ཙ༽ ཟླ་གྲགས་ཀྱི་ངོ་མཚར་རྣམ་ཐར་བཅོ་ལྔ།
དེ་ཡང་ཟླ་གྲགས་སྔ་ཕྱི་གཉིས་ལས་དཔལ་ལྡན་ཟླ་བ་གྲགས་པ་འདི་ཉིད་སྔ་ཕྱི་གང་ཡིན་ལ་ངོས་འཛིན་ཚུལ་མི་འདྲ་ཞིང་། གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དང་། གྲུབ་ཆེན་གྱ་བདུན་གྱི་བརྩི་ལུགས་གང་གི་དབང་དུ་བྱས་ཀྱང་། སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་དང་། གྲུབ་ཐོབ་བརྒྱད་ཅུའི་རྣམ་ཐར། སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ།
དགེ་སློང་དཔལ་སྡེས་མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པ་བཅས་ཡིག་ཆ་ཁག་བཞིའི་ནང་དུ་དཔལ་ལྡན་ཟླ་བ་གྲགས་པ་མི་གསལ་ནའང་། བླ་མ་རྡོ་རྗེས་གདན་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་བསྟོད་པ་དང་། དཔལ་ཨུ་རྒྱན་དུ་ཚོགས་འཁོར་བྱས་པའི་དུས་སུ་རྣལ་འབྱོར་པ་གྲུབ་པ་ཐོབ་པ་ལྔ་བཅུས་རྡོ་རྗེའི་མགུར་བཞེངས་པ་ཉམས་ཀྱི་མན་ངག་ཐིག་ལེ་གསེར་གྱི་ཕྲེང་བ་གཉིས་སུ་དཔལ་ལྡན་ཟླ་བར་བསྟོད་པ་དང་། ཉམས་མགུར་གསལ་ན་ཡང་། དེ་དག་ཏུ་ངོ་མཚར་གྱི་རྣམ་ཐར་བཅོ་ལྔའི་སྐོར་གང་ཡང་མི་གསལ། དཔལ་ལྡན་ཟླ་གྲགས་པའི་རྣམ་ཐར་ལྟར་ན།
དེ་ཡང་བ་སོ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་ (1537-1603/1605) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པའི་རྣམ་ཐར་དང་མཐུན་པར་མདོ་ཙམ་དུ་བསྟོད་པ་ཟླ་བའི་འོད་ཟེར་དྭངས་པའི་ཀུ་མུད་བཞད་པའི་དཔལ་སྟེར་ལས[1]། སྐྱེ་བ་ལྔ་བརྒྱར་མགོན་པོ་འཇམ་དབྱངས་ཀྱི། །བྱིན་རླབས་མུ་སྟེགས་རྒོལ་བ་ཚར་གཅོད་པར། །ནུས་ཕྱིར་ནཱ་ལེནྟྲ་ཡི་ཕྱི་རོལ་ཏུ། །འཇིགས་མེད་ལེགས་བཤད་གཎྜིའི་སྒྲ་དབྱངས་སྒྲོགས། །ཟབ་མོའི་དོན་གཟིགས་རྡོ་ཡི་ཀ་བ་གདལ། །ཕྱག་གིས་རེག་པས་ཐོག་མེད་མཁའ་ལ་བཞིན། །ཀླ་ཀློའི་དཔུང་ལྷག་རྡོ་ཡི་ཀ་བ་ལ། །ཕྱག་གིས་བསྣུན་པས་སེངྒེ་འབུམ་གྱུར་ཏེ། །རྒོལ་ངན་དཔུང་བཟློག་རི་མོའི་བ་དྲུས་ལས། །འོ་མ་བཞོས་པས་ངོ་བོས་མ་གྲུབ་ཀྱང་། །སྣང་ཙམ་རྒྱུ་འབྲས་བསླུ་མེད་ངེས་པར་མཛད། །སྒྱུ་མའི་ཚར་གཅོད་རྗེས་འཛིན་མཁན་ཁྱོད་རྒྱལ། །གང་གི་མཛད་པའི་སྒྲ་མདོ་ཀུན་ཏུ་བཟང་། །མཐོང་ཚེ་སྨྲ་མཁས་ཙནྡྲ་གོ་མི་ཡང་། །ཞུམ་བཅས་རང་གིས་བརྩམས་པ་ཁྲོན་པར་བཅུག །ཁྱོད་ཀྱི་ལྷག་བསམ་དག་པས་འགྲོ་བ་ལ། །ཕན་པར་འགྱུར་ཞེས་ཐེ་ཚོམ་ཆེན་པོ་ཡིས། །ལེན་པར་མཛད་པའི་ཁྲོན་པའི་ཆུ་དེ་ལ། །གང་གིས་འཐུང་ཡང་བློ་གྲོས་རྣོ་བར་གྲགས། །ནམ་ཞིག་ཤཪ་ཕྱོགས་མཁས་པ་ཆེན་པོ་དེ། །རྩོད་ཕྱིར་འོང་ཚེ་ཤིང་རྟ་གཉིས་བཅས་ཏེ། །གཅིག་ལ་འཇམ་པའི་དབྱངས་ཀྱི་སྐུ་བཞུགས་ཤིང་། །ཅིག་ཤོས་མཁས་པ་དེ་བཞུགས་དགེ་འདུན་གྱི། །བསུ་བ་བྱས་ཚེ་མགོན་པོ་འཇམ་དབྱངས་ལ། །ཕྱོགས་བཅུའི་རྒྱལ་བས་བསྐོར་བ་མངོན་སུམ་གཟིགས། །བསྟོད་པས་དགྱེས་ཏེ་གསན་པ་ད་ལྟ་ཡང་། །འཇིངས་འཇིང་ཡོན་མ་ཞེས་པ་ཡོངས་སུ་གྲགས། །དེ་དང་ལྷན་ཅིག་རྩོད་ལ་ཞུགས་པ་ན། །ཁྱོད་ཀྱིས་ཐོགས་མེད་ལན་བཏབ་ཙནྡྲ་ཡིས། །ཞག་ཅིག་འདས་ནས་ཐོག་བཅས་ལན་བཏབ་པས། །ཐེ་ཚོམ་ཞུགས་ཏེ་ཁང་པར་བལྟས་པ་ན། །ཐུགས་རྗེ་ཆེན་པོའི་སྐུས་ནི་སློབ་པར་གཟིགས། །འཕགས་ལ་ཉེ་རིང་མི་མངའི་ཞེས་གསོལ་པས། །སྐུ་བརྙན་ཟོལ་བཞུགས་སེ་གོལ་གཏོགས་པའི་ཕྱག །ཐུགས་རྗེ་ཆེན་པོ་མཛུབ་ཀེར་མ་ཞེས་གྲགས། །བདག་ལའང་ཞལ་བསྟན་མཛོད་ཅེས་གསོལ་བཏབ་པས། །ཁྱོད་ནི་འཇམ་པའི་དབྱངས་ཀྱིས་བྱིན་བརླབས་པའི། །མཁས་པ་ཆེན་པོ་ཡིན་པས་མི་དགོས་ཞེས། །གསུངས་ཀྱང་ནན་གྱིས་གསོལ་པས་ཞལ་བསྟན་ཏེ། །འགྲོ་ལའང་ཞལ་བསྟན་འཚལ་ཞེས་གསོལ་བཏབ་པས། །མཐོང་བར་དཀའ་ཞེས་གསུངས་ཀྱང་བདག་ཉིད་ཀྱི། །སྤྱི་བོར་བཞུགས་ཏེ་གྲོང་ཁྱེར་ཆེན་པོར་གཤེགས། །བདག་གི་སྤྱི་བོར་སྤྱན་རས་གཟིགས་དབང་བཞུགས། །ལྟོས་ཞེས་བསྐུལ་ཡང་མཐོང་བར་མ་གྱུར་ཏེ། །ཆོས་མང་བཤད་པའི་དབང་གིས་པཎྜི་ཏ། །རླུང་གིས་གཡེངས་ཞེས་ཟེར་ཞིང་ཅུང་ཟད་ཙམ། །མཐོང་བའང་ཐུན་མོང་དངོས་གྲུབ་ཐོབ་ཅེས་གྲགས། །མཁས་པའི་བྱ་བ་གསུམ་གྱིས་རྒྱལ་བའི་བསྟན། །བརྒྱ་ཕྲག་བཞི་ཡི་ལོ་ལ་དངོས་སུ་སྤེལ། །ཞེས་སོགས་གསུངས་པ་ལྟར་ངོ་མཚར་གྱི་རྣམ་ཐར་བཅོ་ལྔས་ཀྱང་ཉུང་སྐྱོན་དུ་མཆིས་སོ།།
དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ལས[2]། གཞན་གྱིས་མ་རངས་ཐོས་བསམ་དགེ་འདུན་ལས། །གང་ཡང་མི་བྱེད་ཟོས་ཀྱིན་ཉལ་བསྡད་པས། །གནས་དབྱུང་བྱ་ཞེས་མི་རིགས་སྨྲས་ན་ཡང་། །མཁན་པོས་བཤོལ་བར་མཛད་ལ་གསོལ་བ་འདེབས། །མཁན་པོའི་བཀའ་ཡིས་དགེ་འདུན་མཛོད་གཉེར་མཛད། །མ་ཧེ་གླང་སོགས་ནགས་ལ་ཡན་དུ་བཏང་། །རི་མོའི་བ་བཞོས་མང་པོའི་འཚོ་བ་བསྒྲུབས། །ཀུན་གྱིས་ངོ་མཚར་གྱུར་ལ་གསོལ་བ་འདེབས། །ཏུ་རུཥྐ་ཡི་དམག་འཁྲུག་བྱུང་བའི་ཚེ། །རྡོ་ཡི་སེང་མགོར་བེར་ཀ་ཐེངས་གསུམ་བརྒྱབ། །གཡུ་རལ་ལན་གསུམ་སྤྲུགས་པས་དམག་ཚོགས་བཟློག །རྨ་མེད་རང་སར་ཞི་ལ་གསོལ་བ་འདེབས། །ནགས་ལ་སྒོམ་གྱིན་བཞུགས་ཚེ་ནགས་མེ་ཤོར། །མི་རྣམས་བལྟར་ཕྱིན་ཤིང་གི་ལྷ་མོ་ཡིས། །སྙིང་རྗེ་ཅན་ལ་འབྱུང་བས་མི་གནོད་ཟེར། །རྩྭའི་སྤྱིལ་འདོམ་གང་ཁོར་ཡུག་མ་ཚིག་མཐོང་། །ཞལ་ནས་ང་ཡི་བླ་མ་ཀླུ་སྒྲུབ་ཀྱིས། །སྐྱེ་མེད་མེ་ཡིས་དངོས་པོའི་བུད་ཤིང་བསྲེགས། །ངས་ཀྱང་བསྲེགས་པས་དངོས་པོའི་མེ་ཡིས་ནི། །ག་ལ་ཚུགས་ཞེས་སྩལ་ལ་གསོལ་བ་འདེབས། །མུ་སྟེགས་ཀུ་མ་རི་ཀར་བརྒྱ་བྱིན་དངོས། །སུམ་ཅུ་རྩ་གསུམ་ན་ཡོད་སྤྲུལ་པ་གཅིག །དགའ་ལྡན་བྱམས་པར་ཆོས་ཉན་འདུག་གོ་གསུངས། །ཐོགས་མེད་མངོན་ཤེས་མངའ་ལ་གསོལ་བ་འདེབས། །མཁས་པའི་ཁྱུ་མཆོག་ཙནྡྲ་གོ་མི་དང་། །ལོ་བདུན་བར་དུ་དབུ་སེམས་སོ་སོའི་ཕྱོགས། །ལེགས་བཟུང་ཆོས་ཀྱི་བགྲོ་གླེང་མཛད་པ་ན། །གོ་མིས་ཐུགས་རྗེ་ཆེན་པོར་ལྐོག་དྲིས་མཛད། །ཟླ་བས་ཕྱི་བསྙེགས་འཕགས་པའི་རྡོ་སྐུ་ཡིས། །གསུང་ཆོས་སློབ་ཚུལ་མཐོང་བས་འཕགས་པ་ཁྱོད། །ཉེ་རིང་མི་མཛད་གསུང་བཞིན་གསོལ་བཏབ་པས། །མནལ་ལམ་ཞལ་དཀྱིལ་གཟིགས་ལ་གསོལ་བ་འདེབས། །ཞལ་བཟང་སྟོན་པར་ཡང་ཡང་གསོལ་བཏབ་པས། །གསང་འདུས་སྒོམས་གསུང་ཞག་བདུན་བསྒོམས་པ་ཡིས། །དཀྱིལ་འཁོར་ནུབ་སྒོའི་འཇིག་རྟེན་དབང་ཕྱུག་དམར། །ཞལ་བཟང་དངོས་སུ་གཟིགས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་ངོ་མཚར་གྱི་རྣམ་ཐར་མང་དུ་སྣང་ངོ་།།
དེ་བཞིན་ཛ་ཡ་པཎྜི་ཏ་བློ་བཟང་འཕྲིན་ལས་དཔལ་བཟང་པོའི་ (1642-1708) ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་གསལ་བའི་མེ་ལོང་ལས[3]། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་སྐྱེ་བ་ལྔ་བརྒྱར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་སློབ་དཔོན་ཟླ་བ་གྲགས་པ་ནི། ལྷོ་ཕྱོགས་ས་མནྟར་སྐུ་འཁྲུངས་རབ་ཏུ་བྱུང་། རིག་གནས་སྤྱི་དང་སྡེ་སྣོད་མཐའ་དག་ལ་མཁས་པར་སྦྱངས། ལེགས་ལྡན་གྱི་སློབ་མ་མང་པོ་དང་སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུ་དྡྷི་ལ། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལུགས་དང་མན་ངག་ཐམས་ཅད་ནོས་ཏེ་མཁས་པ་ཆེན་པོར་གྱུར་ནས། དཔལ་ནཱ་ལེནྡྲའི་མཁན་པོ་མཛད། རིགས་ཚོགས་དང་བཞི་བརྒྱ་པའི་འགྲེལ་པ། དབུ་མ་ལ་འཇུག་པ་རྩ་འགྲེལ། ཁྱད་པར་དུ་ཉི་ཟླ་ལྟར་གྲགས་པའི་འགྲེལ་པ། རྩ་ཤེའི་འགྲེལ་པ་ཚིག་གསལ། གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ། གསལ་བ་རྣམ་གཉིས་སོགས་མདོ་སྔགས་ཀྱི་བསྟན་བཅོས་མང་དུ་མཛད། རི་མོར་བྲིས་པའི་བ་ལས་འོ་མ་བཞོས་ནས། དགེ་འདུན་ཐམས་ཅད་འོ་ཐུག་གིས་ཚིམ་པར་མཛད་པ་དང་། རྡོའི་ཀ་བ་ལ་ཕྱག་མི་ཐོགས་པར་དབྱུག་པ། རྩིག་པ་ལ་ཐོགས་མེད་དུ་བཞུད་པ། ཀོངྐུ་ནའི་ཡུལ་དུ་མུ་སྟེགས་ཀྱི་རྒོལ་མང་པོ་ཚར་བཅད། བྲམ་ཟེ་དང་ཁྱིམ་བདག་ཕལ་ཆེར་བསྟན་པ་ལ་བཅུག་ནས་ཆོས་གཞི་ཆེན་པོ་མང་དུ་བཏབ། མནུ་བྷཾ་ག་ཞེས་བྱ་བའི་རི་ལ་སྔགས་ལམ་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ་སོང་བར་སྔགས་ཀྱི་སློབ་དཔོན་རྣམས་འདོད་དོ། །བོད་ཀྱི་ལོ་རྒྱུས་ལྟར་ན་དགུང་ལོ་སུམ་བརྒྱ་བཞུགས་པ་དང་། རྡོའི་སེངྒེ་ལ་ཆིབས་ནས་ཏུ་རུ་ཥྐའི་དམག་བཟློག་པའི་མཛད་པ་ཁྱད་པར་ཅན་བསྟན་པར་འདོད་དོ། །ཕྱི་མ་ནི་དེ་ལྟར་བྱུང་བར་རུང་ལ། སྔ་མ་ནི་འཇའ་ལུས་སུ་གྱུར་ན་འཆི་བ་མེད་པ་ཡིན་པས། ལོ་སུམ་བརྒྱས་ཆར་ཡང་མི་བཟོད། རྣམ་སྨིན་རགས་པའི་སྐུ་ལུས་ཀྱིས་མི་ཡུལ་དུ་དེ་ལྟར་བཞུགས་པར་འདོད་ན་ནི་མི་འཐད་པར་མངོན་ནོ། །ཞེས་གསུངས་པ་ལྟར་ངོ་མཚར་གྱི་རྣམ་ཐར་མང་དུ་སྣང་བ་ལས་གྲངས་འདྲེན་གྱི་དབང་དུ་བྱས་ཏེ་བཅོ་ལྔ་མི་སྣང་ཡང་། ཟླ་གྲགས་སྔ་ཕྱི་གཉིས་ལས་ཕྱི་མ་གྲུབ་ཆེན་བརྒྱད་ཅུའི་ནང་ཚན་ངོ་མཚར་བའི་རྣམ་ཐར་བཅོ་ལྔས་ཁྱད་པར་དུ་འཕགས་ཞེས་པ་ལྟར་ངོ་མཚར་གྱི་རྣམ་ཐར་བཅོ་ལྔ་ནི། པཎྜི་ཏ་རྒྱ་གར་མངོན་ཤེས་ཅན་བླ་མ་རྡོ་རྗེ་གདན་པས་ (དུས་རབས་11པ།) མཛད་པར་གྲགས་པའི་དཔལ་ལྡན་ཟླ་བ་གྲགས་པའི་བསྟོད་པ་ངོ་མཚར་ཚིགས་བཅད་མ་[4]ལྟར་ན། ༡༽ དཔལ་ལྡན་ཟླ་བ་གྲགས་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་ཡི་སྤྲུལ་པར་འཁྲུངས་པའི་ངོ་མཚར་དང་། ༢༽ རྣམ་དག་ཚུལ་ཁྲིམས་གཙང་མའི་མཐུས་ཡིས་སོལ་བ་ལས་འཁྲུངས་ལྗོན་ཤིང་ཡལ་ག་ཡོངས་སུ་རྫོགས་ཤིང་ཡལ་འདབ་མེ་ཏོག་འབྲས་བུ་སྨིན་པའི་ངོ་མཚར། ༣༽ སེམས་ལ་རང་དབང་ཐོབ་པས་རི་མོར་བྲིས་པའི་བ་རྣམས་ལས་འོ་མ་བཞོས་ནས་གཞན་རྒྱུད་ཀྱི་བདེན་ཞེན་བཟློག་པའི་ངོ་མཚར། ༤༽ བརྡ་སྤྲོད་ཀུན་ཏུ་བཟང་པོའི་གཞུང་ལུགས་ཀྱིས་བསྐུལ་བས་གངྒཱའི་ཆུ་ཀླུང་གིས་ཤེས་རབ་བསྐྱེད་པའི་ངོ་མཚར། ༥༽ སྟོབས་ལྡན་རྡོ་ཡི་སེངྒེ་བསྐུལ་ནས་དུ་རུ་ཀའི་དམག་བཟློག་ཀྱང་ཤི་རྨས་མེད་པའི་ངོ་མཚར། ༦༽ མཁས་པའི་ཁྱུ་མཆོག་སློབ་དཔོན་ཙནྡྲ་གཽ་མི་ཡིས་ལོ་བདུན་བར་དུ་བརྩད་ཀྱང་རྒོལ་བར་མ་ནུས་པའི་ངོ་མཚར། ༧༽ ཡང་དག་རིགས་ལམ་གྱི་སེངྒེའི་སྒྲ་ཡིས་ཕྱི་ནང་གི་གྲུབ་མཐའི་གླང་པོ་ཀུན་འཇིག་པར་བྱེད་པའི་ངོ་མཚར། ༨༽ ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པའི་མཐིལ་གང་ཡིན་པ་མཁས་པ་སྟོང་གིས་མ་དཔོག་པ་དཔལ་ལྡན་ཟླ་བས་ཇི་བཞིན་གསལ་བའི་ངོ་མཚར། ༩༽ ངེས་དོན་མཐར་ཐུག་དབུ་མ་ཐལ་འགྱུར་བའི་གཞུང་བཟང་འཛམ་གླིང་ཀུན་ཏུ་སྣང་བར་མཛད་པས་ལོག་སྨྲ་བཟློག་པའི་ངོ་མཚར། ༡༠༽ དངོས་པོ་སྟོབས་ཞུགས་ཀྱི་རིགས་ལམ་མཐོང་ནས་མཁས་མཆོག་སློབ་དཔོན་ལེགས་ལྡན་འབྱེད་རྗེས་སུ་འབྲངས་པའི་ངོ་མཚར[5]། ༡༡༽ གསང་སྔགས་ཐེག་པ་ཆེན་པོ་མཐའ་དྲུག་ཚུལ་བཞིའི་ལམ་ནས་ལེགས་པར་བརྟགས་ཏེ་མྱུར་ལམ་བསྟན་པའི་ངོ་མཚར། ༡༢༽ མཆོག་ཏུ་གསང་བ་རྡོ་རྗེ་སྙིང་པོའི་དོན་ལེགས་པར་རྟོགས་ཏེ་འཕོ་ཆེན་དྭངས་མའི་སྐུ་ལ་སྐྱེ་ཤི་སྤངས་པའི་ངོ་མཚར། ༡༣༽ ཕྱོགས་རིས་མེད་པའི་ཐུགས་རྗེས་ཕྱི་མའི་མུ་མཐའ་ཐུག་པའི་བར་དུ་འགྲོ་བ་སྒྲོལ་བའི་ངོ་མཚར། ༡༤༽ དཔལ་ལྡན་ཟླ་བ་གྲགས་པའི་མཚན་ཙམ་ཐོས་པས་ཚེ་རབས་ཀུན་ཏུ་རྨོངས་པའི་མུན་པ་སེལ་བར་མཛད་ཅིང་ཡེ་ཤེས་སྟེར་བའི་ངོ་མཚར། ༡༥༽ བྱམས་མགོན་སྙིང་རྗེའི་བློ་ཅན་ལ་གསོལ་བ་འདེབས་པའི་སྐྱེ་བོ་ཐམས་ཅད་མེ་ཡིས་མི་འཚིགས་ཤིང་། ཆུས་མི་ཁྱེར་བ་དང་། །རླུང་གིས་འཐོར་བར་མི་ནུས་པའི་ངོ་མཚར་བཅས་བཅོ་ལྔ་རྣམས་སོ། །བསྟོད་པ་དངོས་བསྟོད་ཚོགས་ཕྱོགས་བསྒྲིགས་ནང་དུ་འཇུག་འགོད་ཞུས་ཡོད་པས་དེ་ལས་མཁྱེན་པར་མཛོད་ཅིག།
གཞན་ཡང་གོང་གསལ་ངོ་མཚར་གྱི་བསྟོད་པའི་ནང་དུ་མི་གསལ་བ། ༡༽ སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་པ་དང་། ༢༽ རྡོའི་ཀ་བ་དང་རྩིག་པ་ལ་ཕྱག་མི་ཐོགས་པ། ༣༽ མངོན་ཤེས་ལ་ཐོགས་པ་མི་མངའ་བ། ༤༽ ཀླུ་སྒྲུབ་ཀྱི་ལུགས་བཟང་གསལ་བར་བྱ་ཕྱིར་བསམ་བཞིན་སྐྱེ་བ་བཞེས་པ། ༥༽ སྔོན་སློབ་དཔོན་སངས་རྒྱས་བསྐྱངས་སུ་སྐྱེ་བ་དྲན་པ་སོགས་ངོ་མཚར་བའི་རྣམ་ཐར་ཡང་མང་དུ་སྣང་ངོ་།།
དེ་ལྟར་བུའི་ངོ་མཚར་གྱི་རྣམ་ཐར་དུ་མས་ཕྱུག་པས་ན། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ལས་[6]ཀྱང་། ཡོན་ཏན་མ་ལུས་ཁྱོད་ལ་བསྡུས་ནས་ནི། །སྐྱོན་རྣམས་མ་ལུས་འཁོར་བར་བཞུགས་པ་ཡིས། །ཆོས་ཀུན་ངོ་ཚ་སྐྱེས་པ་བཞིན་དུ་ནི། །ཆོས་ཉིད་སྟོང་པའི་ངང་དུ་བྲོས་པ་འདྲ། །དཔལ་མགོན་ཁྱོད་ཀྱི་གཟི་བརྗིད་མ་བཟོད་པར། །ཉི་མ་ཟླ་བ་རྒྱུ་སྐར་བཅས་པ་རྣམས། །ནམ་མཁར་བྲོས་ཏེ་སྡོད་ཚུགས་མི་ཐུབ་པར། །རྒྱུན་དུ་ཁྱོད་ལ་བསྐོར་བ་བྱེད་པ་འདྲ། །དེ་ལྟའི་སྙན་པ་རབ་ཏུ་བསྒྲགས་པའི་ཕྱིར། །ཆུ་རླུང་འདི་དག་ཀུན་ཏུ་རྒྱུ་བ་བཞིན། །མེ་ནི་ཁྱོད་ཀྱི་རྣམ་ཐར་སྟོན་པ་ལྟར། །རྟག་པར་གྱེན་དུ་འབར་བ་ཁོ་ནར་ཟད། །ཡོན་ཏན་དྲི་བཟང་ཀུན་ཏུ་འཕྲོ་བ་གང་། །མཚོན་པའི་རླུང་ནི་ཕྱོགས་མཐའ་ཐམས་ཅད་འཚོལ། །ཁྱོད་ཀྱི་ཕུན་ཚོགས་ཤོང་བར་མི་ནུས་ཤིང་། །ནམ་མཁའ་འདི་དག་ཕ་མཐའ་མེད་པར་བྲོས། །ཐོས་བསམ་རྒྱ་མཚོའི་ཕ་རོལ་སོན་གྱུར་ཏེ། །སྒོམ་པ་རིན་ཆེན་གླིང་ལ་དབང་བསྒྱུར་བ། །འགྲོ་བའི་རེ་བ་མ་ལུས་སྐོང་མཛད་པ། །ཡིད་བཞིན་ནོར་བུའི་དཔལ་མངའ་ཁྱོད་ལ་འདུད། །སྡེ་སྣོད་ཆུ་གཏེར་ཆེན་པོའི་ཕ་རོལ་བརྒལ། །རྣམ་དག་རྒྱུད་སྡེ་བཞི་ཡི་བང་རིམ་འཛེགས། །བླ་མེད་བྱང་ཆུབ་ཆེན་པོའི་གོ་འཕང་བརྙེས། །ལྷར་བཅས་འགྲོ་བའི་དཔལ་མགོན་ཁྱོད་ལ་འདུད། །དབེན་གསུམ་མལ་དུ་སྒྱུ་ལུས་རྡོ་རྗེའི་སྐུ། །འོད་གསལ་མཛེས་མའི་པདྨ་མཉམ་སྦྱར་ནས། །བདེ་སྟོང་ཟུང་དུ་འཇུག་པའི་མཐར་ཐུག་རྙེད། །གྲུབ་ཐོབ་ཀུན་གྱི་རྒྱལ་པོ་ཁྱོད་ལ་འདུད། །སྣོད་བཅུད་མ་ལུས་རྣམ་དག་དཀྱིལ་འཁོར་གཟིགས། །དཔག་ཡས་ཡི་དམ་ལྷ་ཡི་ཞལ་དང་མཇལ། །ཡོན་ཏན་བུམ་པ་གང་བྱོའི་ཚུལ་དུ་ཐོབ། །སྔགས་འཆང་ཀུན་གྱི་དབང་ཕྱུག་ཁྱོད་ལ་འདུད། །སྟོན་པ་ཐུབ་པ་ཆེན་པོ་ཁྱོད་ཉིད་དེ། །རྡོ་རྗེ་འཆང་ཆེན་གཞན་ན་སུ་ཞིག་ཡོད། །དག་དང་མ་དག་འགྲོ་བ་མ་ལུས་པ། །འདྲེན་མཆོག་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་བསྟོད་ཕྱག་མཛད་པ་ནི་དོན་ལ་གནས་པ་ཁོ་ནའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་སོགས། པོད། ༼༡༽ དབུ་མེད་བྲིས་མ། དཔེ་རིང་། ཤོག་ ༢༨༠བ༢
[2] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཟླ་བསྟོད་དགའ་སྟོན། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[3] ཛ་ཡ་པཎྜི་ཏའི་གསུང་འབུམ། པོད་དང་པོ། དཔེ་གཟུགས། ཤོག་གྲངས་ ༡༣༩འོག༢
[4] ཕྱོགས་སྒྲིག་པའི་གསལ་བཤད། བསྟོད་པ་འདི་ཉིད་མཛད་པ་པོ་སུ་ཡིན་མི་གསལ་ཞིང་། འདི་ཉིད་སྔར་མཁན་པོ་གཞན་དགའི་གཞུང་ཆེན་བཅུ་གསུམ་ཞེས་ཁམས་ཀྱི་བཤད་གྲྭ་འགའ་ཞིག་ཏུ་འཁྲིད་སྲོལ་ཡོད་པའི་རྩ་གཞུང་གི་གྲས་སུ་ཡོད་པ་ཞིག་དང་། མ་དཔེ་བོད་ཤོག་བྲིས་མ་དཔེ་ཐུང་ངོ་ཤོག་གཉིས་ཅན་ཞིག་སྟེ། ཚིགས་སུ་བཅད་པ་དང་པོ་ནི། བླ་མ་རྡོ་རྗེ་གདན་པས་མཛད་པའི་གྲུབ་ཆེན་བརྒྱད་ཅུའི་གསོལ་འདེབས་སུ་བཞུགས་པ་དེ་ཉིད་ཡིན་ལ། དེ་འཕྲོས་ངོ་མཚར་གྱི་མཛད་པ་བཅུ་བཞི་ལ་ཚིགས་སུ་བཅད་པ་རེ་རེ་དང་། མཇུག་ཏུ་དགེ་བསྔོའི་ཚིགས་བཅད་གཅིག་བཅས་ཁྱོན་བསྡོམས་ཚིགས་བཅད་བཅུ་དྲུག་བཞུགས་པ་ལྟར་ངོ་མཚར་གྱི་རྣམ་ཐར་བཅོ་ལྔའོ། །ཕྱག་དཔེ་བྲིས་མར་མཚན་བྱང་མི་སྣང་བས། མཚན་བྱང་འདི་ཉིད་མཛད་པ་ལ་བརྟེན་ནས་གསར་དུ་བཏགས་པའོ།།
[5] ཚིགས་བཅད་འདིའི་ནང་དོན་ལྟར། ལེགས་ལྡན་འབྱེད་ཀྱིས་ཟླ་བ་གྲགས་པའི་རྗེས་སུ་འབྲང་བ་ནི། བྱོན་སྔ་ཕྱིའི་ཆ་ནས་མི་འགྲིག་ལ། ཟླ་བ་གྲགས་པ་ལེགས་ལྡན་ཀྱི་རྗེས་སུ་འབྲང་ན་ནི་ཐུན་མོང་མ་ཡིན་པའི་ལྟ་བའི་བཞེད་ཚུལ་གྱི་ཆ་ནས་འགྲིག་དཀའ་བས་དཔྱད་གཞིར་སྣང་ངོ་།།
[6] ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་ ༡༧༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༢༥ ནས་ ༥༣༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།