ཚ༽ མཁན་ཆེན་ཞི་འཚོའི་སྡོམ་རྒྱུན།

ཚ༽ མཁན་ཆེན་ཞི་འཚོའི་སྡོམ་རྒྱུན།

དེ་ཡང་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ (1846-1912) མཛད་པའི་མཁན་ཆེན་ཞི་འཚོའི་བསྟོད་པ་འཇམ་དཔལ་མ་ལས[1]།

གང་སྐུ་བསྒོམས་པས་བསྟན་པའི་བསྟན་ཐང་འཕེལ། །ཚུལ་ཁྲིམས་རྣམ་དག་ཏིང་འཛིན་ཤེས་རབ་རྒྱས། །

མཐར་གྱིས་རྡོ་རྗེ་འཛིན་རྒྱལ་འགྱུར་ཞེས་གསུངས། །དཔག་མེད་ཐུགས་རྗེའི་གཏེར་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པའི་གཞི་མ་སོ་སོར་ཐར་པའི་སྡོམ་རྒྱུན་ནི།

རྒྱ་གར་འཕགས་ཡུལ་ནས་ཐམས་ཅད་ཡོད་སྨྲའི་དགེ་སློང་བཅུ་གཉིས་གདན་དྲངས་ཐོག་མཁན་ཆེན་ཞི་འཚོས་སད་མི་བདུན་སོགས་རབ་ཏུ་བྱུང་བ་ནས་བཟུང་བོད་ཡུལ་གྱི་འདུལ་འཛིན་པ་ཐམས་ཅད་སྡེ་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་གཅིག་པུ་ཡིན། དེ་ལྟར་ནའང་སྡོམ་རྒྱུན་རིམ་པ་གསུམ་བྱུང་བ་སྟེ། དང་པོ་ནི། མཁན་ཆེན་ཞི་བ་འཚོའི་སྡོམ་རྒྱུན་ནི་བླ་ཆེན་དགོངས་པ་རབ་གསལ་ལས་བརྒྱུད་པ་སྨད་འདུལ་བའི་ལུགས་དང་། གཉིས་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་དྷརྨཱ་པཱ་ལ་ནས་པཱ་ལ་རྣམ་གསུམ་སོགས་ལས་བརྒྱུད་པ་སྟོད་འདུལ་བའི་ལུགས། གསུམ་པ་ནི། ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ནས་བྱང་རྡོར་ས་གསུམ་ལས་བརྒྱུད་པའི་ཁ་ཆེ་པཎ་ཆེན་གྱི་ལུགས་དང་གསུམ་ལས། འདིར་སྨད་འདུལ་བའི་མཁན་བརྒྱུད་འདུལ་འཛིན་གསེར་རིའི་ཕྲེང་བ་ལྟར་རིམ་པར་བྱོན་པ་སྟེ། དེ་ལ་ཐོག་མར་བདག་ཅག་གི་སྟོན་པ་དང་། དེ་ལས་ཤཱ་རིའི་བུ། དེ་ལས་འཕགས་པ་སྒྲ་གཅན་འཛིན་བཟང་པོ། དེ་ལས་བྲམ་ཟེའི་བཙུན་པ་སྒྲ་གཅན་འཛིན་བཟང་པོ། དེ་ལས་འཕགས་པ་ཀླུ་སྒྲུབ། དེ་ལས་སློབ་དཔོན་ལེགས་ལྡན་འབྱེད། དེ་ལས་སློབ་དཔོན་དཔལ་སྦས། དེ་ལས་སློབ་དཔོན་ཡེ་ཤེས་སྙིང་པོ། དེ་ལས་མཁན་ཆེན་ཞི་བ་འཚོ་རྣམས་བསམ་ཡས་གཙུག་ལག་ཁང་གི་གྱང་རིས་ལའང་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ་འགོད་པར་མཛད་ཡོད་ཅེས་ཀུན་མཁྱེན་བུ་སྟོན་གྱིས་གསུངས་པས་ན་འདི་དག་པར་སེམས་སོ།།

