འ༽ ཇོ་བོ་རྗེའི་ལྷོ་ཁའི་ཕྱོགས་སུ་བྱོན་ནས་འགྲོ་དོན་མཛད་ཚུལ།

འ༽ ལྷོ་ཁའི་ཕྱོགས་སུ་བྱོན་ནས་འགྲོ་དོན་མཛད་ཚུལ།

 

དེ་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[1]། དབྱར་གནས་གྲོལ་ནས་རོང་བརྒྱུད་དབུས་སུ་ཕེབས། གན་པ་བྱང་ཐང་དུ་ཕེབས་པ་ན་ལྷ་སའི་ཐད་ཀྱི་རི་ལ་ཕྱག་མཛུབ་གཏད་ནས་ཕ་གི་ན་ཅི་ཡོད་པ་ཡིན་གསུང་། ལྷ་སའི་གཙུག་ལག་ཁང་བདོག་པ་ལགས་ཞུས་པས། དེ་ཐད་འཇའི་གུར་གསུམ་བརྩེགས་འདུག །ལྷའི་བུ་དང་བུ་མོ་མང་པོས་མཆོད་པ་བྱེད་ཀྱི་འདུག་གསུང་།

༼ལྷ་ལྡན་ར་ས་སྤྲུལ་པའི་གཙུག་ལག་ཁང་།༽

དེ་ནས་ཆོས་འཁོར་བསམ་ཡས་སུ་ཕྱགས་ཕེབས། ལྷ་བཙུན་བོ་དྷི་རཱ་ཛས་ཞབས་ཏོག་ལེགས་པར་མཛད། བོད་ཀྱི་མི་ཆེན་མང་པོའང་འདུས་པ་ལ་ཆོས་རྒྱ་ཆེར་སྩལ། བསམ་ཡས་སུ་ཇོ་བོས་ལྷ་ཁང་ལ་ཐོགས་མེད་དུ་བྱོན་པ་དང་། ཞབས་ས་ལ་མ་རེག་པར་བསྐོར་བ་མཛད་པ་སོགས་རྫུ་འཕྲུལ་མང་པོ་བསྟན་ཏེ་ཕྱོགས་དེའི་གདུལ་བྱ་རྣམས་མི་ཕྱེད་པའི་དད་པ་ལ་བཀོད་དོ།།

དེ་ནས་ཁུ་སྟོན་གྱིས་ཡར་ཀླུངས་སུ་སྤྱན་དྲངས། ཐང་པོ་ཆེར་ར་ཁྲི་བཟང་བྱ་བས་བརྩིགས་པའི་ར་བརྩིགས་ཁང་པར་བཞུགས། ཆོས་མང་དུ་གསུངས། དེར་འབྲོམ་གྱིས་ཀྱང་སྤྱན་སྔར་བྱོན། ཁུས་ཞབས་ཏོག་བཟང་བ་ཁོ་ན་མ་བྱུང་བས། དཔོན་སློབ་རྣམས་བྲོས་ཏེ་མྱང་པོའི་གྲུ་ལ་ཞུགས་པ་ན། ཁུ་སྟོན་གྱིས་ཀྱང་རྗེས་བསྙེགས་སུ་སླེབས་ནས་ཨ་ཏི་ཤ་དེར་བཞུགས་ཞེས་སྐད་ཆེན་པོ་བཏང་། ཞུ་བ་བྱས་ཀྱང་མ་གསན་པར། དབུ་ཞྭ་ཕྱིར་བྱིན་རླབས་ཀྱི་རྟེན་དུ་འཕངས། དེ་ནས་འོན་གྱི་ལྷ་ཁང་ཀེ་རུར་ཟླ་བ་གཅིག་བཞུགས། དེའི་རྩིག་ངོས་ལ་ཉིད་ཀྱི་སྐུ་འདྲ་གཅིག་བྲི་བར་མཛད་དེ། དིང་སང་ཡང་མཆོད་པའི་གནས་སུ་གྱུར།

