ཆ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད། ༡༽ ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས།

ཆ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།

༡༽ ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས།

 

ཞུ་ཆེན་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་མཆོག་ནི། (ཀ་བ་དཔལ་བརྩེགས་དང་། བནྡེ་དཔལ་བརྩེགས། དཔལ་བརྩེགས་རཀྵི་ཏ་ཞེས་པའང་སྣང༌།) མེ་བྱ་ཕྱི་ལོ་ ༧༥༧ ལོར་སྐུ་འཁྲུངས། དེ་ཡང་པདྨ་བཀའ་ཐང་ལས།

དབུ་རུ་འཕན་ཡུལ་སྐ་བ་ཞེས་བྱ་བར༔

ཡབ་མིང་སྐ་བ་བློ་ལྡན་ཞེས་བྱ་དང་༔

ཡུམ་མིང་འབྲོ་བཟའ་རྡོ་རྗེ་ལྕམ་གྱི་བུཿ

ཤཱཀ་ཐུབ་ཉེར་གནས་ཙུནྡ་ཚེ་འཕོས་པ༔

སྐྱེས་མཆོག་སྐ་བ་དཔལ་བརྩེགས་ཞེས་བྱ་བ༔

ཕ་མ་གཉིས་ལ་བསླངས་ན་སྟེར་བར་མཆི༔

ཞེས་གསུངས་པ་ལྟར། དབུ་རུ་འཕན་ཡུལ་དུ་ཡབ་སྐ་བ་བློ་ལྡན་དང་། ཡུམ་འབྲོ་བཟའ་རྡོ་རྗེ་ལྕམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་ཞིང་ལོ་ཙཱ་ལ་ཡང་མཁས་པར་བསླབས། སློབ་དཔོན་པདྨ་འབྱུང་གནས་ལས་དབང་ལུང་མན་ངག་མང་དུ་ཞུས་ཏེ་སྒྲུབ་པ་ཉམས་ལེན་ལ་བརྩོན་པ་མཛད་པས། མངོན་པར་ཤེས་པ་ཐོགས་མེད་དུ་ཤར་ཏེ་གཞན་སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས་པས་ན། སློབ་དཔོན་རིན་པོ་ཆེས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-?) བཀའ་ཐང་སྡེ་ལྔ་ལས[1]།

སྐ་བ་དཔལ་བརྩེགས་གཞན་གྱི་སེམས་ཀུན་ཤེས། །

ཞེས་གསུངས་སོ། །ཁོང་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བྱུང་བའི་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱི་ཡ་གྱལ་ཞིག་དང་། ལོ་ཙཱ་བ་རབ་དགུའི་ནང་གསེས་གཞོན་གསུམ་གྱི་ཡ་གྱལ་ཞིག་ཡིན་ལ། གྲུབ་ཐོབ་རྗེ་འབངས་ཉེར་ལྔའི་ནང་ཚན་ཞིག་ཀྱང་ཡིན། བོད་ཀྱི་བཀའ་བསྟན་དཀར་ཆག་བཏབ་པའི་ཤིང་རྟའི་སྲོལ་འབྱེད་ཀྱང་ཡིན། མཁས་ཆེན་ཁྱུང་པོ་གཡུ་ཁྲིས་གང་ཉིད་ཀྱི་ཕྱག་གཟུགས་ལ་དཔེར་མཛད་ནས་དབུ་ཅན་གྱི་ཡིག་གཟུགས་ཐིག་རིས་མ་གཏན་འབེབས་གནང་ཡོད་པས། ཁོང་གི་ཕྱག་བྲིས་ནི་བོད་གངས་ཅན་གྱི་ལྗོངས་སུ་དབུ་ཅན་གྱི་ཡིག་གཟུགས་བྱུང་བའི་མ་ཕྱིར་གྱུར་ཡོད། མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས[2]། སློབ་དཔོན་བོ་དྷི་སཏྭ་དང་འབྲོ་སྐ་བ་དཔལ་བརྩེགས་གཉིས་ཀྱིས་བྱ་རྒྱུད་དང་སྤྱོད་རྒྱུད་ཀྱི་སྐོར་བསྒྱུར་བ་དང་། ཞེས་དང་། ཡང་དེ་ཉིད་ལས[3]། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག་དང་གསུམ་ལ་གསེར་བསྐུར་ནས་པཎ་ཆེན་བི་མ་ལ་མི་ཏྲ་བོད་དུ་གདན་འདྲེན་ཞུ་བར་ཆེད་རྫོངས་གནང་ཚུལ་ཡང་གསལ་ལོ།།

ཀུན་མཁྱེན་རོང་སྟོན་ཆེན་པོས་ (1367-1449) མཛད་པའི་ལོ་ཙཱ་བ་ཆེན་པོ་རྣམ་གསུམ་ལ་བསྟོད་པ་སྨྲ་བའི་རྒྱན་ལས[4]། འཇམ་དཔལ་དབྱངས་ཀྱི་རྣམ་པར་འཕྲུལ་པ་ཞེས། །ཡོངས་སུ་གྲགས་པ་སྐད་གཉིས་སྨྲ་བའི་དབང་། །ཡེ་ཤེས་སྡེ་དང་ཀླུ་ཡི་རྒྱལ་མཚན་དང་། །དཔལ་བརྩེགས་ཞེས་བྱའི་མཁས་པ་རྣམ་པ་གསུམ། །བོད་ཡུལ་འགྲོ་བ་ཀུན་གྱི་མིག་གཅིག་པོ། །སྒྲ་སྐད་ཀུན་སྦྱངས་མཁས་པ་ཕུལ་དུ་ཕྱིན། །བཀའ་དང་བསྟན་བཅོས་མཐའ་ཡས་བསྒྱུར་བྱེད་མཁས། །ལེགས་པར་བསགས་པའི་ཚོགས་གཉིས་ཕུལ་བྱུང་བས། །མཐའ་ཡས་གསུང་རབ་རྒྱ་མཚོ་ཐུགས་ལ་རྫོགས། །སོ་སོ་ཡང་དག་རིག་པའི་བློ་རྒྱས་ཤིང་། །འགྲོ་བ་ཀུན་ལ་བརྩེ་བའི་བདག་ཉིད་ཅན། །བོད་ཡུལ་རྨོངས་པའི་མུན་པ་རྣམས་བསལ་ཅིང་། །འཇིག་རྟེན་སྒྲོན་མེ་འཇིགས་མེད་སྤོབས་པ་ཅན། །ཀུན་ལས་རྣམ་པར་རྒྱལ་བའི་སྨྲས་བ་པ། །ཐུབ་པའི་རིང་ལུགས་རྣམ་པར་རྒྱལ་བའི་དཔལ། །དཔལ་ལྡན་སྐད་གཉིས་སྨྲ་བ་རྣམ་པ་གསུམ། །མཆོག་ཏུ་དད་པས་ཡིད་ཀྱིས་བསྟོད་པར་བགྱི། །ཞེས་ཆེས་ཆེར་བསྟོད་པ་ནི་དོན་ལ་གནས་པའོ།།

སྒྱུར་རྩོམ་གཙོ་གྲས་ནི་བཀའ་འགྱུར་ལས། འདུལ་བ་ལུང་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྡུས་དོན། འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས། གནས་འཇོག་གི་མདོ། སངས་རྒྱས་ཀྱི་རྟོགས་པ་བརྗོད་པ་ཤེས་ལྡན་གྱི་མདོ། ཚེའི་མཐའི་མདོ། ཕྱག་ན་རྡོ་རྗེ་རིགས་པ་མཆོག་གི་རྒྱུད་ཆེན་པོ་བཅས་དང་། བསྟན་འགྱུར་ལས། དཀོན་མཆོག་གསུམ་ལ་བཀྲ་ཤིས་ཀྱི་བསྟོད་པ་དང༌། རྩ་བའི་རྒྱུད་ལས་རྣམ་པར་སྣང་མཛད་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱུད་ཀྱི་བསྡུས་དོན། རྡོ་རྗེ་རྣམ་པར་འཇོམས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན། རྩོད་བཟློག་གི་ཚིག་ལེའུར་བྱས་པ། འཁྲུལ་བཟློག་གི་རིགས་པ་གཏན་ཚིག་གྲུབ་པ། དབུ་མ་སྣང་བ། ལྷག་པར་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་སོགས་ཁོང་གིས་བསྒྱུར་ཞུས་མཛད་པའི་བཀའ་བསྟན་གྱི་ཆོས་ཚན་གྲངས་དོན་གསུམ་དང་། རང་རྩོམ་གྱི་ཆོས་ཚན་བཞི་ཡོད་པ་བསྟན་འགྱུར་སྣ་ཚོགས་པོད་དུ་བཞུགས་ལ། ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་ཆོས་འགྱུར་རོ་ཅོག་གི་དཀར་ཆག་གམ་ཡོངས་གྲགས་དཀར་ཆག་ལྡན་དཀར་མ་གྲགས་པ་དེ་ཡང་སྒྲ་སྒྱུར་གྱི་བནྡེ་དཔལ་བརྩེགས་དང་། བནྡེ་ཀླུའི་དབང་པོ་ལ་སོགས་པས་ཐོག་མར་བསྒྲིགས་པ་བཅས་སོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༠༡

[2] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་ ༣༠

[3] ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་ ༣༢༩

[4] རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་སྐོར། པོད། ༼ཁ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡༦ན༢

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༨༥ ནས་ ༨༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *