༄༅། །མཁན་པོ་བོདྷི་ས་ཏྭས་མཛད་པ་ལྷ་མོའི་རིགས་ལྔའི་གྲིབ་སེལ་ཞེས་བྱ་བ་བཞུགས་སོ།།[1]
༄༅། །ཨོཾ་སྭ་སྟི། བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པ་ལ་ཕྱག་འཚལ་ལོ། །འདིར་རང་ངམ་གཞན་ལ་གྲིབ་ཕོག་པར་གྱུར་ན། དེ་ཉིད་སེལ་བའི་ཐབས་ལ། ཟན་ནག་པོས་གྲིབ་བདག་གི་གཟུགས་ཁྲུ་གང་ལ་གྲིབ་རྟ་ནག་པོ་ཞོན་པ། གྲིབ་གོས་ནག་པོ་གྱོན་པ། གྲིབ་ཞ་ནག་པོ་གྱོན་པ། གྲིབ་འཕྲུ་ནག་པོ་བཙུགས་པ། གྲིབ་དར་ནག་པོ་གཡས་སུ་བཟུང་བ། གྲིབ་ཁྱི་ནག་པོ་གཡོན་དུ་འཁྲིད་པ། གྲིབ་བྱ་ནག་པོ་ཀླད་ལ་ལྡིང་བ།
གྲིབ་སྒོད་ནག་པོ་རྒྱབ་ཏུ་ཁུར་བ། འདིའི་མདུན་དུ་ཡོན་བདག་གི་གླུད་ཁྲུ་གང་ཐལ་མོ་སྦྱར་བ་གོས་ཅན་གྱོན་པ། གཡས་སུ་གྲིབ་གཏོར་ནག་པོ་ཟུར་གསུམ་བཤམས། ཤོས་བུ་ལྔ་བཏབ། གཡོན་དུ་སྣོད་ལ་སྲན་མ་འབྲུ་ནག་ཚིགས་མ་དཀར་ནག་མཐཪ་ཆང་བུ་མཐེབ་ཀྱུ་ལྔ་ལྔ། གཞན་ཡང་གྲིབ་རྫས་སྣ་ཚོགས་བཤམས། ཡང་སྣོད་ལྔ་ལ་སྦལ་པ། སྤྲེའུ། སྦྲུལ། ཝ། བྱ་སྟེ་གཟུགས་ལྔ་ཟན་ལ་བཟོས་ནས་བཤམས། རང་ཡི་དམ་གྱི་ང་རྒྱལ་དང་ལྡན་པར་བདེན་སྟོབས་བརྗོད། གདོན་བགེགས་གནོད་བྱེད་ཐམས་ཅད་མདུན་དུ་བཀུགས་ནས་གྲིབ་རྫས་རྣམས་ལ་འདི་སྐད་དོ།།
ཨོཾ་སྭཱབྷ་ཝ་ཤུད་དྷ་སརྦ་དྷརྨ་སྭཱབྷ་ཤུད་དྷ་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་འདོད་ཡོན་འབྱུང་བ་ཁམས་དབང་སྐྱེད་མཆེད་དང་ལྡན་པའི་གླུད་གཟུགས་བདེ་བ་ཁྱད་པར་ཅན་བསྐྱེད་པར་བྱེད་པ་རྣམས་སུ་གྱུར། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད། ཨོཾ་ཨ་ཀ་རོ་ཞེས་པ་ནས་ན་མཱ་སརྦ་ཏ་ཐཱ་ག་ཏ་བྷྱོ་བེ་ཤ་མུ་ཁེ་བྷྱ་སརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ན་ཨི་མཾ་ག་ག་ན་གྷྲི་ཧ་ན་ཨི་དཾ་མ་ལིཾ་ཏ་ཡེ་སྭཱཧཱ། ལན་གསུམ་བརྗོད། ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ། ལན་གསུམ་བརྗོད། དེ་བཞིན་གཤེགས་པ་རྒྱལ་བ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །ཞེས་སོགས་དང་། བདག་གིས་བསམ་པའི་ཞེས་པ་ནས། དེ་དག་ཐམས་ཅད་ཅི་རིགས་པ། །བགེགས་རིགས་རྣམས་ལ་འདོད་ཡོན་སོགས། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །
༈ ཧཱུྃ། ཐོག་མ་མེད་ནས་མ་རིག་ལས་ཀྱིས་གྲིབ། །རྒྱུ་ནི་རང་བྱུང་ཉོན་མོངས་རང་གི་གྲིབ། །དུག་ལྔ་ཤས་ཆེ་བག་ཆགས་རྐྱེན་གྱི་གྲིབ། །རིག་བྱ་བཏང་སྙོམས་སླུ་བ་ཡིད་ཀྱི་གྲིབ། །ཐེ་ཚོམ་རློམ་སེམས་རིགས་སུ་གྲོལ་མེད་གྲིབ། །རྣམ་རྟོག་རྐྱེན་གྱིས་གློ་བུར་འཆི་བའི་གྲིབ། །ཐམས་ཅད་དུག་ལྔའི་ལས་ཀྱིས་སྐྱེད་པ་དེ། །ཀུན་ཀྱང་བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་གསང་སྔགས་རིགས་སྔགས་ནུས་མཐུས་དང་། །ཡེ་ཤེས་ལྔ་ཡི་གཟི་བརྗིད་བདེན་པ་དང་། །རིགས་ལྔའི་བདེ་བར་གཤེགས་པའི་བྱིན་རླབས་ཀྱིས། །དུག་ལྔ་ལས་གྱུར་གྲིབ་གྱི་གདོན་ཆེན་བརྒྱད། །དེ་རིང་རྟེན་འབྲེལ་ཐབས་ཀྱིས་ཕྱི་རུ་ཐོན། །
ཧཱུཾ། གཏི་མུག་ངོ་བོ་གྲིབ་གདོན་སྦལ་པའི་གཟུགས། །སྤྱི་བོ་ནས་ཐོན་མདུན་གྱི་སྦལ་པར་ཐིམ། །གཟུགས་ཀྱི་གྲིབ་རྣམས་ཐམས་ཅད་བསངས་ཀྱིས་དག །ཆོས་དབྱིངས་ཡེ་ཤེས་བསལ་བའི་སྐུ་རུ་གྱུར། །ཅེས་སྦལ་པའི་གཟུགས་ཀྱི་ལུས་ལ་བསྐོར་ནས་གྲིབ་བདག་གི་མདུན་དུ་བཞག་གོ །ཧཱུཾ། ང་རྒྱལ་ངོ་བོ་གྲིབ་གདོན་སྤྲེའུའི་གཟུགས། །མགྲིན་པ་ནས་ཐོན་མདུན་གྱི་སྤྲེའུར་ཐིམ། །འདུ་ཤེས་གྲིབ་རྣམས་ཐམས་ཅད་བསངས་ཀྱིས་དག །སོར་རྟོགས་ཡེ་ཤེས་བསལ་བའི་སྐུ་རུ་གྱུར། །ཅེས་སྤྲེའུ་ཡིས་ལུས་ལ་བསྐོར་ནས་མདུན་དུ་བཞག་གོ །ཧཱུཾ། ཞེ་སྡང་ངོ་བོ་གྲིབ་གདོན་སྦྲུལ་གྱི་གཟུགས། །སྙིང་ཁ་ནས་ཐོན་མདུན་གྱི་སྦྲུལ་ལ་ཐིམ། །རྣམ་ཤེས་གྲིབ་རྣམས་ཐམས་ཅད་བསངས་ཀྱིས་དག །མེ་ལོང་ཡེ་ཤེས་བསལ་བའི་སྐུ་རུ་གྱུར། །ཅེས་སྦྲུལ་ལ་བསྐོར། ཧཱུཾ། ཕྲག་དོག་ངོ་བོ་གྲིབ་གདོན་ཝ་ཡི་གཟུགས། །ལྟེ་བ་ནས་ཐོན་མདུན་གྱི་ཝ་ལ་ཐིམ། །ཚོར་བའི་གྲིབ་རྣམས་ཐམས་ཅད་བསངས་ཀྱིས་དག །མཉམ་ཉིད་ཡེ་ཤེས་བསལ་བའི་སྐུ་རུ་གྱུར། །ཅེས་ཝ་ལ་བསྐོར། ཧཱུཾ། འདོད་ཆགས་ངོ་བོ་གྲིབ་གདོན་བྱ་ཡི་གཟུགས། །གསང་བ་ནས་ཐོན་མདུན་གྱི་བྱ་ལ་ཐིམ། །འདུ་བྱེད་གྲིབ་རྣམས་ཐམས་ཅད་བསངས་ཀྱིས་དག །བྱ་གྲུབ་ཡེ་ཤེས་བསལ་བའི་སྐུ་རུ་གྱུར། །ཅེས་བྱ་ལ་བསྐོར། ཧཱུཾ། དུག་ལྔའི་རྐྱེན་གྱིས་གྲིབ་གདོན་ཐམས་ཅད་གཟུགས་ལ་ཐིམ་ཞིང་གྲིབ་བདག་གི་མདུན་དུ་འཁོད་པར་གྱུར། སླར་ཡང་ལུས་ལས་གྲིབ་གདོན་ནག་པོ་ཐོན། །མདུན་གྱི་དུག་ལྔའི་གྲིབ་བདག་ཐིམ་པར་གྱུར། །བསམ་ལ།
ཧཱུཾ། གནོད་བྱེད་ལས་ཀྱི་གྲིབ་གདོན་ལུས་ནས་ཐོན། །མདུན་གྱི་ངར་གླུད་གྲིབ་གདོན་ནག་པོར་ཐིམ། །ནད་དང་གནོད་པ་རྐྱེན་དང་སྡུག་བསྔལ་སོགས། །ཐམས་ཅད་བསངས་ཀྱིས་དག་པའི་སྐུ་རུ་གྱུར། །དེ་ལྟར་རང་ལུས་དག་པར་གནས་ལྔ་ནས། །ཨོཾ་ཧཱུཾ་ཏྲཾ་ཧྲཱི་ཨཱཿལས་རིགས་ལྔའི་སྐུ། སྤྱི་བོར་རྣམ་སྣང་། མགྲིན་པར་འོད་དཔག་མེད། སྙིང་ཁར་མི་བསྐྱོད་པ། ལྟེ་བར་རིན་ཆེན་འབྱུང་ལྡན། གསང་བར་དོན་ཡོད་གྲུབ་པས་རྒྱས་བཏབ་པར་གྱུར། །ཨོཾ་ཧཱུཾ་ཏྲཾ་ཧྲཱི་ཨཱཿཨོཾ་ཨཱཿཧཱུཾ། སྙིང་ཁའི་དབུས་སུ་ཨ་ཡིག་དཀར་པོ་ལས། །འོད་ཟེར་འཕྲོས་པས་ལུས་ཀྱི་ནང་གང་སྟེ། །དྲི་མེད་ཤེལ་གྱི་ཕུང་པོ་རྡུལ་ཕྱིས་ལྟར། །བག་ཆགས་གྲིབ་གཡོག་ཀུན་དང་བྲལ་བར་གྱུར། །ཨ་ཨ་ཨ་ཨ། ཞེས་བརྗོད། དེ་ནས་ཡས་སྨྲ་འདི་སྐད་དོ།།
ཧཱུཾ། ཀུན་གཞི་སྐྱེ་མེད་ཆོས་ཀྱི་དབྱིངས། །ཀ་དག་ཀུན་བཟང་ཀློངས་ལས་སུ། །ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་ལྔ། །རང་བཞིན་བརྡ་ཡི་ཚུལ་དུ་ཤར། །ཐུགས་རྗེ་འཕྲིན་ལས་སྤྲུལ་པའི་སྐུ། །སྟོན་པ་ཤཱཀྱ་ཐུབ་པར་བསྟན། །གང་འདུལ་རྒྱལ་བའི་གདུལ་བྱ་ལ། །སྤང་བླང་རྣམ་པར་དབྱེ་བ་མེད། །ཀུན་ཁྱབ་ཡེ་ཤེས་རིག་པའི་རྩལ། །འོད་ཀྱང་ཀུན་རྫོགས་རྟེན་འབྲེལ་ཙམ། །རྒྱུ་འབྲས་བསླུ་བ་མེད་པའི་བརྡ། །དཀར་ནག་ལས་ཀྱི་རྣམ་སྨིན་དང་། །ཕན་གནོད་ལྷ་བདུད་གཉིས་སུ་འབྱུང་། །འབྱུང་ལྔ་ཆགས་པའི་སྣོད་བཅུད་ཀྱི། །དུག་ལྔ་མ་རིག་ལས་ཀྱི་གྲིབ། །ཆགས་འཁོར་ཉོན་མོངས་ཡིད་ཀྱི་གྲིབ། །མཚན་རྟོག་ཤེས་རབ་སེམས་ཀྱི་གྲིབ། །སྐྱེས་པའི་འབྱུང་བ་ལུས་ཀྱི་གྲིབ། །བག་ཆགས་སྲེད་ལན་གདོན་གྱི་གྲིབ། །གྲིབ་ལྔ་རྐྱེན་གྱིས་ལྟས་ངན་དུ། །བགེགས་ལྔ་སྲེད་པའི་རང་གཟུགས་འབྱུང་། །གཏི་མུག་སྦལ་པ་ཞེ་སྡང་སྦྲུལ། །ང་རྒྱལ་སྤྲེའུ་ཕྲག་དོག་ཝ། །འདོད་ཆགས་སྲེད་ངན་བྱ་ལ་གཟུགས། །བདག་གཞན་ཉམས་གྲིབ་བསལ་བའི་ཕྱིར། །ཆོ་འཕྲུལ་བགེགས་ལ་གླུད་དུ་འབུལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །གཟུགས་གླུད་འབྲུ་མཆོག་རིན་ཆེན་རྒྱུ། །མཛེས་པའི་རྒྱན་བཏགས་མ་ལུས་རྫས། །དར་ཟབ་དབྱིག་དང་རིན་ཆེན་གཏེར། །དུད་འགྲོ་ཤ་ཁྲག་སྣ་ཚོགས་དང་། །གོས་མཚོན་འདོད་པའི་ལོངས་སྤྱོད་ཚོགས། །གླུད་བདག་ཁྱོད་ལ་བདག་གིས་སྦྱིན། །ཁྱོད་ཀྱི་རེ་བ་ཚིམ་གྱུར་ནས། །བྱམས་པའི་སེམས་དང་རབ་ལྡན་ཞིང་། །རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །ཆོས་རྣམས་ཐམས་ཅད། ཅེས་པ་ནས་འདི་སྐད་གསུངས། སྡིག་པ་ཅི་ཡང་མི་བྱ་ཞིང་། །ཞེས་པ་ནས། བསྟན་པ་ཡིན། །ན་མོ་བུདྡྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒྷ་ཡ། ཨོཾ་ཡེ་དྷརྨ་ཞེས་སོགས་རྟེན་འབྲེལ་སྙིང་པོ་ཅི་མང་དུ་བཟླས། དེ་ནས་ནད་ལ་སོགས་ཡིན་ན་གླུད་ནད་སྤོས་པ་ནི།
ཧཱུཾ། བཅོམ་ལྡན་རྒྱལ་བའི་རིགས་ལྔའི་བཀའ། །ངར་གླུད་རྒྱལ་པོ་ཚུར་ཉོན་དང་། །ཡེ་ཤེས་ལྔ་ཡི་བྱིན་རླབས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །མགོ་ནད་སྤྲིན་ལྟར་འཐིབས་པ་ནི། །ངར་གླུད་ཁྱོད་ཀྱི་མགོ་ལ་སྤོས། །མིག་ནད་སྐར་ལྟར་འཁྱུག་པ་འདི། །ངར་གླུད་ཁྱོད་ཀྱི་མིག་ལ་སྤོས། །རྣ་བ་འོན་ཞིང་ཐིབས་པ་འདི། །ངར་གླུད་ཁྱོད་ཀྱི་རྣ་བར་སྤོས། །སྣ་ནད་འཚུབ་ཅིང་ཞུམ་པ་འདི། །ངར་གླུད་ཁྱོད་ཀྱི་སྣ་ལ་སྤོས། །ལྕེ་ནད་ལྐུག་ཅིང་ལྡིག་པ་འདི། །ངར་གླུད་ཁྱོད་ཀྱི་ལྕེ་ལ་སྤོས། །གློ་ནད་འཁུན་ཞིང་གཟེར་བ་འདི། །ངར་གླུད་ཁྱོད་ཀྱི་གློ་ལ་སྤོས། །མཆིན་ནད་ཉ་ལྟར་འཁྲུགས་པ་འདི། །ངར་གླུད་ཁྱོད་ཀྱི་མཆིན་ལ་སྤོས། །རྒྱུ་ནད་སྦྲུལ་ལྟར་འཁྱིལ་བ་འདི། །ངར་གླུད་ཁྱོད་ཀྱི་རྒྱུ་མར་སྤོས། །ཕོ་ནད་རྡོ་ལྟར་སྲ་བ་འདི། །ངར་གླུད་ཁྱོད་ཀྱི་ཕོ་བར་སྤོས། །མཁལ་ནད་ཆུ་ལྟར་འཁྲུགས་པ་འདི། །ངར་གླུད་ཁྱོད་ཀྱི་མཁལ་མར་སྤོས། །ནང་ཁྲོལ་བུམ་དགུ་ན་བ་འདི། །ངར་མི་ཁྱོད་ཀྱི་ནང་དུ་སྤོས། །ཤ་ནད་གཟེར་ཞིང་ན་བ་འདི། །ངར་མི་ཁྱོད་ཀྱི་ཤ་ལ་སྤོས། །རུས་ནད་སྲིད་ལྟར་རྐོ་བ་འདི། །ངར་མི་ཁྱོད་ཀྱི་རུས་ལ་སྤོས། །དབང་པོ་ལྗིམ་ཞིང་འཐིབས་པ་འདི། །དེ་རིང་ངར་མི་ཁྱོད་ལ་སྤོས། །ནད་རིགས་གསུམ་བརྒྱ་དྲུག་ཅུ་རྣམས། །དེ་རིང་ངར་གླུད་ཁྱོད་ལ་སྤོས། །མི་ལ་ནད་འདི་རི་བས་འདི། །ཁྱོད་ལ་ཤིང་དང་ཡལ་བས་ཡང་། །དེ་ཕྱིར་ནད་རྣམས་ཁྱོད་ཀྱི་ཁུར། །དཀོན་མཆོག་བདེན་པའི་བྱིན་རླབས་ཀྱིས། །ནད་རྣམས་རླུང་ལ་བསངས་ཀྱིས་དག །ཨོཾ་ཨཱཿཧཱུཾ། སརྦ་དུ་ཥྚན་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ།
ཧཱུཾ། གཟི་བརྗིད་བསྐྱེད་པར་བྱེད་པ་ཡི། །དྭངས་མ་དེ་བཞིན་ཤ་རུས་འདི། །ཤ་དང་རུས་ལ་གྲིབ་ཕོག་ན། །ཤ་རུས་འབྱུང་བ་ས་ཡི་ཁམས། །ས་ནི་སངས་རྒྱས་སྤྱན་མ་ཀཱི། །སངས་རྒྱས་སྤྱན་མ་གྲིབ་མི་མངའ། །གྲིབ་ཀྱི་རང་བཞིན་ས་ཡིན་ཕྱིར། །ཨོཾ་བུདྡྷ་ལོ་ཙ་ནི་ཧཱུཾ། གཟི་བརྗིད་ལ་བར་དུ་གཅོད་ཅིང་ཤ་རུས་ཀྱི་གྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཅེས་ས་གཏོར། ཧཱུཾ། བདེ་བ་བསྐྱེད་པར་བྱེད་པ་ཡི། །དྭངས་མ་དེ་ནི་ཁྲག་ཡིན་ཏེ། །ཁྲག་དང་ཐིག་ལེར་གྲིབ་ཕོག་ན། །ཁྲག་ནི་འབྱུང་བ་ཆུ་ཡི་ཁམས། །ཆུ་ནི་རྡོ་རྗེ་མ་མ་ཀཱི། །མ་མ་ཀཱི་ལ་གྲིབ་མི་མངའ། །གྲིབ་ཀྱི་རང་བཞིན་ཆུ་ཡི་ཁམས། །ཨོཾ་བཛྲ་མ་མ་ཀཱི་ཏྲཾ། བདེ་བ་ལ་བར་དུ་གཅོད་ཅིང་ཁྲག་དང་ཐིག་ལེའི་གྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཅེས་ཆུ་གཏོར། ཧཱུཾ། བཀྲག་མདངས་བསྐྱེད་པར་བྱེད་པ་ཡི། །དྭངས་མ་དེ་ནི་དྲོད་ཡིན་ཏེ། །དྲོད་ལ་གྲིབ་ཀྱིས་ཕོག་པ་ན། །དྲོད་ཀྱི་རང་བཞིན་མེ་ཡི་ཁམས། །མེ་ཡི་རྡོ་རྗེ་གོས་དཀར་མོ། །རྡོ་རྗེ་གོས་དཀར་གྲིབ་མི་མངའ། །གྲིབ་ཀྱི་རང་བཞིན་མེ་ཡིས་བསྲེག །ཨོཾ་བཛྭ་ཛྭ་ལ་བྷན་དྷ་ཧྲཱིཿ བཀྲག་དང་མདངས་ལ་བར་དུ་གཅོད་ཅིང་མེ་དྲོད་ཉམས་པར་བྱེད་པའི་གྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཅེས་མེ་གཏོར། ཧཱུཾ། ཚེ་ནི་རིང་བར་བྱེད་པ་ཡི། །དྭངས་མ་དེ་ནི་དབུགས་ཡིན་ཏེ། །དབུགས་ལ་གྲིབ་ཀྱིས་ཕོག་པ་ན། །དབུགས་ཀྱི་རང་བཞིན་རླུང་གི་ཁམས། །རླུང་གི་དམ་ཚིག་སྒྲོལ་མ་སྟེ། །དམ་ཚིག་སྒྲོལ་མ་གྲིབ་མི་མངའ། །གྲིབ་ཀྱི་རང་བཞིན་རླུང་གིས་གཏོར། །ཨོཾ་བཛྭ་ཏཱ་རེ་ཏུ་རེ་སྭཱཧཱ། ཚེ་བར་དུ་གཅོད་ཅིང་རླུང་རྟ་ཉམས་པར་བྱེད་པའི་གྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཅེས་རླུང་གཏོང་། ཧཱུཾ། ལུས་ནི་འཆི་བར་བྱེད་པ་ཡི། །དྭངས་མ་དེ་ནི་སེམས་ཡིན་ཏེ། །སེམས་ལ་གྲིབ་ཀྱིས་ཕོག་པ་ན། །སེམས་ཀྱི་ཁམས་ནི་ནམ་མཁའ་སྟེ། །ནམ་མཁའི་རྡོ་རྗེ་དབང་ཕྱུག་མ། །དབང་ཕྱུག་མ་ལ་གྲིབ་མི་མངའ། །གྲིབ་ཀྱི་རང་བཞིན་མཁའ་ལ་བསྒྱུར། །ཨོཾ་བཛྭ་ས་ཏྭ་བི་ཤྭ་བཻ་རི་ཧཱུཾ། ལུས་འཚོ་བ་ལ་བར་དུ་གཅོད་ཅིང་གྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱཧཱ། ཅེས་དར་སྔོན་ན་མེ་ལོང་ན་དེང་མི་དེ་ལྟར་ལྷ་མོ་རིགས་ལྔས་གྲིབ་བསལ་ནས། གྲིབ་བདག་ལ་བསྒོ་བ་ནི།
ཧཱུཾ། གྲིབ་བདག་རྒྱལ་པོ་ཆེན་པོ་ཁྱོད། །སྐུ་མདོག་ནག་པོ་མུན་པ་འདྲ། །ཆིབས་སུ་གྲིབ་རྟ་ནག་པོ་ཆིབས། །གྲིབ་གོས་ནག་པོ་ལུས་ལ་གྱོན། །གྲིབ་དར་ནག་པོ་ལག་ན་འཕྱར། །གྲིབ་ཞྭ་ནག་པོ་འཕྲུ་ཅན་གྱོན། །གྲིབ་བྱ་ནག་པོ་ཀླད་ལ་ལྡིང་། །གྲིབ་ཁྱི་ནག་པོ་ཕྱི་ན་ཁྲིད། །གྲིབ་སྒོད་ནག་པོ་རྒྱབ་ཏུ་ཁུར། །ཁྱེད་ལ་བདག་གིས་བཀའ་བསྒོ་བ། །གྲིབ་བདག་ཁྱོད་ཀྱིས་གྲིབ་སེལ་ཅིག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རོ་གྲིབ་རྨེ་གྲིབ་ཡུག་གྲིབ་དང་། །ཟས་གྲིབ་གོས་གྲིབ་ནོར་གྲིབ་དང་། །རྩོག་དང་ཐབ་དང་མཛེ་དང་འཁོན། །མི་གཙང་གྲིབ་རྣམས་ཁྱོད་ཀྱིས་གསོལ། །ལྷ་ཀླུ་གཉན་དང་རྒྱལ་པོ་དང་། །ཐེའུ་རང་གཟའ་དང་སྡེ་བརྒྱད་ཀྱི། །གདོན་གྲིབ་ཐམས་ཅད་ཁྱོད་ཀྱིས་གསོལ། །དུག་ལྔ་དུག་གསུམ་མ་རིག་པའི། །ལས་ཀྱི་གྲིབ་རྣམས་ཁྱོད་ཀྱིས་གསོལ། །སྔ་ཕྱིའི་ཁས་བླངས་དམ་བྲལ་བའི། །ཉམས་གྲིབ་ཐམས་ཅད་ཁྱོད་ཀྱིས་གསོལ། །གྲིབ་བདག་ཆེན་པོ་གྲིབ་གསོལ་ཅིག །
ཧཱུཾ། ང་ནི་ཁྱོད་ལ་རྫོང་འདེབས་སོ། །བྲ་སྲན་འབྲུ་ནག་ཚིག་ཕྱི་དང་། །གྲིབ་གཏོར་ནག་པོ་ཟུར་གསུམ་དང་། །ངར་གླུད་ལན་ཆགས་ཆང་བུ་དང་། །གྲིབ་རྫས་རྣམ་པ་སྣ་ཚོགས་པ། །གྲིབ་བདག་ཁྱོད་ལ་རྫོངས་འདེབས་སོ། །གྲིབ་བདག་ཆེན་པོ་གྲིབ་གསོལ་ཅིག །དེ་ནས་ཡས་ཁ་ཕྱིས་བསྒྱུར་ལ། ལམ་བསྟན་ནི། ཧཱུཾ། གྲིབ་བདག་ཁྱོད་ལ་ལམ་བསྟན་ནི། །ཉི་མ་ཕྱོགས་ཕྱོགས་ཕ་གི་ན། །མུན་པ་ནག་པོའི་ཀློང་དཀྱིལ་ན། །གྲིབ་ཡུག་ནག་པོ་གནས་རི་དེར། །གྲིབ་མཁར་ནག་པོ་རྫོང་རེ་བཙན། །གྲིབ་ཁང་ནག་པོ་སྟེང་རིམ་ན། །གྲིབ་བདག་ནག་པོ་དེར་སོང་ཞིག །ཧཱུཾ། བགེགས་རིགས་སྟོང་ཕྲག་གདུག་རྩུབ་ཅན། །ལན་ཆགས་གླུད་གཏོར་འདི་ལོངས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་སོང་། །
ཧཱུཾ། ཤར་ཕྱོགས་ལན་ཆགས་བདག་པོ་ནི། །མི་ལུས་རྟ་ཡི་མགོ་བོ་ཅན། །ལག་ན་གདུག་པའི་ཁྲམ་ཤིང་ཐོགས། །ལན་ཆགས་གླུད་གཏོར་འདི་ལོངས་ལ། །འཁོང་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་སོང་། །བྱང་ཕྱོགས་ལན་ཆགས་བདག་པོ་ནི། །མི་ལུས་བྱི་བའི་མགོ་བོ་ཅན། །ལག་ན་གདུག་པའི་མདའ་གཞུ་ཐོགས། །ལན་ཆགས་གླུད་གཏོར་འདི་ལོངས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་སོང་། །ནུབ་ཕྱོགས་ལན་ཆགས་བདག་པོ་ནི། །མི་ལུས་ཁྱི་ཡི་མགོ་བོ་ཅན། །ལག་ན་གདུག་པའི་རལ་གྲི་འཕྱར། །ལན་ཆགས་གླུད་གཏོར་འདི་ལོངས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་སོང་། །ལྷོ་ཕྱོགས་ལན་ཆགས་བདག་པོ་ནི། །མི་ལུས་དོམ་གྱི་མགོ་བོ་ཅན། །ལག་ན་གདུག་པའི་གཡང་གཞི་བཏེགས། །ལན་ཆགས་གླུད་གཏོར་འདི་ལོངས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་སོང་། །སྟེང་ཕྱོགས་ལན་ཆགས་བདག་པོ་ནི། །མི་ལུས་འབྲུག་གི་མགོ་བོ་ཅན། །ལག་ན་གདུག་པའི་སྐར་མདའ་ཐོགས། །ལན་ཆགས་གླུད་གཏོར་འདི་ལོངས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་སོང་། །འོག་ཕྱོགས་ལན་ཆགས་བདག་པོ་ནི། །མི་ལུས་སྦྲུལ་གྱི་མགོ་བོ་ཅན། །ལག་ན་གདུག་པའི་སྦྲུལ་ཞགས་ཐོགས། །ལན་ཆགས་གླུད་གཏོར་འདི་ལོངས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་སོང་། །མཚམས་བཞི་ལན་ཆགས་བདག་པོ་ནི། །སོ་སོར་གདུག་པའི་མགོ་བོ་ཅན། །སོ་སོར་གདུག་པའི་མཚོན་ཐོགས་ནས། །ལན་ཆགས་གླུད་གཏོར་འདི་ལོངས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་སོང་། །བྱེར་ཅིག་དེངས་ཤིག་ད་སོང་ཞིག །ཨོཾ་བཛྲ་རཀྵ་རཀྵ་ཡེ་སྭཱཧཱ། ཡི་དམ་གྱི་སྔགས་དང་སུམྦྷ་ནི་དྲག་ཏུ་བརྗོད་ཅིང་རྒྱང་རིང་དུ་བསྐྱལ་ལོ། །བཙུན་པ་མཁན་པོ་བོདྷི་ས་ཏྭས་མཛད་པའོ།། །།

[1] རི་ཁྲོད་ལོ་མའི་གྱོན་མའི་སྒྲུབ་ཐབས་བུམ་ཆོག་དང་བཅས་པ་བདུད་རྩིའི་ཆར་རྒྱུན་སོགས། པོད། ༼༡༽ ཤོག་གྲངས་ ༡༤༡ ནས་ ༡༥༨ བར་བཞུགས་པའི་དབུ་ཅན་བྲིས་མ་དཔེ་ཐུང་ཤོག་བུ་དགུ་ཅན་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།