༼ལྷོ་ཁ་འོན་ཀེ་རུའམ་བྲག་དཀར་ཀེ་རུའི་ལྷ་ཁང་།༽

དེ་ནས་བསམ་ཡས་སུ་ཕེབས་ནས་པེ་ཧར་གླིང་དུ་བཞུགས། རྒྱ་དཔེ་མང་པོ་འདུག་པ་གཟིགས་པས། ཤིན་ཏུ་དགྱེས་ཏེ་སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་བ་རྒྱ་གར་དུ་ཡང་བྱུང་བ་དཀའ་གསུང་། བྱང་ཆུབ་ཆེན་པོ་གཟིགས་པས་མཧཱ་བོ་དྷི་དང་ཁྱད་མི་སྣང་གསུང་། གནས་དང་གཙུག་ལག་ཁང་ལ་ཐུགས་ཤིན་ཏུ་དགྱེས། དེ་ནས་བང་སྟོན་གྱི་བསུ་བ་རྟ་པ་ཉིས་བརྒྱ་ཙམ་སླེབས་ཏེ་དཔོན་གཡོག་རྣམས་རྒོད་དཀར་ལ་ལ་ཐེགས། སྲིའི་རྒྱ་ཕེབས་སུ་ཟླ་བ་ཕྱེད་བཞུགས། ཞེས་གསུངས་ལ། འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[2]། དེ་ནས་བསམ་ཡས་སུ་ཕེབས་ནས་དཔེ་དཀར་གླིང་དུ་བཞུགས། དེར་ལོ་ཙཱ་བ་གཉིས་ཀྱིས་ཉི་ཁྲི་སྣང་བ་དང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཐེག་བསྡུས་ཀྱི་འགྲེལ་པ་སོགས་འགྱུར་མང་པོའང་མཛད། དེར་རྒྱ་གར་གྱི་དཔེ་མང་པོ་འདུག་པའང་གཟིགས་པས། རྒྱ་གར་ན་མེད་པའི་དཔེ་མང་པོ་གཟིགས་པས་ན། སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་བ་རྒྱ་གར་དུ་ཡང་བྱུང་བ་དཀའ། དཔེ་འདི་འདྲ་བ་རྣམས་ཀྱང་སློབ་དཔོན་པདྨས་མི་མ་ཡིན་གྱི་གནས་ནས་བླངས་སམ་གསུང་། ཞེས་བྱུང་བ་ལྟར་རོ།།

དེ་བཞིན་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་དམ་པའི་ཆོས་ཀྱི་གསན་ཡིག་གངྒཱའི་ཆུ་རྒྱུན་ལས[3]། ཇོ་བོ་ཆེན་པོ་ཨ་ཏི་ཤ་གསང་སྔགས་ལ་ཤིན་ཏུ་མཁས་ཤིང་ཐུགས་རྒྱལ་ཡང་ཆེ་བར་བསམ་ཡས་སུ་ཕེབས་ནས་པེ་ཧར་གླིང་དུ་བཞུགས་ཏེ་ནག་ཚོ་ལོ་ཙཱ་བ་དང་གཉིས་ཀྱིས་ཉི་ཁྲི་སྣང་བ་དང་དབྱིག་གཉེན་གྱི་ཐེག་བསྡུས་འགྲེལ་པ་སོགས་བསྟན་བཅོས་མང་དུ་བསྒྱུར། རྒྱ་དཔེ་མང་པོ་འདུག་པ་གཟིགས་པས་རྫོགས་ཆེན་སོགས་ཡོ་ག་གསུམ་གྱི་དཔེ་རྒྱ་གར་ན་མེད་པ་མང་པོ་རྙེད་པས་སྔོན་བོད་དུ་བསྟན་པ་བྱུང་བ་འདྲ་རྒྱ་གར་དུའང་བྱུང་བ་དཀའ། དཔེ་འདི་འདྲ་བ་རྣམས་སློབ་དཔོན་པདྨས་མི་མ་ཡིན་གྱི་ལག་ནས་བླངས་སམ་ཞེས་གསུངས་ཏེ་ཐུགས་རྒྱལ་ཆག་སྐད། ཅེས་གསུངས་པ་ལྟར་རོ།།

༼བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།༽

ཇོ་བོ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་བྱོན་དུས་ལའང་བཞེད་པ་མང་སྟེ། དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[4]། མེ་ཁྱི་ཕྱི་ལོ་ ༡༠༤༦ ཇོ་བོ་རྗེ་བསམ་ཡས་ནས་སྙེ་ཐང་དུ་བཞུགས་ཡུལ་སྤོ་བར་མཛད། ཅེས་དང་། ཡང་དེ་ཉིད་ལས། མེ་ཕག་ཕྱི་ལོ་ ༡༠༤༧ ཚེ་ཏན་ཞབས་དྲུང་རིན་པོ་ཆེས་ཇོ་བོ་རྗེ་བསམ་ཡས་སུ་ཕེབས་པར་གསུངས་ཞེས་གསུངས་པ་ལྟར། པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས[5]། དགུང་ལོ་རེ་དྲུག་བཞེས་པའི་མེ་ཕོ་ཕག་གི་ལོ་ལ་དཔལ་བསམ་ཡས་སུ་ཕྱགས་ཕབ། ལོ་དེའི་མཇུག་སྙེ་ཐང་དུ་ཕེབས་པ་ལ་བྱམས་འཇམ་དབྱངས་ཆོས་ཀྱི་བགྲོ་བ་མཛད་པའི་བུམ་ཆུ་བྱིན། ཞེས་གསལ་བ་ལྟར་ལོ་གཅིག་གི་ཁྱད་ཞུགས་སོ།།

དེ་ཡང་༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་རབ་གསལ་གསེར་གྱི་སྙེ་མ་ལས[6]། དེ་ཡང་ཕོ་བྲང་ཆེན་པོར་ཕེབས་པའི་གཟའ་ཚེས་ལོ་ཁོངས་འདིར་འཇམ་མགོན་ཙོང་ཁ་པ་ཆེན་པོའི་དུས་ཆེན་མར་ངོ་ཌཱ་ཀི་འདུ་བའི་ཉིན་ཁོ་ན་བཟང་བ་དང་བརྟག་ལུང་བབ་ཅིང་། ཇོ་བོ་རྗེ་ལྷ་གཅིག་བོད་སྟོན་རྣམས་ཀྱིས་དབུས་སུ་སྤྱན་དྲངས། ཐང་པོ་ཆེར་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གིས་བསྙེན་བཀུར་ཚུལ་བཞིན་མ་བྱུང་བར་བརྟེན། བོད་པྲེ་ཏ་པུ་རི་རྒྱལ་ཁམས་སུ་འདུག་ཅེས་རྒྱ་གར་ལ་ལྡོག་བཞེད་པ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་བདག་གིས་ཇོ་བོའི་བཞུགས་གནས་སྙེའི་ན་མོ་ཆེ་སྐད་པ་དབྱར་བསིལ་བས་འཁྱགས་པ་འབྱུང་བ། དགུན་དྲོ་བས་མེ་ཏོག་འཁྲུངས་པ་ཞིག་སྟ་གོན་བྱས་བདོག་ཞུས་པར། འོ་ན་ད་ལྟ་རང་འདེངས་གསུངས་བྱོན་པ། ཡུལ་གྱི་བབས་ལ་ཤིན་ཏུ་མཉེས་པས་དེ་ནས་བཟུང་མཉེས་ཐང་དུ་གྲགས། ཞེས་བྱུང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༤༣ ནས་ ༡༦༩ བར།

[2] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༣༡༥

[3] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༤༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༤༣

[4] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༢༦༩

[5] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༤

[6] རབ་གསལ་གསེར་གྱི་སྙེ་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༣༢༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༧ ནས་ ༢༥༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *