུ་དང་། ཆུ་ལེན་གཙང་བཟོ་སོགས་ཚང་མ་གནང་བཞིན་ཡོད་འདུག །ཉིན་ཞིག་ལྷ་སའི་གནས་ཚང་དུ་གསེར་ཀོང་རྡོ་རྗེ་འཆང་བསླབ་སྐྱོན་བྱུང་སྟེ། སང་ཉིན་དེར་འགྱོད་པ་སྐྱེས་ཏེ་ཤུམ་བཞིན་དུ་ལྷ་ས་ནས་འབྲས་སྤུངས་སུ་ཕེབས་ཏེ་ཁྲི་ངག་དབང་ནོར་བུའི་དྲུང་དུ་སླེབས་མ་ཐག་བརྐྱངས་ཕྱག་འཚལ་ནས་བཤགས་པ་འབུལ་སྐབས་ཁྲི་ངག་དབང་ནོར་བུས་མཆོད་པ་བསྒྲིགས་ནས། ཁོང་ལ་མངོན་མཁྱེན་ཡོད་འདུག །ཁྱེད་རང་དུས་ལ་བབས་ཡོད། ཁྱེད་རང་འགྲིགས་པ་རེད་ཅེས་བཀའ་གནང་ཡོད། མདོར་ན། ཁོང་གསང་ཡུམ་ཡོད་པ་ཞིག་རེད། དེ་ལྟ་བུའི་བླ་མ་ཚད་ལྡན་དེ་ཉིད་སྐུ་གོང་མ་མཇལ་ཁར་ཕེབས་སྐབས་ཤིག་ཏུ་༸རྒྱལ་བ་སྐུ་གོང་མ་སྤྱན་རས་གཟིགས་སེམས་ཉིད་ངལ་གསོ་ཞིག་ལ་ཞལ་གཟིགས་ནས་ཇ་ཡུན་གཅིག་ཙམ་བཞུགས་ཡོད་འདུག །དེའི་རིང་སེམས་ཉིད་ངལ་གསོ་དེ་ཉིད་ལས་དབང་བཞི་བྱིན་རླབས་ཀྱི་དག་སྣང་ཧ་ཅང་གསལ་པོ་ཞིག་བྱུང་བ་དང་། གསེར་ཀོང་རྡོ་རྗེ་འཆང་མཇལ་ཁ་གྲུབ་ནས་མར་ཕེབས་སྐབས་ཧ་ཅང་ཤུགས་ཆེ་བཤུམས་ཀྱི་འདུག་ཅེས་ཟེར། བླ་མ་དེ་ཉིད་བསམ་གྱིས་མི་ཁྱབ་པ་ཞིག་རེད་འདུག །འོན་ཀྱང་སྐུ་ཚེ་འདིར་སྐུ་ཧ་ཅང་མཉེལ་པོ་ཞིག་ཡོང་བ་འདུག །ཅེས་གསུངས་ཡོད། གསེར་ཀོང་རྡོ་རྗེ་འཆང་ཁོང་ཐུན་མོང་མ་ཡིན་པའི་རྟོགས་པ་མཐོན་པོ་ཆགས་ཡོད་སྟབས། ཡུལ་རྟེན་གཉིས་འཕྲད་སྐབས་སྤྱན་རས་གཟིགས་སེམས་ཉིད་ངལ་གསོར་གཟིགས་ཀྱི་ཡོད། མི་ཚང་མས་སྐུ་གོང་མ་སེམས་ཉིད་ངལ་གསོར་མཇལ་རྒྱུ་མེད།
དེས་ན་སྲོང་བཙན་སྒམ་པོའི་དབུ་སྟེང་གི་འོད་དཔག་མེད་ཀྱི་སྣང་བརྙན་དེ་ཡང་དེ་ལྟ་བུ་ཞིག་ཡིན་ངེས་ལས། ཡོངས་གྲགས་ལྟར་དབུ་སྟེང་དུ་ཤ་རྡོག་སྐྱེས་པ་ལྟ་བུ་ཞིག་ཡིན་ན། འོད་དཔག་མེད་དེས་གསུང་བྱོན་མིན་དང་། ལྗགས་དང་མགུལ་མིད་ཇི་ལྟ་བུ་ཞིག་ཡོད་པ། ལྷག་པར་སྲོང་བཙན་སྒམ་པོའི་ཀླད་པའི་དཀྱིལ་དབུས་ནས་འོད་དཔག་མེད་ཀྱི་མིད་པ་ཡོད་པ་དེ་ལྟར་ཨེ་ཡིན། ངོས་རང་ཐེ་ཚོམ་མང་དུ་ཟ་བཞིན་འདུག །དེ་རིགས་ང་ཚོས་དག་སྣང་ཤུགས་ཆེ་བྱས་ཏེ་སྐྱབས་སུ་མཆིའོ། །ད་དུང་འོད་དཔག་མེད་དེ་ལས་རྫིག་ཙམ་ཡོད་ན་དད་པ་ཆེ་རུ་འགྲོ་བ་ལྟ་བུ་བསམ་བློར་འཁོར་ཉེན་ཡོད། ང་ཚོའི་གླེན་པའི་དག་སྣང་ཆེ་དྲགས་ན་ཡག་པོ་མེད་སྙམ། ངོས་ནས་སྲོང་བཙན་སྒམ་པོར་མ་གུས་པ་བྱས་པ་མིན་པར་དངོས་ཡོད་གནས་ཚུལ་དང་བསྟུན་ནས་འགྲོ་དགོས་པ་དེ་གལ་གནད་ཆེན་པོ་ཡིན། དེ་ལྟར་བྱས་ན་སྲོང་བཙན་སྒམ་པོ་དགུང་ལོ་སུམ་ཅུ་སོ་གྲངས་བཞུགས་པ་དང་། དགུང་ལོ་བརྒྱད་ཅུ་གྱ་གྲངས་བཞུགས་པ་གང་ཡིན་དེ་ལའང་ཕལ་ཆེར་ལན་ཐེབས་ཀྱི་རེད་སྙམ། དག་སྣང་ལ་སྐུ་ཚེ་ཡུན་རིང་བཞུགས་པ་ལྟ་བུ་ཡོད་པ་དང་། དེ་བཞིན་སྲོང་བཙན་སྒམ་པོ་སྐུ་གཤེགས་སྐབས་རང་བྱུང་ལྔ་ལྡན་གྱི་ཐུགས་ཀར་ཐིམ་པའི་གསུང་སྲོལ་གཅིག་དང་། སྲོང་བཙན་སྒམ་པོ་སྐུ་གཤེགས་ནས་སྐུ་ཕུང་འཕྱོངས་རྒྱས་བཙན་པོའི་བང་སོའི་ནང་ཡོད་པ་གཉིས་ཀ་ཡོང་ཆོག་པ་ཞིག་ཡིན། དེ་ཡང་དག་སྣང་གི་ངོར་རང་བྱུང་ལྔ་ལྡན་གྱི་ཐུགས་ཀར་ཐིམ་པ་དང་། ཐུན་མོང་གདུལ་བྱའི་སྣང་ངོར་སྐུ་གདུང་འཕྱོངས་རྒྱས་སུ་ཡོད་པ་བཅས་ཡོང་ཆོག་པ་ཡིན། དེས་ན་ངོས་ནས་མཁན་ཆེན་ཞི་བ་འཚོའི་རྣམ་ཐར་ངོ་སྤྲོད་ཞུ་རྒྱུ་དང་། ཁོང་ཧ་ཅང་བཀའ་དྲིན་ཆེན་པོ་རེད་འདུག །སློབ་དཔོན་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་བཀའ་བབས་ཀྱི་ལས་འགན་ལྟ་བུ་ནི། མི་དང་མི་མིན་གྱི་ནག་པོའི་ཕྱོགས་ཀྱི་མི་མཐུན་པའི་བགེགས་བར་སེལ་བར་མཛད་ཅིང་། ལས་འགན་གཙོ་བོ་གཞན་ཞིག་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དབུས་ཐུན་མོང་མ་ཡིན་པའི་གདུལ་བྱ་སྐལ་བ་དང་ལྡན་པ་ཉུང་ཤས་ཤིག་ལ་གསང་སྔགས་བླ་མེད་ཀྱི་བཀའ་བརྒྱད་ལ་སོགས་པའི་དབང་ལུང་ཁྲིད་གསུམ་གནང་བ་སོགས་མཛད་ཡོད། འདི་ལྟར་བྱས་ཏེ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་བྱུང་བས། མཁན་ཆེན་ཞི་བ་འཚོ་ཡོངས་གྲགས་དབུ་མ་རང་རྒྱུད་པ་སྟེ། ཐ་སྙད་དུ་རང་མཚན་ཞལ་གྱིས་བཞེས་མཁན་ཞིག་དང་། ཕྱི་དོན་ཞལ་གྱིས་མི་བཞེས་པས་ན་སྔ་འགྱུར་རང་གི་རང་ལུགས་ལ། འགའ་ཞིག་བརྗོད་པ་ལྟར་ན། རང་རྒྱུད་པའི་ལྟ་བ་གཙོ་བོ་ཡིན་པར་གསུངས་ཤིང་། རོང་ཟོམ་པཎྜི་ཏ་ཡང་རང་རྒྱུད་པའི་ལྟ་བ་གཙོ་བོར་གནང་གི་ཡོད་ཚུལ་གསུང་མཁན་ཡོང་གི་འདུག །འོན་ཀྱང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་གསུང་ནང་ཐ་སྙད་དུ་ཡང་རང་མཚན་ཞལ་གྱིས་མི་བཞེས་པ་སྟེ། དཔལ་ལྡན་ཟླ་བ་གྲགས་པའི་བཞེད་པ་གཙོ་བོ་ཡིན་པ་ཧ་ཅང་གསལ་པོ་ཡོད། དེ་བཞིན་ཀུན་མཁྱེན་འཇིགས་མེད་གླིང་པས་ཀྱང་ལྟ་བ་ཟླ་བ་གྲགས་པའི་བཞེད་པ་གཙོ་བོར་གནང་བ་ཧ་ཅང་གསལ་པོ་རེད། དེས་ན་སྔ་འགྱུར་རྙིང་མའི་ལྟ་བའི་ཕྱོགས་ནས་བརྗོད་ན། དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཉིད་གཙོ་བོར་གནང་གི་ཡོད་པ་ཧ་ཅང་གསལ་པོ་རེད་འདུག །དེ་དག་ནི་སྔ་འགྱུར་རྙིང་མའི་སྐོར་དེ་ཡིན།
༢༽ བཀའ་གདམས་རྙིང་མ།
དེ་ནས་གསར་མའི་སྐབས་ནས་ཐོག་མར་ཇོ་བོ་བཀའ་གདམས་པ་ནི། ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་ནས་བརྒྱུད་དེ་བྱུང་ཞིང་། ཁོང་ཉིད་རྒྱ་གར་ནས་ཕེབས་ཤིང་། སྐུ་ཚེ་སྟོད་ལ་རྒྱ་གར་ནཱ་ལེནྡྲར་སློབ་གཉེར་གནང་བ་དང་། སྐུ་ཚེ་སྨད་ལ་བི་ཀྲ་མ་ཤཱི་ལར་བསྟན་པའི་བྱ་བ་གཙོ་བོར་བསྐྱངས་ནས་བཞུགས་པ་ཞིག་ཡིན། མཁན་ཆེན་ཞི་བ་འཚོ་དཔལ་ནཱ་ལེནྡྲ་ནས་ཕེབས་པ་རྩོད་པ་གཏན་ནས་མེད། དེས་སྔ་འགྱུར་མའི་ཁུངས་གཏུག་ས་དཔལ་ནཱ་ལེནྡྲ་ཆགས་ཡོད། བཀའ་གདམས་པར་ཆ་མཚོན་ནའང་། ཇོ་བོ་རྗེ་ཕྱིས་སུ་ནཱ་ལེནྡྲར་བཞུགས་མེད་ཀྱང་། ཁོང་གིས་འཆད་ཉན་གནང་བ་རྣམས་ནཱ་ལེནྡྲའི་མཁས་པའི་གཞུང་ལུགས་དེ་དག་ཡིན་པ་ལས་དེ་ལས་ལོགས་སུ་གྱུར་པ་ཞིག་མེད།
༣༽ དཔལ་ལྡན་ས་སྐྱ་པ།
དེ་ནས་དཔལ་ས་སྐྱ་པ་ནི། ས་ཆེན་ཀུན་དགའ་སྙིང་པོའི་གདམས་ངག་གི་ཁུངས་གཏུག་ས་གྲུབ་ཆེན་བིར་ཝ་པ་ཡིན་ཅིང་། གྲུབ་ཆེན་བིར་ཝ་པ་ནི། གནས་བརྟན་ཆོས་སྐྱོང་ཞེས་དཔལ་ནཱ་ལེནྡྲའི་མཁས་པ་ཆགས་ཡོད། ཁོང་གི་སྐུ་ཚེ་སྟོད་ལ་སེམས་ཙམ་པའི་ལྟ་བ་ཞལ་གྱིས་བཞེས་མཁན་ཞིག་ཡིན། དཔེར་ན། ཨཱརྱ་དེ་ཝས་མཛད་པའི་དབུ་མ་བཞི་བརྒྱའི་འགྲེལ་པ་གནས་བརྟན་ཆོས་སྐྱོང་གིས་སེམས་ཙམ་ལུགས་སུ་བཀྲལ་བ་གནང་ཡོད། དེས་ན་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་བཤད་པ་ལས[3]། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་ཐུགས་དགོངས་མི་ཤེས་ཤིང་། དོན་གྱི་དེ་ཁོ་ན་ཉིད་ངེས་པར་ཟིན་པ་མེད་པར་ཡི་གེ་ཙམ་ངེས་པས་འཇིགས་པར་འགྱུར་བ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཆོས་འདི་ཡོངས་སུ་སྤངས་པས། དེའི་ཕྱིར་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། དབུ་མའི་བསྟན་བཅོས་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ་ཞེས་བཤད་པ།
ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་པས། །
སྐྱེ་བོས་ལུགས་བཟང་གང་དག་རྒྱང་རིང་སྤངས་པས་དེ་ཡི་ཚིག །
ལེའུར་བྱས་པའི་ཁ་འབུས་ཀུ་མུ་ཏ་ཁ་བྱེ་བའི་ཆུས། །
ད་ལྟ་ཟླ་བ་གྲགས་པ་རེ་རྣམས་རབ་ཏུ་སྐོང་བར་བྱེད། །
གལ་ཏེ་གནས་བརྟན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང༌། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་པ་ལྟར། གནས་བརྟན་ཆོས་སྐྱོང་གིས་ཐ་སྙད་དུ་ཡང་རང་མཚན་ཞལ་གྱིས་མི་བཞེས་པའི་དབུ་མའི་ལྟ་བ་དེ་ཞལ་གྱིས་བཞེས་ཀྱི་མེད་པ་འཇུག་པ་རང་འགྲེལ་ནང་ཐོན་ཡོང་གི་ཡོད། དེ་ནི་སྐུ་ཚེ་སྟོད་ཀྱི་རྣམ་ཐར་ཡིན་ཅིང་། སྐུ་ཚེ་སྨད་ལ་གསང་སྔགས་ཀྱི་རྣལ་འབྱོར་ལ་བརྟེན་ནས་རྟོགས་པ་མཐོན་པོར་ཕེབས་པ་ཡོངས་གྲགས་རེད། དེ་ལྟར་རྟོགས་པ་མཐོན་པོར་ཕེབས་སྐབས། དགེ་ལུགས་པའི་གཞུང་ནང་དུ་ཡོད་ལ། སེམས་ཙམ་པའི་ལྟ་བ་དང་། བདེ་ཆེན་ལྷན་ཅིག་སྐྱེས་པ་སྦྱར་ནས་བདེ་སྟོང་ཟུང་འཇུག་བྱེད་པ་ཡོད་ཅིང་། གང་ཟག་གི་བདག་མེད་དང་བདེ་བ་ཆེན་པོ་སྦྱར་ནས་བདེ་སྟོང་གི་ཟུང་འཇུག་ཡོང་མི་ཐུབ་ལ། མདོར་ན་དབུ་སེམས་གང་རུང་གི་ལྟ་བ་དང་འབྲེལ་བའི་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་སྐྱོང་བ་ཞིག་ཡོང་གི་ཡོད། འོན་ཀྱང་དེ་ལྟ་བུའི་སེམས་ཙམ་པའི་ལྟ་བ་ཞལ་གྱིས་བཞེས་མཁན་གྱི་རྣལ་འབྱོར་པ་དེ་ཉིད་བདེ་སྟོང་གི་ཏིང་ངེ་འཛིན་ལ་བརྟེན་ནས་རིམ་བཞིན་རྫོགས་རིམ་གྱི་རྟོགས་པ་ཇེ་མཐོར་ཕྱིན་ཏེ། མདོར་ན་རགས་པའི་རླུང་སེམས་ཐིམ་ནས་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་ཉམས་མྱོང་སྐྱེ་སྐབས། ཉམས་མྱོང་གི་སྟེང་ནས་དབུ་མ་པའི་ལྟ་བར་འཕོས་པ་རེད་ཅེས་གསུང་སྲོལ་ཡོད། དེ་ནི་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་གཅིག་གི་ནང་དུ་དེ་ནི་སེམས་དབེན་གྱི་མཚམས་ནས་རྟོགས་པ་འཕོ་ཚུལ་གསུངས་པ་ཞིག་འདུག་སྙམ། དེ་ནི་ལོ་མང་གོང་མཐོང་བ་ཞིག་ཡིན་ཅིང་། ཕྱིས་སུ་དོ་སྣང་དང་ལྟ་རྒྱུ་གང་ཡང་མ་བྱུང་།
དེ་བཞིན་རྫོགས་ཆེན་གྱི་གཞུང་ལུགས་ནང་། དཔེར་ན། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་གསུང་ནང་། འཁོར་འདས་ཐམས་ཅད་གཉུག་སེམས་རིག་པ་ཀུན་ཏུ་བཟང་པོའི་རོལ་པའམ་དེའི་རྩལ་ལས་ཤར་བ་ཞིག་གིས་ཉམས་མྱོང་གི་སྟེང་ནས་ངོ་སྤྲོད་བྱེད་མཁན་ཞིག་བྱུང་ན། ཐལ་འགྱུར་བའི་ལུགས་ཀྱི་མིང་རྐྱང་བཏགས་ཡོད་ཙམ་མིན་པར། རང་བཞིན་གྱིས་སྟོང་པ་དེ་རང་ཤུགས་གོ་ཐུབ་པ་ཡིན་ཞེས་གསུངས་པ་དེ་ཧ་ཅང་འདྲ་པོ་འདུག །དཔེར་ན། མིག་ལོང་བ་ཞིག་གི་མིག་སྒྲིབ་མིག་ཐུར་གྱིས་བསལ་ན། མིག་སྒྲིབ་བསལ་བ་ཙམ་གྱིས་གཟུགས་བརྙན་རང་ཤུགས་སུ་མཐོང་ཡོང་བ་ལས། མིག་སྒྲིབ་བསལ་རྗེས་གཟུགས་བརྙན་གསར་དུ་བསྟན་དགོས་དོན་མེད་ཅེས་སྒྲིབ་བྱེད་བསལ་ན་ཡུལ་རང་ཤུགས་སུ་རིག་པ་ལྟར། གཉུག་མའི་ཡེ་ཤེས་ངོ་འཕྲོད་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་དེའི་རོལ་པ་ཡིན་པར་གོ་བ་སླེབས་སྐབས་ཆོས་ཐམས་ཅད་དོན་གྱི་ངོས་ནས་གྲུབ་པ་མིན་པར་མིང་རྐྱང་བཏགས་ཡོད་ཙམ་ཞིག་ཡིན་པ་དེ་རང་ཤུགས་སུ་གོ་ཡོང་གི་རེད་ཅེས་གསུངས་པ་དེ་དང་། དགེ་ལྡན་པའི་གཞུང་ནང་གསུངས་པ་གཉིས་གནད་གཅིག་པ་ལྟ་བུར་མཐོང་ཡོང་གི་འདུག །འདི་ལྟར་དཔལ་ས་སྐྱ་པར་ཆ་མཚོན་ན། དཔལ་ནཱ་ལེནྡྲར་ཁུངས་གཏུགས་པ་ཞིག་དང་། མདོར་ན། དབུ་མ་ཐལ་འགྱུར་བའི་ལུགས་ཏེ། ས་སྐྱ་པའི་རང་གཞུང་ནང་གསུངས་པ་ཆ་ཚང་ངོས་ནས་མི་ཤེས་ཀྱང་། གསལ་བ་སེམས་ཀྱི་མཚན་ཉིད། སྟོང་པ་སེམས་ཀྱི་རང་བཞིན། གསལ་སྟོང་ཟུང་འཇུག །ཟུང་འཇུག་བརྗོད་བྲལ་ཞེས་གསུངས་སྐབས། སེམས་ཙམ་པའི་ལྟ་བ་དང་། མཐར་དབུ་མ་པའི་ལྟ་བ། མཐར་ཐུག་མཐའ་ཐམས་ཅད་དང་བྲལ་བའི་བརྗོད་བྲལ་གྱི་ལྟ་བ་གཏན་ལ་འབེབས་པ་བཅས། མདོར་ན་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཉིད་ཀྱི་ཐོག་ཏུ་ཡོད་པ་ཧ་ཅང་གསལ་པོ་རེད།
༤༽ མཉམ་མེད་བཀའ་བརྒྱུད་པ།
དེ་ནས་བཀའ་བརྒྱུད་པ་ནི། མར་མི་དྭགས་གསུམ་ལས། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེ་ནི། བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཚང་མས་གཙུག་ཏུ་བཀུར་བ་ཞིག་ཡིན་ལ། ཁོང་གི་བླ་མ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་། མར་པ་ལོ་ཙཱ་བར་བླ་མ་མང་དུ་ཡོད་པའི་ནང་ནས་གཙོ་བོ་གཅིག་ནི་ནཱ་རོ་པ་ཡིན་ཅིང་། ཁོང་ཉིད་ནཱ་ལེནྡྲའི་པཎྜི་ཏ་ཡིན་པ་ཡོངས་གྲགས་ལྟར་དང་། མར་པས་ལྟ་བའི་སྒྲོ་འདོགས་གཅོད་ས་ནི། རྗེ་མཻ་ཏྲི་པ་ལ་ཁུངས་གཙོ་བོར་གཏུགས་པ་གནང་ཡོད། མཻ་ཏྲི་པའི་གསུང་དེ་ཁོ་ན་ཉིད་ལ་འཇུག་པའི་ནང་དུ་བླ་མའི་མན་ངག་དང་བྲལ་ན་དབུ་མ་ཡང་འབྲིང་པོ་ཙམ་ཡིན་ཞེས་གསུངས་ཡོད། བླ་མའི་མན་ངག་ཅེས་པ་དེ་ཡང་། དེའི་འགྲེལ་པ་ཞིག་གི་ནང་དུ་དཔལ་ལྡན་ཟླ་བ་གྲགས་པར་སྦྱར་ནས། དཔལ་ལྡན་ཟླ་བའི་མན་ངག་དང་བྲལ་ན་དབུ་མ་དེ་ཡང་འབྲིང་པོ་ཙམ་ཞིག་ལས་མི་ཡོང་བ་ཞེས་གསུངས་ཡོད། དེས་ན་མཻ་ཏྲི་པའི་ལྟ་བ་དེ་ཕྱག་ཆེན་པའི་ཁུངས་གཏུག་ས་ཞིག་ཡིན་ལ། མཻ་ཏྲི་པའི་ལྟ་བ་དེ་ཡང་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན་པ་ཧ་ཅང་གསལ་པོ་རེད་འདུག །རྗེ་བཙུན་མི་ལ་བསླབ་པ་སློབ་གཉེར་རྒྱ་ཆེན་པོ་གནང་མེད། འོན་ཀྱང་མི་ལའི་མགུར་འབུམ་ལས[4]།
དོན་དམ་བདེན་པའི་དབང་བྱས་ན། །བགེགས་པས་སངས་རྒྱས་ཉིད་ཀྱང་མེད། །
སྒོམ་པ་པོ་དང་བསྒོམ་བྱ་དང༌། །བགྲོད་བྱ་ས་དང་ལམ་རྟགས་མེད། །
ཅེས་ཐག་བཅད་ནས་གསུངས་པས་ན། དགག་བྱའི་དོན་དམ་ལ་སྦྱར་ནས་དེར་ཆོས་སྐུ་ཡང་གྲུབ་མེད་ལ། ས་དང་ལམ་ཡང་གྲུབ་མེད་ཅིང་། འབྲས་བུ་ཡང་གྲུབ་མེད་ཅེས་གསུངས་པ་དེ་དག་དགག་བྱའི་དོན་དམ་ལ་སྦྱར་ན་ཏག་ཏག་འགྲོ་བཞིན་ཡོད། ཡང་གཞུང་འགའ་ཞིག་ཏུ་དེ་ནི་བློ་དོན་དམ་སྟེ་ཐོས་བསམ་སྒོམ་གསུམ་གྱི་རིག་ཤེས་ཀྱི་དོན་དམ་ལ་སྦྱར་བ་ཞིག་ཡོང་གི་འདུག །དེ་ལྟར་བརྩིས་དགོས་བྱུང་ན་ཡེ་ཤེས་ཆོས་སྐུ་དེ་ཉིད་ཐོས་བསམ་སྒོམ་གསུམ་གྱི་རིག་ཤེས་ཀྱི་དོན་དམ་དེའི་ངོ་བོར་ཡོད། ཅེས་བརྗོད་དགོས། དེ་ཉིད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཆོས་སྐུ་མཐར་ཐུག་པ་ཆགས་ཡོད་པས་ན། དགག་བྱའི་དོན་དམ་ལ་སྦྱར་ནས་གསུང་གི་ཡོད། ཨ་ཁུ་ཤེས་རབ་རྒྱ་མཚོའི་འཇིགས་བྱེད་ཀྱི་ཁྲིད་ཡིག་ནང་རྗེ་བཙུན་གྱི་མགུར་འབུམ་ལས་གསུངས་པ། དོན་དམ་བདེན་པའི་དབང་བྱས་ནས། ཞེས་གསུངས་པའི་དོན་དམ་ལ་སྦྱར་བ་ཡིན་ཞེས་གསུངས་པ་ལྟ་བུ་ཞིག་ཡོང་བ་ཡོད། དེ་གང་འདྲ་ཞིག་ལ་དགོངས་པ་བཞེས་ཀྱི་ཡོད་དམ། མི་ཤེས་པ་ཞིག་འདུག །མདོར་ན། བཀའ་བརྒྱུད་ལ་ཆ་མཚོན་ན། ནཱ་རོ་པ་དང་མཻ་ཏྲི་པ་གཉིས་ཀ་ནཱ་ལེནྡྲའི་པཎ་གྲུབ་ཡིན། དེས་ན་སྔ་འགྱུར་རྙིང་མ་དང་། དཔལ་ལྡན་ས་སྐྱ། བཀའ་གདམས་རྙིང་མ། བཀའ་བརྒྱུད་པ་བཅས་ཐམས་ཅད་ནཱ་ལེནྡྲའི་མཁས་པར་གཏུགས་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད་འདུག །
༥༽ རི་བོ་དགེ་ལྡན་པ།
དེ་ནས་རི་བོ་དགེ་ལྡན་པ་ནི། རྗེ་ཙོང་ཁ་པ་ཆེན་པོས་རྒྱ་གར་གྱི་མཁས་པར་གཏུགས་པ་བྱུང་མེད། འོན་ཀྱང་རྗེ་བདག་ཉིད་ཆེན་པོའི་གསུང་མདོ་སྔགས་གང་གི་ཆ་ནས་ཀྱང་། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལུགས་གཙོ་བོར་གནང་བ་ཧ་ཅང་གསལ་པོ་ཡིན་ལ། རྒྱ་ཆེ་བའི་ཕྱོགས་རྣམས་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལུགས་དག་ལ་བརྟེན་པ་དེ་ཡང་ཤིན་ཏུ་གསལ། དེས་ན་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་དེ་དག་ཐམས་ཅད་དཔལ་ནཱ་ལེནྡྲའི་མཁས་པར་གཏུགས་ནས་དེ་དག་གི་བཞེད་རྒྱུན་ལས་བྱུང་བ་ཞིག་ཆགས་ཡོད།
དེ་དག་ཐེག་པའི་སྒོ་ནས་བརྩིས་ན། ཐམས་ཅད་ཐེག་པ་ཆེན་པོ་དང་། དེའི་ནང་ནས་ཀྱང་མདོ་སྔགས་ཟུང་འབྲེལ། མདོ་སྔགས་ཟུང་འབྲེལ་གྱི་ནང་ནས་ཀྱང་རྣལ་འབྱོར་བླ་མེད་ཀྱི་ཉམས་བཞེས་གཙོ་བོར་གནང་མཁན་ཤ་སྟག་ཡིན་ཅིང་། ལྟ་བའི་ཆ་ནས་བརྩིས་ནའང་། དབུ་མ་པའི་ལྟ་བ་དང་། དེའི་ནང་ནས་ཀྱང་ཐ་སྙད་དུ་ཡང་རང་མཚན་ཞལ་གྱིས་མི་བཞེས་པའི་དབུ་མའི་ལྟ་བ་དེ་ཉིད་ཞལ་གྱིས་བཞེས་པ་གཅིག་གྱུར་ཡིན།
ད་ནི་བོད་གངས་ཅན་གྱི་ལྗོངས་ལ་དེ་སྔ་ལོ་རྒྱུས་ཀྱི་ནང་དུ་ཕྱག་སྲོལ་གཉིས་ཡོད་པ་སྟེ། རིས་མེད་ལ་ཐུགས་སྣང་གནང་མཁན་གྱི་ཕྱག་སྲོལ་གཅིག་དང་། རང་ཉིད་ཀྱི་རང་གཞུང་གང་ཞིག་ཡིན་ནའང་། རང་གཞུང་རྐྱང་པ་ལས་གཞན་ལ་འདྲེས་ལྷད་མི་གནང་མཁན་གྱི་ཕྱག་ལེན་གཅིག་བཅས་ས་དགེ་བཀའ་རྙིང་ཚང་མའི་ནང་ཕྱག་ལེན་དེ་དག་གཉིས་ཀ་གནང་མཁན་བྱུང་ཡོད། སྔར་ནས་རིས་མེད་གནང་མཁན་གྱི་ཕྱག་སྲོལ་ཡོད་པ་དེ་ཉིད་དེང་སྐབས་དངོས་ཡོད་གནས་ཚུལ་དང་འཚམ་ཞིང་། དངོས་ཡོད་གནས་ཚུལ་ལ་དགོས་མཁོ་ཡོད་པ་ཞིག་ནི། རིས་མེད་གནང་བ་དེ་ཉིད་ཆགས་ཡོད།
[1] https://www.youtube.com/watch?v=tdg_9pS-2yo&t=523s
[2] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཙ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་གྲངས་ ༥
[3] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༩༠༦
[4] རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དང་མགུར་འབུམ། པོད། ༼༢༽ འཕྲུལ་དཔར་དཔེ་གཟུགས། ཤོག་ ༢༢༧ན༤
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།