དེ་ལྟར་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་མཁན་བརྒྱུད་ཇི་ལྟར་ཡིན་ཞེ་ན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[2]། མཁན་བརྒྱུད། རབ་བྱུང་དང་བསྙེན་རྫོགས་ཀྱི་སྡེ་པ་བཞིའི་ཁོངས་གཏོགས་ཀྱི་མཁན་པོའི་བརྒྱུད་པ་མི་འདྲ་བ་ཡོད། བོད་དུ་བསྟན་པ་སྔ་དར་གྱི་སྐབས་མཁན་ཆེན་ཞི་བ་འཚོ་ནས་བརྒྱུད་པའི་སྡོམ་རྒྱུན་ཤ་སྟག་ཡིན་པས། བསྟན་པ་ཕྱི་དར་སྐབས་སྨད་འདུལ་བླ་ཆེན་དགོངས་པ་རབ་གསལ་གྱི་སྡོམ་རྒྱུན་ཡང་མཁས་པ་མི་གསུམ་གྱི་སྡོམ་རྒྱུན་ཡིན་ཅིང་། དེ་གསུམ་ཡང་མཁན་པོ་ཞི་བ་འཚོ་ནས་བརྒྱུད་པའི་སྡོམ་རྒྱུན་ཡིན་པ་དང་། མཁན་པོ་ཞི་བ་འཚོ་ནི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་མཁན་བརྒྱུད་ལས་བྱུང་བ་དང་། བསྟན་པ་ཕྱི་དར་སྐབས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲི་ནས་བརྒྱུད་པའི་སྡོམ་རྒྱུན་ནི་གནས་བརྟན་སྡེ་པའི་མཁན་བརྒྱུད་ལས་བྱུང་བ་དང་། གནས་བརྟན་སྡེ་པ་ནི་ཐོག་མའི་འབྱུང་ཁུངས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ནས་ལོགས་སུ་གྱེས་པས་རྩ་བའི་འབྱུང་ཁུངས་གཅིག་ཡིན། ཞེས་གསུངས་པ་ལྟར་སྤྱིར་བཏང་སྡོམ་རྒྱུན་ལ་ཐམས་ཅད་ཡོད་པར་སྨྲ་བ་དང་། དགེ་འདུན་ཕལ་ཆེན་པ། གནས་བརྟན་པ། མང་པོས་བཀུར་བའི་སྡེ་པ་སྟེ་བཞི་ཡོད་པ་ལས། བོད་ཀྱི་འདུལ་བ་འཛིན་པ་ཐམས་ཅད་སྡེ་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ལུགས་གཅིག་པུ་ཡིན་པར་འགོས་ལོ་ཙཱ་བའི་གཞོན་ནུ་དཔལ་གྱིས་[3]གསུངས། དེ་ལྟར་གངས་ཅན་གྱི་ཁྲོད་འདིར་བསྙེན་པར་རྫོགས་པའི་སྡོམ་པའི་རྒྱུན་ལ་གསུམ་བྱུང་སྟེ། ༡ མཁན་ཆེན་ཞི་བ་འཚོའི་ལུགས་བླ་ཆེན་པོ་ནས་བརྒྱུད་པའི་སྨད་འདུལ་དང་། ༢ རྒྱ་གར་གྱི་ཤར་ཕྱོགས་པཎྜི་ཏ་དྷརྨ་པཱ་ལས་མངའ་རིས་སུ་པཱ་ལ་རྣམ་གསུལ་ལ་སོགས་པ་ལས་བརྒྱུད་པའི་སྟོད་འདུལ། ༣ ཁ་ཆེའི་པཎྜི་ཏ་ཤཱཀྱ་ཤྲཱི་ལས་བརྒྱུད་པའི་པཎ་ཆེན་སྡོམ་རྒྱུན་བཅས་གསུམ་བྱུང་བ་ལས། རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་དགེ་སློང་གི་སྡོམ་རྒྱུན་ཡང་པཎ་ཆེན་སྡོམ་རྒྱུན་ཡིན་པར་དེབ་སྔོན་དུ་གསུངས་ཏེ[4]། ཐུབ་པའི་དབང་པོ་གཉིས་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་ཡང་དགེ་སློང་གི་དངོས་པོ་ནི་པཎ་ཆེན་གྱི་བརྒྱུད་པ་ལས་བརྙེས་སོ། །ཞེས་གསུངས་ལ། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་ཞི་བ་འཚོའི་བསྟོད་པ་ལས[5]།

ལྷག་པའི་ཚུལ་ཁྲིམས་ལྗོན་བཟང་མ་སྨད་པ། །མ་རལ་མ་འདྲེས་ཤིན་ཏུ་དག་གྱུར་པས། །

མཚམས་སྤྲིན་པིར་གྱིས་བྲིས་འདྲའི་བླ་གོས་འདི། །ཁྱོད་ལ་མཛེས་པར་མི་འགྱུར་འགའ་ཡང་མེད། །

ཅེས་བསྔགས་པ་ཡང་མཛད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  མི་ཕམ་རྒྱ་མཚོའི་གསུང་འབུམ། ༼ཝཾ༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༤༥བ༣ ནས་ ༤༧ན༡ བར།

[2]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༧

[3]  འགོས་ལོའི་དེབ་ཐེར་སྔོན་པོ། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངསས་ ༡༢༣༧

[4]  འགོས་ལོའི་དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༥༨

[5]  འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ བསྟོད་ཚོགས། དཔེ་གཟུགས། ཤོག་གྲངས་ ༣༩བ༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༧༥ ནས་ ༢༧༧ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *