༡༽ དབུ་མ་རིགས་ཚོགས་ཀྱི་གྲངས་ངེས་སྐོར།

༡༽ དབུ་མ་རིགས་ཚོགས་ཀྱི་གྲངས་ངེས་སྐོར།

1) ཐོག་མར་གླེང་གཞི་དང་འབྲེལ་བའི་གཏམ།

 

དེ་ཡང་རྗེ་བཙུན་རེད་མདའ་བ་ཆེན་པོས་ (1349-1412) མཛད་པའི་འཛམ་གླིང་མཁས་པའི་རྒྱན་དྲུག་ལ་བསྟོད་པ་ལས[1]།

བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར་བསྟན་པ་འདི་ལ་སྟོན་པ་གཉིས་པ་ལྟར་གྲགས་ཤིང་། འཕགས་བོད་གཉིས་ཀར་ཡོངས་སུ་གྲགས་པའི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ནང་གསེས་ཟབ་མོ་དབུ་མའི་རྒྱན་དུ་གྱུར་ཅིང་། སྟོན་མཆོག་རྣམ་འདྲེན་བཞི་པས་གསུང་རབ་ཇི་སྙེད་ཅིག་བཀའ་སྩལ་པའི་སྙིང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཇི་བཞིན་དུ་འགྲེལ་པར་རྒྱལ་བ་རང་ཉིད་ཀྱིས་ལུང་གིས་བསྔགས་པའི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ནི། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1899) ཤེས་བྱ་ཀུན་ཁྱབ་ལས[2]། ལྷོ་ཕྱོགས་བཻ་དརྦྷའི་ཡུལ་དུ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སངས་རྒྱས་གཉིས་པའི་འཕྲིན་ལས་ཅན་འདི་ཉིད་བྱོན་ནས་ལོ་ཉིས་བརྒྱར་ཡུལ་དབུས། ཉིས་བརྒྱར་ལྷོ་ཕྱོགས། བརྒྱ་དང་ཉི་ཤུ་རྩ་དགུ་དཔལ་གྱི་རི་ལ་བཞུགས་ཏེ་ཉན་བཤད་སྒོམ་པ་དང་། གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་བཞེངས་པ་དང་། དགེ་འདུན་ལ་འཚོ་བ་སྦྱར་ཞིང་ཀླུ་སོགས་མི་མ་ཡིན་གྱི་དོན་མཛད་པ་དང་། མུ་སྟེགས་ཀྱི་རྒོལ་བ་བཟློག་པ་སོགས་སྒོ་ཐམས་ཅད་ནས་དམ་པའི་ཆོས་བསྐྱངས་ཤིང་། ཁྱད་པར་ཐེག་པ་ཆེན་པོའི་བསྟན་པ་ལ་སྐུ་དྲིན་ཟླ་མེད་པ་མཛད། ཀླུའི་ཡུལ་ནས་ཤེར་ཕྱིན་འབུམ་པ་སྤྱན་དྲངས་ཤིང་། དེ་ཕྱིན་ནས་ཐེག་ཆེན་གྱི་མདོ་སྡེ་གསར་དུ་བྱོན་པ་མེད། གཏམ་གྱི་ཚོགས་དང་། རིགས་པའི་ཚོགས། བསྟོད་པའི་ཚོགས་གསུམ་གྱིས་བཀའ་འཁོར་ལོ་དང་པོ་བར་པ་ཐ་མ་གསུམ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་པའི་ཤིང་རྟ་ཆེན་པོའི་ལམ་སྲོལ་ཐོག་མར་དབྱེ་བར་མཛད། ཉན་ཐོས་དང་དངོས་སྨྲ་བ་རྣམས་ཀྱི་རྩོད་པ་བཟློག་ཅིང་། ཐེག་ཆེན་བཀའ་རུ་སྒྲུབ་པའི་སེངྒེའི་ང་རོ་བསྒྲགས་ཏེ་མཐར་མཚན་བཟང་སོ་གཉིས་གསལ་བར་རྫོགས་པ་ན། རྒྱལ་པོ་བདེ་སྤྱོད་ཀྱི་བུ་རབ་ནུས་ལ་དབུ་སྦྱིན་པ་སྩལ་ཅིང་། དབུ་དང་སྐུ་ལུས་མི་འཇིག་པར་བྱིན་གྱིས་བརླབས་ཏེ་བདེ་བ་ཅན་དུ་གཤེགས་ནས་སངས་རྒྱས་ཀྱི་ཞིང་སྦྱོང་བར་མཛད་ཅིང་། རིང་པོར་མི་ཐོགས་པར་སྐུ་ལུས་ལ་ཞུགས་ཏེ་བསྟན་པ་སྤེལ་ཞིང་འགྲོ་བའི་དོན་མཐའ་ཡས་པ་མཛད་པར་གྱུར་རོ། །ཞེས་གསུངས་པ་ལྟར། དེ་ལྟ་བུའི་བདག་ཉིད་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ལ་མདོ་སྔགས་གཉིས་དང་། གཞན་ཡང་བསྟོད་ཚོགས་དང་། སྐྱེས་རབས། སྤྲིང་ཡིག །གསོ་རིག །བཟོ་རིག་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་དུ་མའི་ཐོག་འགྲན་ཟླ་བྲལ་བའི་ལེགས་བཤད་ཀྱི་གསུང་རྩོམ་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་མཛད་པའི་ནང་ནས་རབ་དང་ཕུལ་དང་མཆོག་ཏུ་གྱུར་པ་ནི་ཤིང་རྟའི་སྲོལ་ཆེན་འབྱེད་བྱེད་ཀྱི་བསྟན་བཅོས་རིགས་ཚོགས་རྣམས་ཡིན་ལ། དེ་ལྟར་རིགས་ཚོགས་དང་། གཏམ་ཚོགས། བསྟོད་ཚོགས་སོགས་རྣམ་གྲངས་དུ་མའི་ཐོག་ལེགས་བཤད་ཀྱི་བསྟན་བཅོས་མཛད་དེ་རྒྱལ་བསྟན་རིན་པོ་ཆེ་དང་། བཅུ་ཕྲག་རིག་པའི་སྙིང་པོ་རྣམས་གསལ་བར་མཛད་པ་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་གི་བསྟན་དོན་རྣམས་ལྟ་བ་དང་སྤྱོད་པ་གཉིས་གཙོ་བོར་བྱས་ནས་བསྟན་པ་དང་། ལུང་རིགས་གཉིས་ཀྱི་སྒོ་ནས་བསྟན་པ། གཞན་ཡང་ཚོགས་གསུམ་སྟེ་གཏམ་ཚོགས་[3]དང་། བསྟོད་ཚོགས་[4]དང་། རིགས་ཚོགས་བཅས་ཚོགས་གསུམ་རིམ་བཞིན་བཀའ་ཐོག་མཐའ་བར་གསུམ་གྱི་དགོངས་འགྲེལ་དུ་བརྩམས་པའི་བསྟན་བཅོས་དང་། བསྟོད་ཚོགས་ལའང་གཞི་ལམ་འབྲས་གསུམ་གྱི་བསྟོད་ཚོགས་སོགས་སུ་རྣམ་དབྱེ་འབྱེད་རྒྱུ་ཡོད་པར་སྔོན་བྱོན་མཁས་པ་རྣམས་ཀྱིས་བཞེད་དོ།།

གཞན་ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1596) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[5]། དེས་རིག་པའི་གནས་ལྔས་འདུལ་བ་རྣམས་ལེགས་པར་སྨིན་པར་བྱས་ཤིང་། མདོ་ལུགས་ལ་སྐུ་ཚེ་འདི་ཉིད་ལ་ས་བརྒྱད་པ་ཐོབ། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུན་པ་ན་གནས་པའི་གསེར་གྱི་གར་བུ་ལྟ་བུ་གཏམ་ཚོགས་དང་། རིགས་པའི་ཚོགས་དང་། བསྟོད་པའི་ཚོགས་དང་། དེ་ཁོ་ན་ཉིད་ཀྱི་ཚོགས་ཀྱིས་གསལ་བར་ཕྱུངས་ཏེ་སློབ་མའི་མཆོག་ཤཱཀྱ་བཤེས་གཉེན་ལ་ན་ལནྡྲ་གཏད་དེ་དཔལ་གྱི་རི་ལ་གཤེགས་སོ། །ཞེས་གསུངས་པ་ལྟར་ཡོངས་གྲགས་ཚོགས་གསུམ་ལས་བཞི་ཞེས་མི་གསལ་ཡང་། འདིར་དམིགས་བསལ་དེ་ཁོ་ན་ཉིད་ཀྱི་ཚོགས་ཞེས་ཀྱང་གསལ་ལོ།།

 

2) རིགས་ཚོགས་ཀྱི་ཐ་སྙད་ཀྱི་ཐོག་མ།

དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་གཞུང་ལུགས་མ་ལས[6]།

གཞུང་ལུགས་མི་འདྲའི་ཆུ་བོ་བརྒྱ་འགྱེད་ཅིང་། །རིགས་ཚོགས་སྤོབས་པའི་རྦ་རླབས་སྟོང་འཕྲོ་བ། །

ཡོན་ཏན་རིན་ཆེན་ཁྲི་ཕྲག་གིས་བརྒྱན་པའི། །ཀླུ་སྒྲུབ་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །

ཞེས་གསུངས་པ་ལྟར་རྒྱ་གཞུང་དུ་རིགས་ཚོགས་གང་དག་ཡིན་པ་ནི། སློབ་དཔོན་ལེགས་ལྡན་[7]གྱིས་མཛད་པའི་དབུ་མ་རིན་པོ་ཆེའི་སྒྲོན་མ་ལས[8]།

དབུ་མའི་རྩ་བ་རྩོད་པ་ཟློག །སྟོང་ཉིད་བདུན་ཅུ་རིགས་དྲུག་ཅུ། །

རྣམ་པར་འཐག་པ་ལ་སོགས་པས། །དངོས་རྣམས་སྐྱེ་མེད་ཤེས་པར་བྱ། །

ཞེས་གསུངས་པ་ལྟར། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱ་ཆེར་བཤད་པ་ལས[9]། རིགས་པ་ནི་རྒྱ་ཆེར་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། དབུ་མ་རིགས་པའི་ཚོགས་ལས་རྒྱ་ཆེར་གཏན་ལ་ཕབ་པས། དེ་ཡང་འདིར་བདག་གིས་སྤྲོས་ན་དོན་མེད་པའི་ཕྱིར་མ་སྤྲོས་སོ། །ཞེས་གསུངས་ལ། དེ་བཞིན་ཚད་མ་རྣམ་པར་འཇོམས་པ་མདོར་བཤད་པའི་འགྲེལ་པ་ (མཛད་པ་པོ་མི་གསལ་) ལས་[10]ཀྱང་། གཞན་ཡང་དགོས་པའི་དགོས་པ་མ་བརྗོད་ན། ཕྱི་རོལ་པའི་བསྟན་བཅོས་ལས་གསང་ཚིག་བསྒྲུབ་པའི་རྐྱེན་རང་གི་མ་ལ་མེ་སྐོར་བྱེད་པའི་རིམ་པའི་མན་ངག་ལྟར། ཐ་སྙད་དུ་མི་རུང་ཞིང་བློ་འབྱུང་བ་དེའི་ཕྱིར་བརྗོད་དགོས་པ་ཁོ་ན་ཡིན་ནོ། །གལ་ཏེ་དེ་ལྟར་ཡིན་མོད་ཀྱི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་ཚད་མའི་མཐའ་ལ་ཞེན་པ་བསལ་བའི་ཕྱིར་རིགས་པའི་ཚོགས་དུ་མ་བརྗོད་པ་མ་ཡིན་ནམ་ཞེ་ན། དེ་ལྟར་ཡིན་མོད་ཀྱི། མདོར་བསྡུས་པས་དོན་རྫོགས་པར་འདོད་པ་རྣམས་ཀྱི་དབང་དུ་བྱས་ནས་བཀོལ་ཞིང་བཀོད་པ་ཡིན་ནོ།།

འོ་ན་དགོས་པ་ལ་སོགས་པ་ཇི་ལྟར་བསྟན་ཞེ་ན། དངོས་དང་ཤུགས་ཀྱིས་བསྟན་པ་ཡིན་ཏེ། དེ་ལ་འདིར་རབ་ཏུ་བྱེད་པ་བསྟན་པས་དོར་བར་བྱ་བ་དང་བླང་བར་བྱ་བ་ཤེས་པ་ནི་དགོས་པ་ཡིན་ལ། དོར་བ་དང་བླང་བའི་ཐ་སྙད་ལ་རབ་ཏུ་འཇུག་ཅིང་གྲུབ་པ་ནི་དགོས་པའི་ཡང་དགོས་པའོ། །དེ་ལ་ཤུགས་ཀྱིས་བསྟན་པ་ནི་འབྲེལ་པ་སྟེ། དེ་ཡང་མདོར་བསྡུས་ཤིང་བཀོལ་བའི་རབ་ཏུ་བྱེད་པ་ནི་ཐབས་ཡིན་ལ། དགོས་པ་ནི་དེ་ལས་བྱུང་བ་ནི། འདིར་ཡང་ཐབས་དང་ཐབས་ལས་བྱུང་བ་དང༌། རྒྱུ་དང་འབྲས་བུའི་ཚུལ་གྱིས་འབྲེལ་པ་ཡིན་ནོ། །ཞེས་གསུངས་པ་ལྟར། གོང་གསལ་རྒྱ་གཞུང་ཁག་གསུམ་དང་། གཤམ་དུ་བཀོད་པའི་དབུ་མ་ཚིག་གསལ་བཅས་སུ་རིགས་ཚོགས་སམ་རིགས་པའི་ཚོགས་ཞེས་འཁོད་པ་ནི་རིགས་ཚོགས་ཀྱི་ཐ་སྙད་འཁོད་པའི་གཞུང་ལུགས་སྔ་ཤོས་རྣམས་མིན་ནམ་སྙམ་ལ། རྒྱ་གཞུང་དེ་དག་ཏུ་རིགས་ཚོགས་ཀྱི་གཞུང་ལུགས་ལྔ་ཡི་མཚན་སོ་སོར་བཀོད་ནས་ངོས་འཛིན་དང་། དེ་དག་ལ་རིགས་ཚོགས་ཞེས་པའི་ཐ་སྙད་གསལ་ནའང་། དེ་དག་ལ་རིགས་ཚོགས་ལྔ་དང་དྲུག་གི་གྲངས་ངེས་ཀྱི་ཐ་སྙད་ནི་བོད་པས་གསར་གཏོད་གནང་བ་ཞིག་ཡིན་པ་ལས་རྒྱ་གཞུང་ཁག་ཏུ་གྲངས་ངེས་གསལ་བ་མཇལ་རྒྱུ་མི་སྣང་ངོ་།།

 

3) ཚོགས་གསུམ་གྱི་སྐོར།

དེ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ལ་བསྟོད་ཚོགས་དང་། གཏམ་ཚོགས། རིགས་ཚོགས་བཅས་ཚོགས་གསུམ་ལས་རིགས་ཚོགས་ཀྱི་སྒྲ་བཤད་ནི[11]། ཟབ་མོའམ་དབུ་མའི་དོན་རིགས་པས་སྒྲུབ་པས་རིགས་ཚོགས་ཀྱི་ཐ་སྙད་བྱེད་དོ། །ཞེས་གསུངས་པ་ལྟར་དང་། ཡང་ན་བསྒྲུབ་བྱ་སྤྲོས་པའི་མཐའ་འགོག་པའི་རིགས་པའི་ཚོགས་དང་། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པའི་རིགས་པའི་ཚོགས་ལ་རིགས་ཚོགས་ཞེས་ཀྱང་བརྗོད་རུང་བར་སེམས་ལ། གཞན་ཡང་༸རྒྱལ་དབང་དགེ་འདུན་གྲུབ་པས་ (1391-1474) མཛད་པའི་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་ལན་ལས་[12]ཀྱང་། དབུ་མ་རིགས་པའི་ཚོགས་ཞེས་པའི་དོན་ནི། ཡུམ་གྱི་མདོ་ལས་བསྟན་པ་བཞིན། རྟག་ཆད་ཀྱི་མཐའ་དང་བྲལ་བའི་དབུ་མའམ། སྟོང་ཉིད་རིགས་པར་རྒྱས་པར་གཏན་ལ་འབེབས་པའི་གཞུང་ལ་དབུ་མ་རིགས་པའི་ཚོགས་ཞེས་བྱ་ལ། ཞེས་གསུངས་པ་ལྟར་རོ།།

ཚོགས་གསུམ་གྱི་ངོས་འཛིན་ཚུལ་ནི། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་དབུ་མ་ལ་འཇུག་པའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མ་ལས[13]། སློབ་དཔོན་གྱི་གཞུང་རྣམས་ཀྱང་ཟབ་མོ་ལྟ་བའི་འགྲེལ་པ་དང་། རྒྱ་ཆེན་སྤྱོད་པའི་ཆ་འགྲེལ་པ་གཉིས་སུ་གནས་སོ། །དང་པོ་ལའང་། ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའི་བསྟན་བཅོས་དང་། སྒོམ་བྱུང་གིས་ཉམས་སུ་ལེན་པའི་མན་ངག་གཉིས་སོ། །དང་པོ་ལའང་། ལོག་སྨྲ་ཚར་གཅོད་པ་དང་། སྐལ་ལྡན་རྗེས་སུ་འཛིན་པ་དང་། སྟོན་པ་ལ་གུས་པ་སྐྱེད་པའི་གཞུང་གསུམ་དུ་གནས་སོ། །དང་པོ་ནི་དབུ་མ་རིགས་པའི་ཚོགས་རྣམས་ཏེ། དེ་དག་གིས་རང་གཞན་གྱི་སྡེ་པ་རྟག་ཆད་དུ་སྨྲ་བ་མཐའ་དག་རིགས་པས་སུན་འབྱིན་པའི་ཕྱིར་རོ། །གཉིས་པ་ནི་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་སྟེ། དེ་དག་གིས་ནི་གདམས་པ་དང་རྗེས་སུ་བསྟན་པའི་ཚུལ་གྱིས་གཞན་ལ་ཟབ་མོ་འདོམས་པའི་ཕྱིར་རོ། །གསུམ་པ་ནི་བསྟོད་པའི་ཚོགས་ཏེ། དེ་དག་གིས་ནི་གཙོ་ཆེར་ཟབ་མོ་གསུང་ཞིང་། ཐུགས་སུ་ཆུད་པའི་སྒོ་ནས་སྟོན་པའི་ཆེ་བའི་ཡོན་ཏན་བརྗོད་པའི་ཕྱིར་རོ། །སྤྱོད་པའི་ཆ་འགྲེལ་པ་ནི་མདོ་སྡེ་ཀུན་ལས་བཏུས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་། རབ་ཏུ་བྱུང་བའི་ཕྱོགས་གཉིས་ཀའི་བསླབ་བྱ་རྣམས་མདོ་སྡེ་དག་ལས་ཇི་ལྟར་འབྱུང་བ་ལྟར་སྟོན་པའི་ཕྱིར་རོ། །ཞེས་གསུངས་སོ།།

ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ་ལས[14]། དང་པོ་རིགས་པའི་ཚོགས། གཉིས་པ་བསྟོད་པའི་ཚོགས་ལ་གསུམ་ལས། གཞི་ལ་བསྟོད་པ་ལ། ཆོས་ཅན་གསལ་བ་ལ་བསྟོད་པ་ནི། སེམས་ཀྱི་རྡོ་རྗེའི་བསྟོད་པ་སྟེ། །གང་གིས་སེམས་བྱུང་དྲྭ་བ་ནི། །སེམས་ཉིད་ཀྱིས་ནི་གསལ་མཛད་དེ། །སེམས་ཀྱི་རྨོངས་པ་སེལ་བ་ཡི། །རང་སེམས་དེ་ལ་ཕྱག་འཚལ་ལོ། །ཞེས་སེམས་ཉིད་འཁོར་འདས་ཀུན་གྱི་གཞིར་གྱུར་པ་ལ་བསྟོད་པའོ། །ཆོས་ཉིད་དབྱིངས་ལ་བསྟོད་པ་ནི། ཆོས་དབྱིངས་བསྟོད་པ་སྟེ། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ལ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་དྲི་མ་ལས་མ་གྲོལ་བའི་ཆོས་དབྱིངས་བསྟོད་པའི་ཡུལ་དུ་མི་རུང་ངམ་སྙམ་པའི་དོགས་པ་བསལ་ནས། ཐབས་ཀྱིས་མ་ཟིན་ན་འཁོར་བའི་རྒྱུར་གྱུར་པའི་ཆོས་དབྱིངས་ལ་བསྟོད་པའོ། །ལམ་ལ་བསྟོད་པ་ལ་ཐབས་སྙིང་རྗེ་ཆེན་པོ་ལ་བསྟོད་པ་ནི། སེམས་ཅན་མགུ་བར་བྱ་བའི་བསྟོད་པ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བའི་ལུང་ལས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་བཅུ་དྲུག་ལ་བཀའ་སྩལ་བ་དེ་ཉིད་ལོགས་སུ་བཀོལ་ནས་བསྟོད་ཚོགས་ཀྱི་ནང་དུ་བཞག་པའོ། །ཤེས་རབ་འཕགས་བཞིའི་ཡུམ་ལ་བསྟོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ་སྟེ། འདི་ལ་རྔོག་ལོས་ཐ་སྙད་དེ་ཉིད་དང་། ནག་ཚོས་རྣམ་པར་མི་རྟོག་པའི་བསྟོད་པ་ཞེས་ཐ་སྙད་མཛད་དོ། །འབྲས་བུ་ལ་བསྟོད་པ་ལ་སྐུ་གསུམ་ཅར་ལ་སོ་སོར་བསྟོད་པ་སྐུ་གསུམ་ལ་བསྟོད་པ་དང་། སྐུ་གསུམ་སོ་སོར་མ་ཕྱེ་བར་ལྟ་བ་རང་གི་ངོ་བོ་དང་། དེ་སྟོན་པའི་སྒོ་ནས་བསྟོད་པ་ནི། དོན་དམ་པར་བསྟོད་པ། དཔེ་མེད་པར་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། བསྟོད་པ་ལས་འདས་པར་བསྟོད་པ། བླ་ན་མེད་པའི་བསྟོད་པ་རྣམས་སོ། །ཁ་ཅིག་མཆོད་རྟེན་བརྒྱད་ཀྱི་བསྟོད་པ་གཉིས་དང་། འཇམ་དཔལ་གྱི་བསྟོད་པ་གཉིས་རྣམས་ཀྱང་འདིར་བསྣན་པར་སྣང་ངོ་།།

གསུམ་པ་གཏམ་ཚོགས་ནི། རྒྱལ་པོ་ལ་གཏམ་ཏུ་བྱ་བ་རིན་པོ་ཆེའི་ཕྲེང་བ་དང་། བཤེས་པའི་སྤྲིང་ཡིག་གཉིས་ཏེ། དཔལ་ལྡན་ཟླ་བ་གྲགས་པས་ (c.600-650) མཛད་པའི་དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་ལས[15]། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེར་བྱས་དེ་དང་། །རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པ་རྣམ་པར་ཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། །བརྒྱ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་བྱུང་ངོ་།།

གཞན་ཡང་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1894) ཤེས་བྱ་ཀུན་ཁྱབ་ལས[16]། འདིར་ཚོགས་གསུམ་གྱི་ངོས་འཛིན་ཡང་། བོད་ཕལ་ཆེར་གཏམ་ཚོགས་ལའང་རྒྱལ་པོ་ལ་ཐག་རིང་ནས་འཕྲིན་དུ་བསྐུར་བ་བཤེས་སྤྲིང་། དངོས་སུ་གཏམ་མཛད་པ་རིན་ཆེན་ཕྲེང་བ་དང་གཉིས། རིགས་ཚོགས་ལ་བསྒྲུབ་བྱ་སྤྲོས་པའི་མཐའ་འགོག་པའི་རིགས་ཚོགས། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་བཟློག་སྟེ་བཞི། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པའི་རིགས་ཚོགས། ཞིབ་མོ་རྣམ་འཐག་བཅས་ལྔ། བསྟོད་ཚོགས་ལ་གཞིའི་སྐབས་སུ་ཆོས་ཅན་ལ་གསལ་བར་བསྟོད་པ་དང་། ཆོས་ཀྱི་དབྱིངས་ལ་བསྟོད་པ་གཉིས། ལམ་གྱི་སྐབས་སུ་ཐབས་སྙིང་རྗེ་ཆེན་པོ་དང་། ཤེས་རབ་འཕགས་བཞིའི་ཡུམ་ལ་བསྟོད་པ་གཉིས། འབྲས་བུའི་དུས་སུ་སྐུ་གསུམ་སོ་སོར་བསྟོད་པ་དང་། སོ་སོར་མ་ཕྱེ་བར་ལྟ་བ་རང་གི་ངོ་བོའི་སྒོ་ནས་བསྟོད་པ་ལ་དོན་དམ་པར་བསྟོད་པ། དཔེ་མེད་པར་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ་རྣམས་ཡོད་པར་བཞེད། ཅེས་གསུངས་སོ།།

དེ་བཞིན་མཁན་པོ་བློ་གྲོས་རྒྱ་མཚོས་ (དུས་རབས་19པ།) མཛད་པའི་ཆོས་ཀྱི་དབྱིངས་སུ་བསྟོད་པའི་འགྲེལ་པ་ངེས་དོན་ཟབ་མོའི་གཏེར་གྱི་ཁ་འབྱེད་ལས[17]། འཕགས་པ་ཀླུའི་གསུང་རབ་གཏམ་ཚོགས་རྣམས་བཀའ་དང་པོའི་དགོངས་འགྲེལ། རིགས་ཚོགས་རྣམས་བར་པའི་དགོངས་འགྲེལ། བསྟོད་ཚོགས་རྣམས་ཐ་མའི་དགོངས་འགྲེལ་ཏུ་འཆད་པ་ཡོད་པས། དེ་ལྟར་ཡང་རུང་མོད། འདིར་ནི་རིགས་ཚོགས་རྣམས། གཞིའི་ལྟ་བ་གཙོ་བོར་སྟོན་ཅིང་། གཏམ་ཚོགས་ཀྱིས་ལམ། བསྟོད་ཚོགས་ཀྱིས་འབྲས་བུ་གཙོ་བོར་སྟོན་པ་ལས་བསྟོད་ཚོགས་ཀྱི་གཙོ་བོ་ཆོས་ཀྱི་དབྱིངས་སུ་བསྟོད་པ་འདི་འཆད་པ་ལ་དོན་གསུམ་ཏེ། མཚན་དོན། གཞུང་དོན། མཇུག་དོན་སྨོས་པའོ། །ཞེས་གསུངས་པ་ལྟར་རོ།།

 

4) རིགས་ཚོགས་ལྔར་བཞེད་ཚུལ།

དེ་ཡང་དངོས་བསྟན་སྟོང་ཉིད་ཀྱི་དོན་གཏན་ལ་འབེབས་པར་མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིགས་ཚོགས་ལྔའི་ནང་ནས་དང་པོ་རང་ལུགས་བཞག་པ། དབུ་མ་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་གཉིས་དང་། གཞན་ལུགས་དགག་པ་ཞིབ་མོ་རྣམ་འཐག །རྩོད་པ་སྤོང་བ་རྩོད་བཟློག་དང་སྟོང་ཉིད་བདུན་ཅུ་པ་བཅས་ཡིན་ལ། རིགས་ཚོགས་ལ་མཁས་པ་ཁ་ཅིག་གིས་རིགས་པའི་ཚོགས་དང་། རིག་པའི་[18]ཁྱུ་ཞེས་པ་དོན་གཅིག་ཡིན་པས་དེ་ལ་གྲངས་ངེས་ཀྱི་ཁ་ཚོན་གཅོད་མི་རུང་ཞེས་གྲངས་ངེས་པར་མི་འདོད་པའི་ལུགས་གཅིག་དང་། གྲངས་ངེས་པ་ཅན་དུ་མཛད་མཁན་གྱི་ལུགས་གཅིག་བཅས་རྩ་བའི་བཞེད་ཕྱོགས་གཉིས་སུ་སྣང་ཞིང་། ཕྱི་མ་ལའང་རིགས་ཚོགས་ལྔ་རུ་འདོད་པ་དང་། རིགས་ཚོགས་དྲུག་ཏུ་འདོད་པ་བཅས་བཞེད་སྲོལ་གཉིས་བྱུང་བ་ལས།

དང་པོ། རིགས་ཚོགས་ལྔ་རུ་འདོད་མཁན་ནི། དེ་ཡང་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་དབུ་མ་ལ་འཇུག་པའི་རྣམ་བཤད་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མ་ལས[19]། དེ་ལ་དབུ་མ་རིགས་པའི་ཚོགས་རྣམས་ནི་བསྒྲུབ་བྱ་བདེན་དངོས་འགོག་པ་དང་། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་སོ། །དང་པོ་ལའང་། གཞན་ལུགས་ཡོངས་གཅོད་དུ་སྨྲ་བ་ལ་དགག་པ་བསྟན་པ་དང་། རང་ལུགས་རྣམ་བཅད་ཙམ་སྨྲས་པ་ལ་རྩོད་པ་སྤང་བ་གཉིས་སོ། །དང་པོ་ལའང་། རང་གཞན་གྱི་སྡེ་པ་གཉིས་ཀ་ཐུན་མོང་དུ་དགག་པ་དང་། རང་སྡེ་བྱེ་བྲག་ཏུ་དགག་པ་གཉིས་ལས། དང་པོ་ནི་དབུ་མ་རྩ་བའི་ཤེས་རབ་བོ། །གཉིས་པ་ནི་རིགས་པ་དྲུག་ཅུ་པའོ། །གཉིས་པ་ལའང་། སྤྱིར་རང་བཞིན་མེད་པར་སྨྲས་པ་ལ་རིགས་པ་དང་འགལ་བ་སྤང་བ་རྩོད་པ་བཟློག་པ[20]། ཁྱད་པར་དུ་འདུས་བྱས་སྐྱེ་འཇིག་མེད་པར་སྨྲས་པ་ལ་ལུང་དང་འགལ་བ་སྤང་བ་སྟོང་ཉིད་བདུན་ཅུ་པ་དང་གཉིས་སོ། །དང་པོ་གཉིས་ནི་དབུ་མའི་བསྟན་བཅོས་ལུས་ཡོངས་སུ་རྫོགས་པ་ཡིན་ཏེ། རྟེན་འབྲེལ་སྤྱི་ལ་བརྩམས་ནས་རང་བཞིན་མེད་པར་གཏན་ལ་འབེབས་པའི་ཕྱིར་རོ། །ཕྱི་མ་གཉིས་ནི་ཡན་ལག་གི་བསྟན་བཅོས་ཡིན་ཏེ། དབུ་མ་རྩ་བ་ལས་འཕྲོས་པའི་ཕྱིར་རོ། །དེའང་རྩོད་པ་བཟློག་པ་ནི་རྐྱེན་བརྟག་པའི་རབ་བྱེད་ལས་འཕྲོས་པ་ཡིན་ལ། སྟོང་ཉིད་བདུན་ཅུ་པ་ནི་འདུ་བྱེད་བརྟག་པའི་རབ་བྱེད་ལས་འཕྲོས་པ་ཡིན་ནོ། །གཉིས་པ་སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་ནི་ཞིབ་མོ་རྣམ་པར་འཐག་པ་སྟེ། དེས་ཚད་མ་དང་གཞལ་བྱ་ལ་སོགས་པ་རྟོག་གེའི་རིགས་པ་མ་ལུས་པ་འགོག་པའི་ཕྱིར་རོ། །སྒོམ་བྱུང་གིས་ཉམས་སུ་ལེན་པའི་མན་ངག་ལའང་། ཕྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་བརྟེན་ནས་ཉམས་སུ་ལེན་པ་བྱང་ཆུབ་སེམས་འགྲེལ། ནང་རྡོ་རྗེའི་ཐེག་པ་ལ་བརྟེན་ནས་ཉམས་སུ་ལེན་པ་གསང་བ་འདུས་པ་རིམ་པ་ལྔ་པ་རྣམས་སོ། །ཞེས་གསུངས་པ་ལྟར་རིགས་ཚོགས་ལྔར་བཞེད་དོ།།

དེ་བཞིན་ཀུན་མཁྱེན་ཀློང་ཆེན༌རབ་འབྱམས་པ་ (1308-1363) དང་། མཁན་པོ་གཞན་དགའ་སྟེ་གཞན་ཕན་ཆོས་ཀྱི་སྣང་བས་[21] (1871-1927) དབུ་མའི་བསྟན་བཅོས་ནི། གཙོ་བོ་རྩ་བ་ཤེས་རབ་ཡིན་ཏེ། དེ་ནི་རིགས་ཚོགས་གཞན་རྣམས་ཀྱིའང་ཕྱི་མོ་ལྟ་བུ་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པ་རྣམས་ལ་དབུ་མའི་བསྟན་བཅོས་མ་ཡིན་ནམ་སྙམ་པའི་དོགས་པ་ཡང་མི་དགོས། །ཞེས་གསུངས་པ་འདིས་རིགས་ཚོགས་ལྔ་བཞེད་མིན་གསལ་བར་མི་སྣང་ཡང་། རིགས་ཚོགས་ལྔའི་མཆན་འགྲེལ་གྱི་ལེགས་བཤད་མཛད་ལུགས་ལྟར་ན་རིགས་ཚོགས་ལྔར་བཞེད་པའི་ཕྱོགས་སོ།།

གཞན་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་གསོ་རིག་སྨན་གྱི་ཁོག་འབུགས་ལས[22]། གཉིས་པ་བཀའ་བར་པའི་ལྟ་བའི་ཆ་གསལ་བར་བྱེད་པ་ལ། ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་པ་ལས། མདོ་ལས་དངོས་སུ་བརྗོད་པའི་དོན་ནམ་སྙིང་པོའི་དོན་སྟོན་པ་དབུ་མ་རྩ་བ་ཤེས་རབ་དེའི་རབ་བྱེད་དང་པོ་ལས་འཕྲོས་པ་རྩོད་བཟློག །བདུན་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ། སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་སྟེ་རིགས་ཚོགས་ལྔ་རྩོད་མེད་ཀྱི་སྟེང་། སྔ་རབས་རྣམས་ཐ་སྙད་གྲུབ་པ་དང་རིན་ཆེན་ཕྲེང་བ་ག་ལས་འཇིགས་མེད་གསུམ་གང་རུང་དུ་སྦྱར་བའི་སོ་སོའི་བཞེད་པའི་རིགས་ཚོགས་དྲུག་འདྲེན་པ་དང་། མཐའ་དག་བགྲངས་ན་རིགས་ཚོགས་བརྒྱད་དུའང་བཞེད་དགོས་པ་ལྟ་བུ་དང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པས་སྔ་རྩོམ་གསེར་ཕྲེང་[23]དུ་སྔ་རབས་ཀྱི་བཞེད་པ་བཞིན་མཛད་ནའང་། ཕྱིས་རྩོམ་རིགས་པའི་རྒྱ་མཚོར་[24]རིན་ཆེན་ཕྲེང་བ་བསྣན་པའི་ཡོངས་གྲགས་དྲུག་ཏུ་བཞེད་པ་དང་། ཤུགས་བསྟན་གྱི་དོན་ནམ་མངོན་པར་རྟོགས་པའི་དོན་གཙོ་བོར་དངོས་པོ་བརྒྱད་ཀྱི་སྒོ་ནས་སྟོན་པ་མངོན་རྟོགས་རྒྱན་ལྟ་བུའོ། །ཞེས་གསུངས་པ་ལྟར། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[25]། ཀླུ་སྒྲུབ་ཀྱིས་བསྒྲུབ་བྱ་བདེན་དངོས་དང་། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ཀྱི་དབང་དུ་མཛད་ནས། དང་པོ་ལ་རང་གཞན་གྱི་སྡེ་པ་ཐུན་མོང་དུ་འགོག་པ་དབུ་མའི་རྩ་བ། དེའི་རབ་བྱེད་དང་པོ་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་བཟློག་པ། རབ་བྱེད་བདུན་པ་སྐྱེ་གནས་འཇིག་པ་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ་སྟེ་བཞི། སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པའི་ཞིབ་མོ་རྣམ་འཐག་སྟེ་ལྔའོ། །འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང་། གཞན་དག་སྟོང་ཉིད་བདུན་ཅུ་པ་ལུས་སུ་བྱས་ནས་རྩ་ཤེས་འཕྲོས་སུ་བྱེད་པ་ནི་འཁྲུལ་པར་ཁོང་དུ་ཆུད་པར་བྱའོ། །ཞེས་འབྱུང་། ཡང་དེ་ཉིད་ལས། ཀླུ་སྒྲུབ་ཀྱི་རིགས་ཚོགས་ལས་བཤད་སྲོལ་ཟུར་དུ་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་ཆོས་ཀྱི་བཤེས་གཉེན་བཞེད་པ་ལྟར་ཡུམ་གྱི་བརྗོད་བྱ་ལ་སྙིང་པོའི་དོན་དོན་དམ་པའི་བདེན་པ་དང༌། རྒྱ་ཆེ་བ་མངོན་རྟོགས་ཀྱི་རིམ་པ་གཉིས་ལས། དང་པོ་རིགས་ཚོགས་དང༌། གཉིས་པ་རྒྱན་གྱིས་བཀྲལ་བ་ཡིན་ཞེས་པ་ལྟར་རམ། ཡང་ན་དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དང༌། ཤུགས་བསྟན་སྟོང་ཉིད་བཤད་པ་ན་གདུལ་བྱའི་རྒྱུད་ལ་མངོན་རྟོགས་སྐྱེས་པའི་རིམ་པ་རྣམས་རྒྱན་གྱིས་བཀྲལ་བས། རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱི་ཤེར་ཕྱིན་འགྲེལ་ཚུལ་གཉིས་སུ་བྱུང་ངོ༌། །ཞེས་ཀྱང་འབྱུང་ངོ་།།

ཡང་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ལས[26]། རིགས་པའི་ཚོགས་དེ་དག་གཏན་ལ་འབེབས་པར་བྱེད་པའི་བསྟན་བཅོས་ནི་བཞི་ཡིན་ཏེ། རང་རྐང་ཐུབ་པའི་བསྟན་བཅོས་གཉིས་དང་། འཕྲོས་པའི་བསྟན་བཅོས་གཉིས་སོ། །དང་པོ་ནི། དབུ་མའི་རྩ་བ་དང་། རིགས་པ་དྲུག་ཅུ་པ་གཉིས་སོ། །གཉིས་པ་ནི། སྟོང་པ་ཉིད་བདུན་ཅུ་པ་དང་རྩོད་པ་བཟློག་པའོ། །ཞིབ་མོ་རྣམ་པར་འཐག་པ་ནི་བསྒྲུབ་བྱ་མཐའ་བྲལ་ཉིད་སྒྲུབ་པའི་རིགས་པ་མ་ཡིན་གྱི། མཐའ་བྲལ་མ་ཡིན་པའི་སྒྲུབ་བྱེད་འགོག་པའི་རིགས་པ་འཆད་པའོ། །དེ་ལྟ་ཡིན་པ་དེའི་ཕྱིར། དངོས་པོར་སྨྲ་བ་རྣམས་ཀྱི་བསྒྲུབ་བྱ་སྤྲོས་པའི་མཐའ་འགོག་པའི་རིགས་ཚོགས་སྟོན་པའི་བསྟན་བཅོས་བཞི། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པའི་རིགས་ཚོགས་ཀྱི་བསྟན་བཅོས་གཅིག་སྟེ་ལྔ་ནི་དོན་དམ་པའི་བདེན་པ་ཁོ་ན་ལས་བརྩམས་པའི་བསྟན་བཅོས་སོ། །རིན་པོ་ཆེའི་འཕྲེང་བ་དང་། བཤེས་པའི་སྤྲིངས་ཡིག་དང་། ཞི་འཚོ་ཡབ་སྲས་ཀྱིས་ཁུངས་སུ་དྲངས་པའི་ཐ་སྙད་གྲུབ་པ་དང་། བྱང་ཆུབ་སེམས་འགྲེལ་ལ་སོགས་པ་རྣམས་ནི་བདེན་པ་གཉིས་ཀ་དང་། ཁྱད་པར་ཀུན་རྫོབ་ཀྱི་བདེན་པ་ལུང་ལ་བརྟེན་ནས་གཙོ་བོར་འཆད་པ་ཡིན་པས། རིགས་པའི་ཚོགས་ཀྱི་བསྟན་བཅོས་ཞེས་པའི་མིང་ནི་བོད་ཀྱི་སློབ་དཔོན་དག་གིས་མ་བཏགས་ཤིང་། རིགས་པའི་ཚོགས་དྲུག་ཅེས་བྱ་བའི་ཐ་སྙད་དང་གྲངས་ངེས་ལ་ནི་བསྟན་བཅོས་ཀྱི་ཁུངས་མེད་ཅིང་ཧ་ཅང་ལེགས་པ་མ་ཡིན་ནོ། །ཞེས་གསུངས་སོ།།

ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱི་གསན་ཡིག་གདེངས་ཅན་རོལ་པའི་ཆུ་གཏེར་ལས[27]། ཁྱད་པར་སྟོབས་བཅུ་མངའ་བའི་དགོངས་དོན་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་བསྐྲུན་པ་ནི། འདི་ལྟ་སྟེ། ཕྱི་རིག་པའི་གནས་ཀྱི་བརྗོད་བྱ་གཙོ་བོར་གྱུར་པ་ལ་དམངས་ལ་གདམས་པ་སྐྱེ་བོ་གསོ་བའི་ཐིགས་པ་དང་། མཛངས་བློན་ལ་གདམས་པ་ཤེས་རབ་བརྒྱ་པ་དང་། ས་བདག་ལ་གདམས་པ་དབུ་མ་རིན་པོ་ཆེའི་ཕྲེང་བ་དང་། གཞན་ཡང་གསེར་འགྱུར་དང་། སྤོས་སྦྱོར་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་རྩིས་དང་། གསོ་བ་རིག་པ་ལ་སྦྱོར་བ་བརྒྱ་པ་ལ་སོགས་པ་དང་། ནང་རིག་པའི་གནས་ཀྱི་བརྗོད་བྱ་གཙོ་བོར་སྟོན་པ་ལ། ལྟ་བ་གཏན་ལ་འབེབས་པ་དབུ་མ་རིགས་ཚོགས་རྣམ་པ་ལྔ་དང་། བསྟོད་པའི་ཚོགས་བཅོ་བརྒྱད་[28]དང་། སྤྱོད་པ་གཏན་ལ་འབེབས་པ་དང་། མདོ་ཀུན་ལས་བཏུས་པ་དང་། ཐེག་པ་ཆེན་པོ་བློ་སྦྱོང་ངོ་། །ཉན་ཐོས་ཀྱི་རིགས་སད་པར་བྱེད་པ་རྨི་ལམ་ཡིད་བཞིན་ནོར་བུ་དང་། ཁྱིམ་པའི་སྤྱོད་པ་གཙོ་བོར་སྟོན་པ་དབུ་མ་བཤེས་པའི་སྤྲིང་ཡིག་དང་། རབ་ཏུ་བྱུང་བའི་སྤྱོད་པ་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་ཚོགས་ལ་སོགས་པ་རྣམས་སོ། །སྔགས་ཀྱི་ཕྱོགས་ལ་ལྟ་སྤྱོད་མདོར་བསྡུས་ཏེ་སྟོན་པ་རྒྱུད་ཀུན་ལས་བཏུས་པ་དང་། ལྟ་བ་གཏན་ལ་འབེབས་པ་བྱང་ཆུབ་སེམས་འགྲེལ་དང་། བསྐྱེད་རིམ་སྟོན་པ་འདུས་པའི་སྒྲུབ་ཐབས་མདོར་བྱས་དང་མདོ་བསྲེ་དང་། དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་དང་། རྫོགས་པའི་རིམ་པ་སྟོན་པ་རིམ་པ་ལྔ་པ་ལ་སོགས་པ་རང་རྒྱུད་དུ་བརྩམས་པའི་བསྟན་བཅོས་མང་པོ་དང་། གཞན་འགྲེལ་དུ་བཏབ་པ་ལའང་གསང་བ་འདུས་པའི་རྒྱུད་འགྲེལ་དང་། སཱ་ལུ་ལྗང་པའི་མདོའི་ཚིགས་སུ་བཅད་པའི་འགྲེལ་པ་ལ་སོགས་པ་མང་དུ་མཛད་དོ། །ཞེས་གསལ་བར་གསུངས་པ་ལྟར་ལྟ་བ་གཏན་ལ་འབེབས་པའི་རིགས་ཚོགས་ལྔ་དང་། ས་བདག་ལ་གདམས་པ་དབུ་མ་རིན་པོ་ཆེའི་ཕྲེང་བ་སྟེ། ཕྱི་མ་འདི་གཏམ་ཚོགས་ཡིན་པར་གསུངས་སོ།།

ཡང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱི་གསན་ཡིག་གདེངས་ཅན་རོལ་པའི་ཆུ་གཏེར་ལས[29]། བཀའ་བར་པའི་དགོངས་པ་འགྲེལ་པ་ལ། ལྟ་བའི་ཆ་གཙོ་བོར་སྟོན་པ་དབུ་མ་རིགས་ཚོགས་ལྔ་ལྟ་བུ་སྟེ། ལྔ་ནི། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ། ཞིབ་མོ་རྣམ་འཐག །རྩོད་པ་བཟློག་པ་དང་ལྔའོ། །སྤྱོད་པའི་ཆ་གཙོ་བོར་སྟོན་པ་མདོ་ཀུན་ལས་བཏུས་པ་དང་། བསླབ་པ་ཀུན་ལས་བཏུས་པ། ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་རིན་ཆེན་ཕྲེང་བ་དང་། སྤྱོད་འཇུག་དང་། སྒོམ་རིམ་གསུམ་ལ་སོགས་པ་ལྟ་བུའོ། །ཞེས་གསུངས་ལ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[30]། ཉན་ཐོས་དངོས་སྨྲ་རྣམས་ཀྱི་རྩོད་པ་བཟློག་པའི་ཕྱིར་རིགས་པའི་ཚོགས་ལྔ་ལ་སོགས་པ་མཛད། ཅེས་གསུངས་པ་ལྟར་ས་སྐྱའི་དྲིས་ལན་ལས[31]། སྔ་རབས་ཀྱི་མཁས་པ་རྣམས་ཀླུ་སྒྲུབ་ཀྱི་རིགས་ཚོགས་དྲུག་འདོད་པ་དང་ལྔ་འདོད་པ་གཉིས་ཡོད་ཀྱང་ལྔ་འདོད་པ་དོན་ལ་གནས་ཤིང་། ཞེས་དང་། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ་ལས[32]། དེས་ན་འདི་ལྟར་བྱ་སྟེ། དགག་བྱ་གཞན་གྱིས་བཏགས་པའི་མཐའ་དགག་པ། རང་ལུགས་དབུ་མའི་ལུས་རྣམ་པར་བཞག་པ། དེ་ལས་འཕྲོས་པའི་ཚུལ་གྱིས་རྩོད་པ་སྤང་བ་དང་གསུམ་ལས། དང་པོ་ནི། ཞིབ་མོ་རྣམ་པར་འཐག་པ་སྟེ། ཞེས་པ་ནས། གཉིས་པ་ནི། རྩ་བ་ཤེས་རབ་ཀྱི་རྐྱེན་བརྟག་པར་གཞན་ལས་སྐྱེ་བ་བཀག་པ་ལ། རང་ཚིག་དང་འགལ་བར་སྤང་བ་ནི། རྩོད་བཟློག་སྟེ། ཞེས་པ་ནས། སྤྲིན་ཆེན་པོའི་མདོ་ལས། དགེ་སློང་དག་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མིང་སྟེ། འདུས་བྱས་ཀྱི་སྐྱེ་བ་དང་། འཇིག་པ་དང་། གནས་པ་གཞན་དུ་འགྱུར་བ་ཡང་མངོན་ནོ། །ཞེས་གསུངས་པ་དང་འགལ་ལོ། །ཞེས་བརྒལ་བའི་ལན་དུ་སྟོང་ཉིད་བདུན་ཅུ་པ་གསུངས་ཏེ། ཞེས་རིགས་ཚོགས་ལྔར་བགྲངས་པའི་རྒྱུ་མཚན་དང་བཅས་གསུངས་ཤིང་། ཕྱིས་ཀྱི་དཔལ་ལྡན་ས་སྐྱ་པའི་མཁས་པ་ཕལ་མོ་ཆེས་འདི་ཉིད་འཐད་ལྡན་དུ་འཛིན་པར་མངོན་ཞིང་། ཀུན་མཁྱེན་པདྨ་དཀར་པོ་དང་། འཇམ་མགོན་ཀོང་སྤྲུལ་རྣམ་གཉིས་ཀྱང་ལྔ་བཞེད་པའི་ཕྱོགས་སུ་སྣང་ལ། རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང་། རྗེ་བདག་ཉིད་ཆེན་པོ། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ། པཎ་ཆེན་ཤཱཀྱ་མཆོག་ལྡན། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། མཁན་པོ་གཞན་ཕན་ཆོས་ཀྱི་སྣང་བ། རྗེ་བཙུན་ཏཱ་ར་ནཱ་ཐ་བཅས་ཀྱིས་རིགས་ཚོགས་ལྔ་རུ་བཞེད་དོ།།

 

5) རིགས་ཚོགས་དྲུག་ཏུ་བཞེད་ཚུལ།

དེ་ཡང་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ་གསོལ་འདེབས་ཕན་བདེའི་དཔག་བསམ་ལྗོན་པ་ལས[33]།

ཟབ་རྒྱས་དབུ་མའི་སྤྲིན་གྱི་གླང་པོར་ཞོན། །ཕྲ་ཞིབ་རིགས་ཚོགས་རྡོ་རྗེ་རྩེ་བརྒྱ་པས། །

ལོག་འཁྲུལ་དྲ་བའི་རི་རྐང་གཅོག་མཛད་པ། །ཀླུ་སྒྲུབ་ཚིག་མདའི་གཙོ་བོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་དབུ་མ་རིགས་ཚོགས་དྲུག་ཏུ་འདོད་པའི་ལུགས་ལ་རྩ་བ་ཤེས་རབ་དང་། རྩོད་བཟློག །སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག་བཅས་གོང་གསལ་རིགས་ཚོགས་ལྔའི་སྟེང་དུ་ཐ་སྙད་གྲུབ་པ་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་པ་དང་། རིན་ཆེན་ཕྲེང་བ་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་པ། ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་པ་བཅས་ལུགས་གསུམ་བྱུང་བ་ལས།

 

1} ཐ་སྙད་གྲུབ་པ་རིགས་ཚོགས་སུ་བཞེད་ཚུལ།

དང་པོ། དབུ་མ་རིགས་ཚོགས་དྲུག་ཏུ་ཞལ་གྱིས་བཞེས་མཁན་ཀུན་གྱི་ཐོག་མ་ནི་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ [34] (-1185) ཡིན་ལ། ཁོང་གིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན་ལས[35]། གཉིས་པ་དེ་ཇི་ལྟར་མཛད་པའི་ཚུལ་ནི། སྤྱིར་སློབ་དཔོན་གྱིས་བསྟན་བཅོས་མཛད་པ་རྣམས་ལ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གསལ་བར་བྱེད་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་གསལ་བར་བྱེད་པ་དང་། དེ་གཉིས་དོན་གཅིག་ཏུ་བསྟན་པ་གསུམ་ལས། དང་པོ་ལ་གསུམ་སྟེ། ལྟ་བ་གཙོ་བོར་སྟོན་པ་དབུ་མ་རིགས་པའི་ཚོགས་དྲུག་དང་། སྤྱོད་པ་གཙོ་བོར་སྟོན་པ་ལ་རྒྱས་པ་དང་བར་མ་དང་བསྡུས་པ་རིམ་པ་ལྟར་བྱང་ཆུབ་ཀྱི་ཚོགས་དང་། མདོ་ཀུན་ལས་བཏུས་པ་དང་། བཤེས་པའི་སྤྲིང་ཡིག་གསུམ་དང་། ལྟ་སྤྱོད་ཆ་མཉམ་པ་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བའོ། །དང་པོ་ལའང་དྲུག་ཏུ་ངེས་པའང་ལྟ་བའམ་ཤེས་རབ་ཀྱི་དམིགས་པ་ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་དམ་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་གཏན་ལ་འབེབས་པ་ལ་བརྗོད་བྱ་དེའི་ཡན་ལག་ཐམས་ཅད་ཚང་བར་སྟོན་པ་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གཉིས་དང་། བརྗོད་བྱ་དེའི་ཕྱོགས་རེ་ཙམ་ལ་ལོག་རྟོག་བསལ་བའི་ཕྱིར་བཀོད་པ་ཡན་ལག་གམ་འཕྲོས་པའི་བསྟན་བཅོས་བཞི་ཡིན་པའི་ཕྱིར་རོ། །ཞེས་རྩ་ཤེས་དང་། རིགས་པ་དྲུག་ཅུ་པ་གཉིས་བགྲངས་ཤིང་། གཉིས་པ། དེ་ཉིད་ལས། ཡན་ལག་གི་བསྟན་བཅོས་ལ་བཞིར་ངེས་པའང་རྐྱེན་བརྟག་པར་གཞན་ལས་སྐྱེ་བ་བཀག་པ་ལ་རང་ཚིག་དང་འགལ་བ་སྤོང་བ་ལ་རྩོད་བཟློག་ཅེས་པ་ནས། སྟོང་ཉིད་བདུན་ཅུ་པ་གསུངས་པ་ཡིན་ནོ། །ཞེས་པའི་བར་དང་། ཡང་དངོས་པོའི་རང་བཞིན་གྱི་སྒྲུབ་བྱེད་ཚད་མ་དང་གཞལ་བྱ་ལ་སོགས་པ་ཞིབ་མོར་བརྟགས་ནས་འགོག་པ་གསུངས་པ་ཡིན་ནོ། །ཞེས་དང་། ཐ་སྙད་ཀྱི་རྣམ་གཞག་ཆེས་ཤིན་ཏུ་འཐད་པ་ཡིན་ནོ། །ཞེས་སྟོན་པ་ཐ་སྙད་གྲུབ་པ་གསུངས་པ་ཡིན་ནོ། །ཞེས་རིགས་ཚོགས་ཀྱི་གྲངས་དང་གྲངས་ངེས། ལུས་དང་ཡན་ལག་གི་ཁྱད་པར། ཡན་ལག་དེ་དག་འཕྲོས་ཚུལ་དང་བཅས་གསུངས་སོ།།

དེའི་ཕྱིར་སྔ་རབས་པ་ཁ་ཅིག་རིན་པོ་ཆེའི་ཕྲེང་བ་བསྣན་ནས་རིགས་པའི་ཚོགས་དྲུག་ཏུ་བྱེད་པ་དང་། རིགས་པའི་ཚོགས་སམ་ཁྱུ་ཞེས་བྱ་བ་ཡིན་གྱི་དྲུག་ཏུ་གྲངས་ངེས་པ་མེད་དོ་ཞེས་ཟེར་བ་དང་། ཡང་རང་བཞིན་མེད་པར་སྟོན་པའི་རིགས་པའི་ཚོགས་ཀྱི་བསྟན་བཅོས་ལྔ་ཡིན་ནོ་ཟེར་བ་ཐམས་ཅད་ཚུལ་འདིས་བསལ་བ་ཡིན་ནོ། །ཚུལ་འདི་ཉིད་རིགས་པ་དྲུག་ཅུ་པའི་འགྲེལ་པར་འདི་ལ་མཆོད་བརྗོད་མཛད་ཀྱི་རྩོད་བཟློག་ལ་སོགས་པ་གཞན་ལ་མཆོད་བརྗོད་མ་མཛད་པའི་རྒྱུ་མཚན་དུ་འདི་རྩ་བའི་ཤེས་རབ་ལྟར་གཙོ་བོའི་བསྟན་བཅོས་ཡིན་ལ། གཞན་རྣམས་འཕྲོས་པའི་བསྟན་བཅོས་ཡིན་པས་སོ་ཞེས་སྔར་བཤད་པའི་གང་ལས་ཇི་ལྟར་འཕྲོས་པའི་ཚུལ་རྣམས་གསལ་བར་གསུངས་པ་ཡིན་ནོ། །ཞེས་གསུངས་སོ།།

དེ་བཞིན་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ་ལས[36]། གཉིས་པ་དེས་སྲོལ་ཇི་ལྟར་ཕྱེ་བའི་ཚུལ་ལ་གཉིས་ཏེ། སློབ་དཔོན་ཉིད་ཀྱིས་ཇི་ལྟར་ཕྱེ་བའི་ཚུལ། རྗེས་འཇུག་གིས་དེའི་དགོངས་པ་ཇི་ལྟར་བཀྲལ་བའོ། །དང་པོ་ནི་སློབ་དཔོན་འདིས་སྤྱིར་རིག་པའི་གནས་ལྔ་ཆར་གསལ་བའི་བསྟན་བཅོས་མང་དུ་མཛད་པ་ལས། སྐབས་སུ་བབས་པ་ནང་དོན་རིག་པ་ལ། ལྟ་སྤྱོད་གཉིས་ལུང་གི་སྒོ་ནས་སྟོན་པ་དང་། རིགས་པའི་སྒོ་ནས་སྟོན་པ་གཉིས་ལས། དང་པོ་ནི་མདོ་སྡེ་ཀུན་ལས་བཏུས་པའོ། །གཉིས་པ་ལ། རིགས་ཚོགས། བསྟོད་ཚོགས། གཏམ་ཚོགས་དང་གསུམ་ལས། དང་པོ་ལ། དགེ་བའི་བཤེས་གཉེན་རྨ་བྱ་བའི་བཞེད་པས། གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་གཉིས། འཕྲོས་པ་ཡན་ལག་ལྟ་བུའི་བསྟན་བཅོས་རྩ་བ་ཤེས་རབ་ཀྱི་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་བཟློག་པ། འདུ་བྱེད་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ། དངོས་པོ་རྣམས་རང་བཞིན་མེད་ན་རང་བཞིན་ཚད་མས་གྲུབ་པ་དང་འགལ་ལོ་ཞེས་རྒོལ་བའི་ལན་དུ་ཞིབ་མོ་རྣམ་འཐག །རང་བཞིན་མེད་ན་བོང་བུའི་རྭ་ལ་སོགས་པ་ལྟར་ཐ་སྙད་ཀྱི་རྣམ་གཞག་མི་འཐད་དོ་ཞེས་རྒོལ་བའི་ལན་དུ་ཐ་སྙད་གྲུབ་པ་དང་བཞི་སྟེ་དྲུག་ཡིན་ཅིང་། དེའི་ཕྱིར་སྔ་རབས་པ་ཁ་ཅིག་རིན་པོ་ཆེའི་ཕྲེང་བ་བསྣན་ནས་དྲུག་ཏུ་བྱེད་པ་དང་། ཁ་ཅིག་རིགས་པའི་ཚོགས་སམ་ཁྱུ་ཞེས་པ་ཡིན་གྱི། དྲུག་ཏུ་གྲངས་ངེས་པ་མེད་དོ་ཞེས་ཟེར་བ་དང་། ཡང་རང་བཞིན་མེད་པར་སྟོན་པའི་རིགས་པའི་ཚོགས་ཀྱི་བསྟན་བཅོས་ལྔ་ཡིན་ནོ་ཞེས་ཟེར་བ་ཐམས་ཅད་ཚུལ་འདིས་བསལ་བ་ཡིན་ནོ། །ཚུལ་འདི་ཉིད་རིགས་པ་དྲུག་ཅུ་པའི་འགྲེལ་པར། འདི་ལ་མཆོད་བརྗོད་མཛད་ནས་རྩོད་བཟློག་སོགས་གཞན་ལ་མི་མཛད་པའི་རྒྱུ་མཚན་དུ་འཕྲོས་ཚུལ་གསལ་བར་གསུངས་པ་ཡིན་ནོ། །ཞེས་གསལ་བ་ལྟར་ཁོང་གིས་དབུ་མ་རིགས་ཚོགས་ལ་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གཉིས་ཏེ། རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་གཉིས་སུ་བཞེད་ཅིང་། དེ་གཉིས་ཀྱི་བསྟན་བྱའི་ཁྱད་པར་ཡང་རྣམ་གཅོད་དགག་པའི་སྒོ་ནས་སྟོང་ཉིད་ཀྱི་དོན་གཏན་ལ་འབེབས་པ་རྩ་ཤེས་དང་། ཡོངས་གཅོད་སྒྲུབ་པའི་སྒོ་ནས་ཐ་སྙད་ཀྱི་ཆོས་རྣམས་རྨི་ལམ་ལྟ་བུ་དང་། སྒྱུ་མ་ལྟ་བུར་སྣང་ཙམ་ཉིད་དུ་ཡོད་པར་སྒྲུབ་པ་རིགས་པ་དྲུག་ཅུ་པའི་བསྟན་བྱར་བཞེད། དེ་དག་ལས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ལ་རྩོད་བཟློག །སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག །ཐ་སྙད་གྲུབ་པ་བཅས་བཞིར་བཞེད་ལ། དེ་རྣམས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་པར་ཡང་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པར་དེ་དག་རྩ་ཤེས་ལས་གྱེས་ཚུལ་གསུངས་པ་རྒྱུ་མཚན་དུ་འདྲེན་པར་མཛད་དོ།།

འོ་ན་དཔལ་ལྡན་ཟླ་བ་གྲགས་པས་ (C.600-650) རྩ་ཤེས་ལས་གྱེས་ཚུལ་ཇི་ལྟར་གསུངས་སམ་ཞེ་ན། ཟླ་གྲགས་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པ་ལས[37]། གང་དག་སྐྱེ་དང་འཇིག་པ་དག །འདི་ཡི་ཚུལ་གྱིས་རབ་སྤངས་པ། །རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བ་བརྩམ་མོ། །ཅིའི་ཕྱིར་སྟོང་པ་ཉིད་བདུན་ཅུ་པ་དང༌། རྩོད་པ་བཟློག་པ་ལས་སློབ་དཔོན་གྱིས་བསྟོད་པ་མ་བརྗོད་པ་དབུ་མ་འདི་ལས་བརྗོད་ཅེ་ན། སྨྲས་པ། སྟོང་པ་ཉིད་བདུན་ཅུ་པ་དང་རྩོད་པ་བཟློག་པ་གཉིས་དབུ་མ་ལས་འཕྲོས་པ་སྟེ། རང་གི་རྒྱུད་གུད་ན་མེད་པས་ལོགས་ཤིག་ཏུ་བསྟོད་པ་མ་བརྗོད་དེ། འདི་ལྟར་རྩོད་པ་བཟློག་པ་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་མེད་པ་སྟེ། །རང་གི་དངོས་པོ་ཡོད་མིན་ཏེ། །གཞན་གྱི་དངོས་པོ་ཡོད་རེ་སྐན། །རྩོད་པ་བཟློག་པ་ནི་དེ་ལ་བརྒལ་བ་དང་ལན་བཏབ་པར་གྱུར་པའི་ཕྱིར་དེ་ལས་འཕྲོས་པ་ཡིན་པར་མངོན་ནོ། །ཇི་ལྟར་སྒྱུ་མ་རྨི་ལམ་བཞིན། །དྲི་ཟའི་གྲོང་ཁྱེར་ཅི་འདྲ་བ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་བཤད། །སྟོང་པ་ཉིད་བདུན་ཅུ་པ་ནི་དེ་ལ་བརྒལ་བ་དང་ལན་བཏབ་པར་གྱུར་པའི་ཕྱིར་དེ་ལས་འཕྲོས་པ་ཡིན་པར་མངོན་ནོ། །རིགས་པ་དྲུག་ཅུ་པ་འདི་ནི་དབུ་མ་བཞིན་དུ་འདིར་ཡང་གཙོ་བོར་རྟེན་ཅིང་འབྲེལ་པར་འབྱུང་བ་དཔྱད་པ་ལས་བརྩམས་ཏེ་བྱས་པའི་ཕྱིར་དབུ་མ་ལས་འཕྲོས་པ་ལྟ་བུ་ནི་མ་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་ལས[38]། དེ་ལྟར་འདི་ནི་ཚིག་གསལ་ལས། རིགས་ཚོགས་ལྔ་བགྲངས་ཤིང་། རིགས་པ་དྲུག་ཅུ་པའི་འགྲེལ་པར། ཕྱི་མ་ (རྩོད་བཟློག་དང་། སྟོང་ཉིད་བདུན་ཅུ་པ།) གཉིས་ལ་མཆོད་བརྗོད་མི་མཛད་པའི་རྒྱུ་མཚན་དུ། ཕྱི་མ་གཉིས་ཀྱི་འཕྲོས་ཚུལ་ཁོ་ནར་གསུངས་ནས་དེའི་མཇུག་ཏུ་རིགས་པ་དྲུག་ཅུ་པ་འདི་ནི་དབུ་མ་བཞིན་དུ་འདིར་ཡང་གཙོ་བོར་རྟེན་ཅིང་འབྲེལ་པར་འབྱུང་བ་དཔྱད་པ་ལས་བརྩམས་ཏེ་མཛད་པའི་ཕྱིར། དབུ་མ་ལས་འཕྲོས་པ་ལྟ་བུ་ནི་མ་ཡིན་ནོ། །ཞེས་གསུངས་པས་ཟླ་བའི་དགོངས་པ་བླ་ན་མེད་པའོ། །ཞེས་གསུངས་སོ།།

དེ་བཞིན་བུ་སྟོན་ཐམས་ཅད་མཁྱེན་པ་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས་[39]ཀྱང་། གཉིས་པ་བཀའ་བར་པའི་དགོངས་འགྲེལ་ལ་ལྟ་བའི་ཆ་དང་སྤྱོད་པའི་ཆ་གསལ་བར་བྱེད་པ་གཉིས་སོ། །དང་པོ་ལ། ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་ཏེ། མདོས་དངོས་སུ་བརྗོད་པའི་དོན་ནམ། སྙིང་པོའི་དོན་སྟོན་པ་དབུ་མ་རིགས་པའི་ཚོགས་དྲུག་སྟེ། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་རྟེན་འབྲེལ་སྤྲོས་པའི་མཐའ་དང་བྲལ་བར་སྟོན་པ་སྟོང་ཉིད་བདུན་ཅུ་པ། དེ་ལས་གཞན་སྐྱེ་བ་ལ་སོགས་པར་བདེན་པ་འགོག་པ་རྩ་བ་ཤེས་རབ་སྟེ། གཉིས་པོ་རྩ་བའམ་གཙོ་བོ་འོ། །དེ་རིགས་པས་སྒྲུབ་པ་རིགས་པ་དྲུག་ཅུ་པ། དེ་ལ་གཞན་གྱིས་རྩོད་པའི་སྐྱོན་སྤོང་བ་རྩོད་པ་བཟློག་པ། གཞན་རྟོག་གེ་པ་དང་རྩོད་པའི་ཚུལ་སྟོན་པ་ཞིབ་མོ་རྣམ་འཐག །དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ་དང་དྲུག་ཡིན་ནོ་ཞེས་གསུངས་སོ།།

དེ་བཞིན་བསོད་ནམས་བཟང་པོས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་གཏེར་ལས[40]། དང་པོ་ནི། ཤིང་རྟའི་སྲོལ་འབྱེད་པར་གྲགས་ཏེ། ཡུམ་གྱི་དངོས་བསྟན་སྙིང་པོའི་དོན་གཙོ་བོར་སྟོན་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་ཚོགས་དྲུག་སྟེ། སྟོང་ཉིད་བདུན་ཅུ་པ། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་འཐག །ཐ་སྙད་གྲུབ་པ་དང་དྲུག་གོ །ཐ་སྙད་གྲུབ་པ་བོད་པའི་སྒྱུ་རྩལ་ཐམས་ཅད་ལ་འགྲན་པས། ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་མཆོག་ཏུ་གྱུར་ནས་ས་མཚོ་དང་གྲགས་འཛིན་མ་ལེགས་སྐྱེས་མ་དང་རི་དྭགས་འཛིན་མ་རྣམས་འཁོར་ཉི་ཁྲི་ཉི་ཁྲི་དང་བཅས་པ་ཁབ་ཏུ་བཞེས་ཚུལ་བསྟན་པའོ། །ཞེས་གསལ་བ་ནི་ཐུན་མོང་མ་ཡིན་པ་ཞིག་གོ།

གཞན་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོས་ (1367-1449) མཛད་པའི་དབུ་མ་ལ་འཇུག་པའི་རྣམ་བཤད་ངེས་དོན་རྣམ་ངེས་ལས[41]། འཕགས་པ་ཀླུའི་དབང་པོས་དབུ་མའི་དོན་རིགས་པས་སྟོན་པ་རིགས་པའི་ཚོགས་དང་། ལུང་གིས་སྟོན་པ་བསྟོད་པའི་ཚོགས་རྣམས་མཛད་དོ། །རིགས་པའི་ཚོགས་ལ་བསྒྲུབ་བྱ་བདེན་དངོས་འགོག་པ་དང་། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ལས། དང་པོ་ལ་རང་དང་གཞན་གྱི་སྡེ་པ་ཐམས་ཅད་ཀྱི་ལོག་པར་རྟོག་པ་བསལ་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་བརྒྱད་དང་བྲལ་བར་སྟོན་པ་རྩ་བ་ཤེས་རབ། རང་སྡེ་བྱེ་བྲག་ཏུ་འགོག་པའི་རིགས་པ་དྲུག་ཅུ་པ། རང་བཞིན་སྐྱེ་མེད་དུ་བསྟན་པ་ལ་རྩོད་པ་སྤོང་བའི་དོན་དུ་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་བཟློག་པ། སྐྱེ་འཇིག་རང་བཞིན་མེད་པར་བསྟན་པ་ལ་རྩོད་པ་སྤང་བའི་དོན་དུ། འདུས་བྱས་བརྟག་པ་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པ་དང་བཞིའོ། །དེ་དག་གིས་བརྟགས་པ་ཚད་མ་ལ་སོགས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་རིགས་པས་ཞིབ་ཏུ་འཐག་པར་བྱེད་པ་ཞིབ་མོ་རྣམ་པར་འཐག་པའོ། །ཞེས་གསུངས།

དེ་བཞིན་རོང་སྟོན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོས་ (1367-1449) མཛད་པའི་དབུ་མ་རྩ་བའི་རྣམ་བཤད་ཟབ་མོའི་དེ་ཁོ་ན་ཉིད་སྣང་བ་ལས་[42]ཀྱང་། གཉིས་པ་བསྟན་བཅོས་ཇི་ལྟར་མཛད་པའི་ཚུལ་ལ། རིགས་ཚོགས་དང་། བསྟོད་ཚོགས་དང་། གཏམ་ཚོགས་གསུམ་དུ་མཛད་དོ། །འདི་ལ་ལྟ་བ་སྟོན་པར་བྱེད་པ་དང་། སྤྱོད་པའི་ཆ་སྟོན་པ་དང་། ཐབས་ཤེས་ཟུང་འབྲེལ་དུ་སྟོན་པའོ། །དང་པོ་ལ། ལུང་གི་སྒོ་ནས་སྟོན་པ་བསྟོད་པའི་ཚོགས་ཡིན་ལ། རིགས་པའི་སྒོ་ནས་སྟོན་པ་ལ་གཉིས་ཏེ། ཆོས་རང་བཞིན་མེད་པར་སྟོན་པ་དང་། འཇིག་རྟེན་དང་འགལ་བ་སྤོང་བའོ། །དང་པོ་བསྒྲུབ་བྱ་བདེན་དངོས་འགོག་པ་དང་། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ལས། དང་པོ་ལ་ཡང་རང་གཞན་གྱི་སྡེ་པ་ཐུན་མོང་དུ་འགོག་པ་རྩ་བ་ཤེས་རབ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ། རྩ་བ་ཤེས་རབ་ཀྱི་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་བཟློག་པ། སྐྱེ་འཇིག་བརྟག་པའི་རབ་བྱེད་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པའོ། །སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་ནི་ཞིབ་མོ་རྣམ་འཐག་སྟེ། བདེན་དངོས་སྒྲུབ་པར་བྱེད་པའི་ཡན་ལག་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པའི་ཕྱིར་རོ། །འཇིག་རྟེན་དང་འགལ་བ་སྤོང་བ་ནི་ཐ་སྙད་གྲུབ་པ་སྟེ། དབུ་མ་རྩ་བ་ལ་སོགས་པས་ཆོས་རང་བཞིན་མེད་པར་བསྟན་པ་ལ། འཇིག་རྟེན་གྱི་མཐོང་བ་དང་འགལ་བར་བརྩད་པའི་ལན་དུ། ཐ་སྙད་དུ་གྲུབ་པའི་རྣམ་གཞག་སྟོན་པའི་ཕྱིར་རོ། །སྤྱོད་པའི་ཆ་སྟོན་པ་ནི་མདོ་སྡེ་ཀུན་ལས་བཏུས་དང་། བཤེས་པའི་སྤྲིང་ཡིག་ལ་སོགས་པའོ། །ཐབས་ཤེས་ཟུང་འབྲེལ་དུ་སྟོན་པ་ནི། དབུ་མ་རིན་པོ་ཆེའི་ཕྲེང་བ་ལ་སོགས་པ་སྟེ་རགས་པ་ཙམ་སྨོས་སོ། །ཞེས་གསུངས་པ་ལྟར་རྨ་བྱ་བྱང་ཆུབ་བརྩོན་འགྲུས་དང་། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེ་། ཀུན་མཁྱེན་བུ་སྟོན་ཐམས་ཅད་མཁྱེན་པ། རོང་སྟོན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོ་བཅས་བོད་སྔ་རབས་པ་རྣམས་ཀྱིས་རིགས་ཚོགས་ལྔའི་ཐོག་ཐ་སྙད་གྲུབ་པ་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་དོ།།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ (1308-1364) པས་མཛད་པའི་ཐེག་མཆོག་མཛོད་ལས[43]། འདིའི་གཞུང་ཆེན་པོ་དབུ་མ་རིགས་པའི་ཚོགས་དྲུག་སྟེ། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག །རྩོད་པ་བཟློག་པ། ཐ་སྙད་གྲུབ་པ་སྟེ། ཞེས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ (1308-1364) པས་མཛད་པའི་ཡིད་བཞིན་མཛོད་ལས[44]། དེའི་གཞུང་རིགས་པའི་ཚོགས་དྲུག་གི་དོན། ཞེས་དང་། ཆོས་རྗེ་ཉ་དབོན་ཀུན་དགའ་དཔལ་ (1345-1439) གྱིས་མཛད་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་མུན་སེལ་ལས་[45]ཀྱང་། འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་ཡུམ་གྱི་སྙིང་པོའི་དོན་གཙོ་བོར་སྟོན་པ་དབུ་མ་རིགས་ཚོགས་མཛད་དེ། རྩ་ཤེས། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག །རྩོད་བཟློག །ཐ་སྙད་གྲུབ་པ་སྟེ་དྲུག་ལས་ཕྱི་མ་འདི་བོད་དུ་མ་འགྱུར་རོ། །ཞེས་དང་། རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་རྩ་ཤེས་རྣམ་བཤད་འཐད་པའི་སྣང་བ་ལས[46]། དང་པོ་ལ། རང་གཞན་གྱི་སྡེ་པ་ཐུན་མོང་དུ་འགོག་པ་རྩ་བ་ཤེས་རབ། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ། རྩ་བ་ཤེས་རབ་ཀྱི་རྐྱེན་བརྟག་པ་ལས་འཕྲོས་པ་རྩོད་པ་བཟློག་པ། སྐྱེ་འཇིག་བརྟག་པའི་རབ་བྱེད་ལས་འཕྲོས་པ་སྟོང་ཉིད་བདུན་ཅུ་པའོ། །སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་ནི་ཞིབ་མོ་རྣམ་འཐག་སྟེ། བདེན་དངོས་སྒྲུབ་པར་བྱེད་པའི་ཡན་ལག་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པའི་ཕྱིར་རོ། །འཇིག་རྟེན་ཐ་སྙད་དང་འགལ་བ་སྤོང་བ་ནི་ཐ་སྙད་གྲུབ་པ་སྟེ། ཞེས་དང་། དྲིས་ལན་ལུང་གི་གཏེར་མཛོད་ལས[47]། དབུ་མ་རིགས་ཚོགས་དྲུག་སྟེ། རྩ་བ་ཤེས་རབ་ཐ་སྙད་གྲུབ། །རིགས་པ་དྲུག་ཅུ་རྩོད་བཟློག་དང་། །ཞིབ་མོ་རྣམ་འཐག་སྟོང་ཉིད་ནི། །བདུན་ཅུ་པའོ་དེ་ཡང་ནི། །དཔལ་མགོན་འཕགས་ཀླུ་སྒྲུབ་ཀྱིས། །ཞེས་གསུངས་སོ།།

 

2} རིན་ཆེན་ཕྲེང་བ་རིགས་ཚོགས་སུ་བཞེད་ཚུལ།

གཉིས་པ། རིགས་ཚོགས་ལྔའི་ཐོག་རིན་ཆེན་ཕྲེང་བ་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་མཁན་ནི། གཙོ་བོ་རི་བོ་དགེ་ལྡན་པའི་ཤིང་རྟའི་སྲོལ་འབྱེད་རྗེ་ཙོང་ཁ་པ་ཆེན་པོ་རྗེས་འབྲང་དང་བཅས་པ་སྟེ། དེ་ཡང་རྗེ་བདག་ཉིད་ཆེན་པོས་རྩ་བ་ལུས་ལྟ་བུའི་བསྟན་བཅོས་གཉིས་དང་། གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་གསུམ་གོང་ལྟར་ལ། བཞི་པ་ཐ་སྙད་སྒྲུབ་ཀྱི་དོད་དུ་རིན་ཆེན་ཕྲེང་བ་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་དེ། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རྩ་ཤེས་ཊཱིཀ་ཆེན་ལས[48]། རིགས་པས་བསྟན་པ་ནི་རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་པ། རྩོད་ཟློག །རིགས་པ་དྲུག་ཅུ། ཞིབ་མོ་རྣམ་འཐག །རིན་ཆེན་ཕྲེང་བ་སྟེ་དྲུག་ཏུ་རིགས་པ་མང་པོས་གཏན་ལ་ཕབ་བོ། །བསྟོད་པ་འགའ་ཞིག་ལས་ཀྱང་སྟོང་ཉིད་བསྟན་མོད་ཀྱང་རིགས་པས་བསྒྲུབས་པ་མི་མང་ངོ་། །ཞེས་གསུངས་སོ།།

དེ་བཞིན་མཁས་གྲུབ་རྗེའི་ (1385-1438) རྒྱུད་སྡེ་སྤྱི་རྣམ་ལས་[49]ཀྱང་། དེ་ལ་ལྟ་བའི་ཆ་གཙོ་བོར་འགྲེལ་པ་དང་། སྤྱོད་པའི་ཆ་གཙོ་བོར་འགྲེལ་པ་དང་། གཉིས་ཀ་ཆ་མཉམ་དུ་འགྲེལ་པའི་བསྟན་བཅོས་དང་གསུམ་ལས། དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིགས་ཚོགས་དྲུག་རྗེས་འབྲང་དང་བཅས་པ་སྟེ། དབུ་མ་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་བཟློག །ཞིབ་མོ་རྣམ་འཐག་སྟེ་ལྔ་ལ་མི་མཐུན་པ་མེད་ཅིང་། སྔ་རབས་པ་དག་ཐ་སྙད་གྲུབ་པ་ཞེས་བྱ་བ་དང་དྲུག་ཏུ་འདོད་ལ། རང་རེའི་བླ་མ་དག་ཐ་སྙད་གྲུབ་པ་ཞེས་བྱ་བའི་གཞུང་རིགས་ཚོགས་ཀྱི་ཡ་གྱལ་ཞིག་ཡོད་ན། འཕགས་པའི་སློབ་མ་རྣམས་ཀྱིས་གཞུང་དུ་འཕགས་པའི་གཞུང་ཐམས་ཅད་ཁུངས་སུ་མ་དྲངས་པ་མེད་པས། དེ་དག་ཏུ་དྲངས་འོངས་དགོས་པ་ལས། དེ་དག་ཏུ་དྲངས་པ་གཅིག་ཀྱང་མ་བྱུང་བའི་ཕྱིར་དང་། ཚིག་གསལ་གྱི་གཤམ་དུ་རིགས་ཚོགས་ཐམས་ཅད་བགྲངས་ཀྱང་ཐ་སྙད་གྲུབ་པ་མ་བགྲངས་པའི་ཕྱིར། མེད་པར་ཤེས་གསུང་ངོ་།།

དེས་ན་བླ་མ་རྗེས་ (རེད་མདའ་བ།) ནི་རིགས་ཚོགས་ལྔར་བཞེད་ལ། ཐམས་ཅད་མཁྱེན་པ་ཙོང་ཁ་པ་རིན་ཆེན་ཕྲེང་བ་དང་དྲུག་ཏུ་བཞེད་དོ། །དེ་ལ་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། རིན་ཆེན་ཕྲེང་བ་དང་གསུམ་ནི་བསྟན་བཅོས་ལུས་ཡོངས་སུ་རྫོགས་པ་དང་། གཞན་གསུམ་ནི་རྩ་ཤེས་ལས་འཕྲོས་པའི་ཡན་ལག་ལྟ་བུའི་བསྟན་བཅོས་སོ། །དེ་ལ་རྩ་ཤེས་ནི་ཆོས་ཐམས་ཅད་བདེན་པར་གྲུབ་པས་སྟོང་པ། རིགས་པའི་རྣམ་གྲངས་མི་འདྲ་བ་དུ་མའི་སྒོ་ནས་རྒྱས་པར་སྟོན་ལ། ཐབས་ཀྱི་ཆ་མི་སྟོན་ནོ། །གཞན་བཞིས་ཀྱང་སྟོང་པ་ཉིད་ཁོ་ན་སྟོན་ནོ། །རིན་ཆེན་ཕྲེང་བས་ནི་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་རིགས་པས་རྒྱས་པར་གཏན་ལ་འབེབས་ཤིང་། ཐབས་ཀྱི་ཆ་ཡང་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རགས་རིམ་ཞིག་ཚང་བར་སྟོན་ནོ། །ཞེས་གསུངས་པ་ལྟར་སྤྱིར་རིན་ཆེན་ཕྲེང་བ་དེ་རིགས་ཚོགས་དང་གཏམ་ཚོགས་གཉིས་ཀ་ཡིན་པས་མི་འགལ་ལ། རིགས་ཚོགས་དང་གཏམ་ཚོགས་གཉིས་སུ་ཕྱེ་བའི་རིགས་ཚོགས་མིན་པ་ལས་སྤྱིར་རིགས་ཚོགས་ཡིན་པར་གསུང་མཁན་ཡང་ཡོད།

དེ་བཞིན་མཁས་གྲུབ་རྗེའི་ (1385-1438) སྟོང་ཐུན་སྐལ་བཟང་མིག་འབྱེད་ལས[50]། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་དང་དེའི་དགོངས་པ་འགྲེལ་བའི་རིམ་པ་ཇི་ལྟར་བྱུང་བ་ལ། འཕགས་པའི་གཞུང་མཛད་ཚུལ་དང༌། དེའི་དགོངས་པ་འགྲེལ་བ་སོ་སོའི་རིམ་པ་ཇི་ལྟར་བྱུང་བ་བཤད་པའོ། །དང་པོ་ནི། འཕགས་པ་འདིས་རྒྱལ་བས་ལུང་བསྟན་པ་ལྟར་མདོ་སྔགས་ཀྱི་བསྟན་པའི་སྙིང་པོ་གསལ་བར་བྱེད་པའི་གཞུང་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ལ་མང་དུ་མཛད་ཅིང༌། སྦྱོར་བ་བརྒྱ་པ་ལ་སོགས་པ་གསོ་དཔྱད་ཀྱི་གཞུང་དང༌། ཤེས་རབ་བརྒྱ་པ་ལ་སོགས་པ་ལུགས་ཀྱི་བསྟན་བཅོས་ཀྱང་མང་དུ་མཛད་ཅིང༌། ཁྱད་པར་ཟབ་མོ་དབུ་མའི་ལམ་གསལ་བར་བྱེད་པ་ལ། དེ་ཁོ་ན་ཉིད་ངེས་དོན་གྱི་ལུང་དང་སྦྱར་ནས་སྟོན་པ་མདོ་ཀུན་ལས་བཏུས་དང༌། རིགས་པས་སྟོན་པ་ལ་རིགས་ཚོགས་ཀྱི་གཞུང༌། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་བཟློག །ཞིབ་མོ་རྣམ་འཐག །རིན་ཆེན་ཕྲེང་བ་རྣམས་མཛད་ཅིང༌། དེ་ཡང་བསྒྲུབ་བྱ་བདེན་དངོས་འགོག་པའི་རིགས་པ་རྒྱས་པར་སྟོན་པ་རྩ་བ་ཤེས་རབ་དང༌། བདེན་དངོས་སྒྲུབ་པའི་སྒྲུབ་བྱེད་གཞན་གྱིས་བཏགས་པའི་རྟོག་གེའི་ཚིག་དོན་བཅུ་དྲུག་ལ་སོགས་པ་འགོག་པ་ཞིབ་མོ་རྣམ་འཐག་མཛད་ལ། རྩོད་བཟློག་ནི་རྩ་ཤེའི་རབ་བྱེད་དང་པོ་ལས་འཕྲོས། ཞེས་སོགས་གསུངས་པ་ལྟར་རིགས་ཚོགས་ལྔའི་ཐོག་རིན་ཆེན་ཕྲེང་བ་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་དོ།།

གཞན་ཡང་༸རྒྱལ་དབང་དགེ་འདུན་གྲུབ་ (1391-1474) པས་མཛད་པའི་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་ལན་ལས[51]། སྔ་རབས་པ་རྣམས་ཀྱིས་རིགས་ཚོགས་དྲུག་ལ་ཐ་སྙད་གྲུབ་པ་བགྲངས་ཤིང་། དིང་སང་རིགས་ཚོགས་དྲུག་ལ་དབུ་མ་རིན་ཆེན་ཕྲེང་བ་བགྲང་བ་ཇི་ལྟར་རིགས་ཤེ་ན། སྤྱིར་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ལ། རིག་གནས་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས། ཐུན་མོང་མིན་པ་ལ་ཡང་། སྔགས་དང་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་གཉིས། ཕྱི་མ་ལ། དོན་དམ་པའི་རྣམ་གཞག་དང་། ཐ་སྙད་ཀྱི་རྣམ་གཞག་གཙོ་བོར་སྟོན་པ་གཉིས། དོན་དམ་པའི་རྣམ་གཞག་སྟོན་པ་ལ་ཡང་། ལུང་གིས་སྟོན་པ་དང་། རིགས་པས་གཏན་ལ་འབེབས་པ་གཉིས། རིགས་པས་གཏན་ལ་འབེབས་པ་ལ་དབུ་མ་རིགས་པའི་ཚོགས་དྲུག་མཛད་དོ། །ཞེས་དང་། ཡང་དེ་ཉིད་ལས། དེ་ལྟར་ན་རིན་ཆེན་ཕྲེང་བ་ནི་དབུ་མ་རིགས་པའི་ཚོགས་སུ་བགྲང་རིགས་ཏེ། འདིས་འཁོར་བའི་རྩ་བ་བདག་འཛིན་དུ་བསྟན་ནས། བདག་འཛིན་སྤང་བའི་ཕྱིར་དུ་བདག་འཛིན་གྱི་ཡུལ་གང་ཟག་གི་བདག་མེད་པར་རིགས་པས་རྒྱས་པར་གཏན་ལ་འབེབས་པ་ཡིན་པའི་ཕྱིར། ཞེས་གསུངས་པ་ལྟར་རིན་ཆེན་ཕྲེང་བ་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་ལ། དེ་བཞིན་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་མཁྱེན་བརྩེའི་ཆོས་འབྱུང་ལས[52]། དཔལ་ལྡན་ཀླུ་སྒྲུབ་ཀྱི་བསྟན་བཅོས་ལ་ཐ་སྙད་གཙོ་བོར་གྲུབ་པ་དོན་དམ་གཙོ་བོར་སྟོན་པ་གཉིས། སྔ་མ་ལ་ལུང་དང་རིགས་པས་གཏན་ལ་འབེབས་པ་གཉིས། ཕྱི་མ་ལ་དྲུག་གི །རིན་ཕྲེང་འདིར་བགྲང་རིགས་ཏེ། བདག་མེད་པའི་དོན་རིགས་པས་གཏན་ལ་འབེབས་པའི་ཕྱིར་དང་། ཐ་སྙད་གྲུབ་པ་བགྲང་མི་རིགས་ཏེ་དོན་དམ་གཏན་ལ་འབེབས་བྱེད་མ་ཡིན་པའི་ཕྱིར་རོ། །ཞེས་རིན་ཆེན་ཕྲེང་བ་རིགས་ཚོགས་སུ་བཞེད་དོ།།

ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞལ་སྔ་ནས་ཀྱང་[53]། རྒྱལ་པོ་ལ་གདམས་པའི་གཞུང་སྟེ། སྟོང་ཉིད་སྟོན་པའི་ཆ་ནས་དབུ་མ་རིན་ཆེན་ཕྲེང་བ་དང་། སྐབས་ལ་ལར་མཚན་ལ་ཐ་སྙད་སྒྲུབ་པ་ཞེས་གསུང་གི་ཡོད་ཅེས་གསུངས་པས། ཐ་སྙད་སྒྲུབ་པ་ཞེས་པའི་བསྟན་བཅོས་ཤིག་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་མཛད་ཡོད་མེད་དང་། དེ་ཡང་བོད་བསྒྱུར་གནང་ཡོད་མེད། གཞུང་དེ་ནས་ལུང་དྲངས་པ་ཡོད་མེད། རིགས་ཚོགས་དྲུག་གི་གྲངས་འདྲེན་སོགས་ལ་དགོངས་པ་བཞེས་ས་མང་དུ་ཡོད་པར་སྣང་ངོ་།།

དེ་བཞིན་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་ (1469-1544) གྱིས་མཛད་པའི་དབུ་མ་ལ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ་གྱི་དཀའ་གནད་གསལ་བར་བྱེད་པའི་སྤྱི་དོན་ལེགས་བཤད་སྐལ་བཟང་མགུལ་རྒྱན་ལས[54]། དབུ་མའི་བསྟན་བཅོས་གང་ཞེ་ན། རིགས་ཚོགས་དྲུག་ཀ་འདིའི་འཇུག་བྱའི་དབུ་མའི་བསྟན་བཅོས་ཡིན་ནམ་ཞེ་ན། རྩ་བ་ཤེས་རབ་དེ་འདིའི་འཇུག་བྱའི་དབུ་མ་ཡིན་གྱི། རིན་ཆེན་ཕྲེང་བ་སོགས་འདིའི་འཇུག་བྱའི་དབུ་མ་མ་ཡིན། ཞེས་གསུངས་ལ། པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་དབུ་མའི་སྤྱི་དོན་ཟབ་དོན་གསལ་བའི་སྒྲོན་མེ་ལས[55]། འགྲེལ་པའི་དབང་དུ་མཛད་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག །རྩོད་ཟློག །རིན་ཆེན་འཕྲེང་བ་སྟེ་རིགས་པའི་ཚོགས་དྲུག་མཛད། དེ་རྣམས་ཀྱི་ནང་ནས་རྩ་བའམ་གཞི་མ་ལྟ་བུ་ནི་རྩ་བ་ཤེས་རབ་ཡིན། ཞེས་གསུངས་པ་ལྟར་རིན་ཕྲེང་བསྣན་ཏེ་རིགས་ཚོགས་དྲུག་ཏུ་བཞེད་དོ།།

ཡང་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས་ (1648-1721) མཛད་པའི་ཕར་ཕྱིན་མཐའ་དཔྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཀུན་གསལ་བའི་རིན་ཆེན་སྒྲོན་མེ་ལས་[56]ཀྱང་། ཀླུ་སྒྲུབ་ཀྱིས་བསྒྲུབ་བྱ་བདེན་དངོས་འགོག་པའི་རིགས་ཚོགས་དྲུག་དང་། ཕྱོགས་གླང་གིས་བརྒྱད་སྟོང་པའི་དོན་སོ་གཉིས་སུ་བཀྲལ། ཁ་ཆེ་མཆེ་བའི་སྡེས་ཡུམ་གསུམ་གྱི་དོན་སྒོ་གསུམ་དང་རྣམ་གྲངས་བཅུ་གཅིག་ཏུ་བཀྲལ། མངོན་རྟོགས་རྒྱན་གྱིས་དངོས་པོ་བརྒྱད་དུ་བཀྲལ་བའི་ཕྱིར། ལེགས་བཤད་གསེར་ཕྲེང་ལས། འདིའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལ་ཡང་དུ་མ་ཞིག་ཡོད་ཀྱང་གཙོ་བོར་གྱུར་པ་ནི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་ཞེས་སྔ་མ་རྣམས་ལ་གྲགས་སོ། །ཞེས་གསུངས་པའི་ཕྱིར། དང་པོ་གྲུབ་སྟེ། བསྒྲུབ་བྱ་བདེན་དངོས་འགོག་པའི་རྩ་ཤེས་དང་། དེའི་རབ་བྱེད་དང་པོའི་འཕྲོས་དོན་རྩོད་བཟློག་དང་། རབ་བྱེད་བདུན་པའི་འཕྲོས་དོན་སྟོང་ཉིད་བདུན་ཅུ་པ་དང་། རང་སྡེའི་བདེན་དངོས་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ། རིན་ཆེན་ཕྲེང་བ་གཉིས་དང་ལྔ། བདེན་དངོས་སྒྲུབ་བྱེད་རྟོག་གེའི་ཚིག་དོན་བཅུ་དྲུག་འགོག་པ་ཞིབ་མོ་རྣམ་འཐག་དང་དྲུག་ཡོད་པའི་ཕྱིར། དེ་ཡང་རྗེ་བཙུན་རེད་མདའ་བས་རིགས་ཚོགས་ལྔ་དང་རྗེ་རིན་པོ་ཆེས་སྔར་ལྟར་དྲུག་བཞེད་པར་རྒྱུད་སྡེ་སྤྱི་ལས་བཤད་དོ། །ཞེས་འབྱུང་ངོ་།།

ཡང་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྗེའི་རིན་པོ་ཆེའི་གསུམ་གྱི་གཏམ་གྱི་སྦྱོར་བའི་དགོངས་འགྲེལ་བསྡུས་པ་ལས[57]། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ནི། མགོན་པོས་མཛད་པའི་དབུ་མ་རིགས་པའི་ཚོགས་དྲུག་དང་། དེ་དག་གི་དགོངས་འགྲེལ་འཕགས་པ་ལྷ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་སོགས་ཀྱིས་མཛད་པ་རྣམས་དང་། ཁྱད་པར་དུ་ད་ལྟ་ཡོངས་སུ་གྲགས་པ་ཟླ་བས་མཛད་པའི་དབུ་མ་འཇུག་པ་རྩ་འགྲེལ་དང་བཅས་པ་ཚིག་སྤྱི་ཙམ་མ་ཡིན་པར་ཞིབ་ཏུ་སྦྱངས་དགོས་པར་བསྟན། ཞེས་གསུངས་པ་ལྟར་རིགས་ཚོགས་དྲུག་གང་དག་ལ་འདོད་སྙམ་ན། དེ་ཡང་ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་གཞུང་ལུགས་དུ་མའི་བརྗོད་བྱ་བསྟན་པ་ཉེར་མཁོ་བློ་ལྡན་དགའ་བྱེད་ལས[58]། རྩ་བ་ཤེས་རབ་རིགས་པ་དྲུག་ཅུ་པ། །སྟོང་ཉིད་བདུན་ཅུ་ཞིབ་མོ་རྣམ་པར་འཐག །རྩོད་བཟློག་རིན་ཆེན་ཕྲེང་བ་རིགས་ཚོགས་དྲུག །ཅེས་རིན་ཆེན་ཕྲེང་བ་རིགས་ཚོགས་སུ་བཞེད་དོ།།

དེ་བཞིན་༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་ (1708-1757) ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་དབང་གི་རྒྱལ་པོའི་དོ་ཤལ་ལས[59]། རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་བཟློག །ཞིབ་མོ་རྣམ་འཐག །རིན་ཆེན་ཕྲེང་བ་སྟེ་དབུ་མ་རིགས་ཚོགས་དྲུག་གི་ལུང་གི་བརྒྱུད་པ་ནི། ཀླུ་སྒྲུབ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་གྲགས། ཞེས་སོགས་གསལ་བ་ལྟར་རྗེ་བདག་ཉིད་ཆེན་པོ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། ༸རྒྱལ་དབང་དགེ་འདུན་གྲུབ་པ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། པཎ་ཆེན་བསོད་ནམས་གྲགས་པ། ཀུན་མཁྱེན་འཇམ་དབྱངས་བཞད་པ། ཅོ་ནེ་གྲགས་པ་བཤད་སྒྲུབ། ༸རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་སོགས་རི་བོ་དགེ་ལྡན་པའི་སྐྱེས་ཆེན་དམ་པ་རྣམས་ཀྱིས་རིགས་ཚོགས་ལྔའི་ཐོག་རིན་ཆེན་ཕྲེང་བ་བསྣན་ནས་དབུ་མ་རིགས་ཚོགས་དྲུག་ཏུ་བཞེད་པ་ཡིན་ནོ།།

གཞན་ཡང་ཨོ་རྒྱན་གླིང་པའི་ (1323-?) གཏེར་མ་པདྨ་བཀའ་ཐང་ལས[60]། མཚན་ཉིད་མེད་པའི་བཀའ་ནི་ཀླུ་སྒྲུབ་ཀྱིས། །དབུ་མ་རིགས་པའི་ཚོགས་དྲུག་བྱ་བ་བརྩམས། །ངེས་པ་དོན་གྱི་བཀའ་དང་དོན་རྣམས་ལ། །བྱམས་པས་མདོ་སྡེ་རྒྱན་སོགས་སྡེ་ལྔ་བརྩམས། །ཞེས་དང་། ཡང་བཀའ་ཐང་སྡེ་ལྔའི་ཡ་གྱལ་ལོ་པཎ་བཀའ་ཐང་ལས[61]། བཀའ་ནི་བར་པ་གཏན་དབབ་ཕྱིརཿ དབུ་མ་རིགས་པའི་ཚོགས་དྲུག་མཛདཿ རྩ་ཤེས་རིགས་པ་དྲུག་ཅུ་པཿ སྟོང་ཉིད་བདུན་ཅུ་ཞིབ་མོ་འཐགཿ རིན་ཆེན་ཕྲེང་བ་རྩོད་བཟློག་མཛདཿ ཅེས་གསལ་བ་ལྟར་བཀའ་ཐང་སྡེ་ལྔ་ལས་ཀྱང་རིན་ཆེན་ཕྲེང་བ་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་པའི་ཕྱོགས་སུ་སྣང་ངོ་།།

འོན་ཀྱང་རྗེ་བདག་ཉིད་ཆེན་པོས་མཛད་པའི་རྩ་ཤེས་ཊཱིཀ་ཆེན་ལས། རིགས་ཚོགས་དྲུག་ཏུ་གསུངས་ཀྱང་། རྗེའི་གསུང་སྔ་རྩོམ་གྱི་གྲས་ལེགས་བཤད་གསེར་ཕྲེང་ལས་རིགས་ཚོགས་ལྔ་ཡིན་པར་གསུངས་པར་མ་ཟད། འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང་། གཞན་དག་སྟོང་ཉིད་བདུན་ཅུ་པ་ལུས་སུ་བྱས་ནས་རྩ་ཤེས་འཕྲོས་སུ་བྱེད་པ་ནི་འཁྲུལ་པར་ཁོང་དུ་ཆུད་པར་བྱའོ། །ཞེས་ཡོངས་གྲགས་ཀྱི་རིགས་ཚོགས་ལྔའི་སྟེང་ཐ་སྙད་གྲུབ་པ་དང་གཅིག །རིན་ཆེན་ཕྲེང་བ་དང་གཉིས། ག་ལས་འཇིགས་མེད་དང་གསུམ་གང་རུང་ཞིག་བསྣན་ནས་རིགས་ཚོགས་དྲུག་ཏུ་བྱ་བ་ནི་འཁྲུལ་པ་དང་། དེ་བཞིན་དུ་སྟོང་ཉིད་བདུན་ཅུ་པ་ལུས་སུ་བྱས་ནས་རྩ་ཤེས་འཕྲོས་སུ་བྱེད་པ་ཡང་འཁྲུལ་པར་ཁོང་དུ་ཆུད་པར་བྱེད་དགོས་པར་གསུངས་ལ། ལེགས་བཤད་གསེར་ཕྲེང་ལས་རིགས་ཚོགས་ལྔ་དང་། རྩ་ཤེས་ཊཱིཀ་ཆེན་ལས་རིགས་ཚོགས་དྲུག་ཏུ་གསུངས་པས་གཞུང་དེ་དག་ལས་རིགས་ཚོགས་ལྔ་དང་དྲུག་ལ་བཞེད་ལུགས་མི་མཐུན་པ་གཉིས་སྣང་ནའང་། ལེགས་བཤད་གསེར་ཕྲེང་ནི་རྗེ་བདག་ཉིད་ཆེན་པོའི་སྔ་རྩོམ་གྱི་གྲས་ཡིན་པས། རྩ་ཤེས་ཊཱིཀ་ཆེན་ལྟར་འདོད་དགོས་སམ་སྙམ་མོ།།

 

3} ག་ལས་འཇིགས་མེད་རིགས་ཚོགས་སུ་བཞེད་ཚུལ།

གསུམ་པ། ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་མཁན་ནི་མཁས་པ་མི་བཞི་སྟེ། ཨུ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་དང་། རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ། བོད་ཀྱི་མཁན་པོ་པ་གོར་བཻ་རོ་ཙ་ན། གནུབས་ནམ་མཁའི་སྙིང་པོ་བཅས་མཁས་པ་མི་བཞིས་མཛད་པར་གྲགས་པའི་གསང་སྔགས་ལུང་གི་བང་མཛོད་ལས[62]། དེ་ནས་ལོ་བརྒྱ་ནས་འཕགས་པ་ཀླུ་སྒྲུབ་འཇིག་རྟེན་དུ་བྱོན་ནསཿ འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་གཏན་ལ་ཕབཿ དབུ་མའི་བསྟན་བཅོས་རིགས་ཚོགས་དྲུག་མཛད་དེཿ དེ་ཡང་རྩ་བའི་ཤེས་རབཿ རིགས་པ་དྲུག་ཅུ་པཿ སྟོང་ཉིད་བདུན་ཅུ་པཿ ཞིབ་མོ་རྣམ་པར་འཐག་པའི་མདོཿ ག་ལས་འཇིགས་མེདཿ རྩོད་པ་བཟློག་པ་དང་དྲུག་མཛདཿ དེས་བསྒྲགས་ཤིང་སྤེལ་བ་ནི་སློབ་དཔོན་འཕགས་པ་ལྷའོཿ ཞེས་གསུངས་པ་ལྟར། ཡོངས་གྲགས་ཀྱི་དབུ་མ་རིགས་ཚོགས་ལྔ་དང་། རིགས་ཚོགས་དྲུག་པར་ཐ་སྙད་གྲུབ་པ་དང་། རིན་ཆེན་ཕྲེང་བའི་དོད་དུ་ག་ལ་འཇིགས་མེད་བགྲངས་ཏེ་རིགས་ཚོགས་དྲུག་ཏུ་འདོད་པ་བཅས་དེ་ལྟར་ན་རིགས་ཚོགས་དྲུག་ཏུ་བཞེད་མཁན་ལ་དབྱེ་བ་གསུམ་དུ་བྱུང་བར་མ་ཟད། རིགས་ཚོགས་དྲུག་གི་གྲས་སུ་ག་ལས་འཇིགས་མེད་འདྲེན་པར་བཤད་ལ། དེ་བཞིན་ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ་ལས[63]། བར་པ་མཚན་ཉིད་མེད་པའི་འཁོར་ལོའི་ལྟ་བ་འགྲེལ་པ་དབུ་མ་རྩ་བ་ཤེས་རབ་དང་། མངོན་རྟོགས་རྒྱན་གཉིས་མི་འདྲ་བའི་རྒྱུ་མཚན་ནི་ཡུལ་དང་ཡུལ་ཅན་ནམ་དངོས་ཤུགས་ཀྱིས་བྱེད་པའོ། །ཞེས་འཆད་དོ། །འདི་ལྟར་མདོ་སྡེ་དངོས་སུ་བརྗོད་པ་སྟོང་ཉིད་གསལ་བར་བྱེད་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་དང་རིགས་པ་དྲུག་ཅུ་དང་། སྟོང་ཉིད་བདུན་ཅུ་དང་། རྩོད་བཟློག་དང་། ག་ལས་འཇིགས་མེད་དང་། ཞིབ་འཐག་དང་། ཐ་སྙད་གྲུབ་པ་སྟེ། རིགས་པའི་ཚོགས་དྲུག་ཅེས་གསལ་བ་ལྟར། རིགས་ཚོགས་དྲུག་ལ་ག་ལས་འཇིགས་མེད་དང་། ཐ་སྙད་གྲུབ་པ་བགྲངས་ཤིང་། མཐར་རིགས་ཚོགས་དྲུག་ཅེས་གསལ་བ་ལྟར་འཕགས་བོད་ཀྱི་མཁས་པ་མི་བཞི་དང་། ས་སྐྱ་པཎ་ཆེན་བཅས་ཀྱིས་ག་ལས་འཇིགས་མེད་རིགས་ཚོགས་སུ་བཞེད་ནའང་། ས་པཎ་གྱི་ཆོས་འབྱུང་ཆེན་མོར་གཞུང་བདུན་གྱི་མཚན་འཁོད་པས་དཔྱད་དགོས་པར་སྣང་ངོ་།།

དེ་ལྟར་དབུ་མ་རིགས་ཚོགས་ལྔ་དང་དྲུག་གང་ཞིག་ཞལ་གྱིས་བཞེས་ནའང་། རྩ་བ་ལུས་ལྟ་བུའི་བསྟན་བཅོས་དང་། གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་གཉིས་སུ་འདུ་བར་མཁས་པ་ཀུན་བཞེད་པ་མཐུན་པ་སྟེ། རྩ་ཤེས་དང་། རིགས་པ་དྲུག་ཅུ་པ་གཉིས་རྩ་བ་ལུས་ལྟ་བུའི་བསྟན་བཅོས་དང་། རྩོད་བཟློག་དང་། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་འཐག་གསུམ་རིགས་ཚོགས་ཀྱི་ནང་གསེས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་པ་ལ་རྩོད་པ་མ་མཆིས་མོད། དགོངས་པ་མི་མཐུན་ས་གཙོ་བོ་ནི་རིགས་ཚོགས་ལྔ་དང་དྲུག་ལ་བཞེད་ཚུལ་མི་མཐུན་པ་དང་། དྲུག་ལའང་གོང་གསལ་ལྔ་ཡི་ཐོག་ཏུ་ཐ་སྙད་གྲུབ་པ་དང་། རིན་ཆེན་ཕྲེང་བ། ག་ལས་འཇིགས་མེད་གང་ཡིན་ལའང་འདོད་ཚུལ་སྣ་ཚོགས་ཤིག་བྱུང་ཞིང་། དེ་བཞིན་སྟོང་ཉིད་བདུན་ཅུ་པ་ལུས་ལྟ་བུའི་རྩ་བའི་བསྟན་བཅོས་ཡིན་མིན། རྩ་བ་ལུས་ལྟ་བུའི་བསྟན་བཅོས་རྩ་ཤེས་དང་། རིགས་པ་དྲུག་ཅུ་པ་གཉིས་ཀྱི་བསྟན་བྱའི་ཁྱད་པར་ལ་ཡང་དགོངས་པ་མི་མཐུན་པ་ཅུང་ཟད་རེ་ཡོད་པ་གཞུང་ལུགས་དག་ལས་གསལ་བར་མངོན་ནོ།།

ཡང་རིགས་ཚོགས་དྲུག་ཏུ་འདྲེན་ཚུལ་གཞན་ཞིག་ཀྱང་བྱུང་བ་ནི། ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ (1308-1364) གྱིས་མཛད་པའི་ཀློང་ཆེན་ཆོས་འབྱུང་ལས[64]། བདག་མེད་སེངྒེའི་ང་རོས་ཤེས་བྱ་ཐམས་ཅད་ཚུལ་གཅིག་ཏུ་སྟོན་པའི་བསྟན་བཅོས་དབུ་མ་རིགས་ཚོགས་དྲུག་ལ་སོགས་པ་བརྩམས་ཏེ། དབུ་མ་རྩ་བའི་ཤེས་རབ། རིགས་པ་དྲུག་ཅུ་པ། རྩོད་པ་བཟློག་པ། ཞིབ་མོ་རྣམ་པར་འཐག་པ། རིན་པོ་ཆེའི་ཕྲེང་བ། ག་ལས་འཇིགས་མེད་ལ་སོགས་པ་མཛད། ཅེས་གསུངས་པ་ལྟར་ན། ཡོངས་གྲགས་ལྟར་སྟོང་ཉིད་བདུན་ཅུ་པ་རིགས་ཚོགས་ཀྱི་གྲས་སུ་མི་བགྲངས་ཤིང་། སོགས་ཁོངས་སུ་ཡོད་པར་འདོད་ན། རིགས་ཚོགས་བདུན་དུ་གྱུར་ལ། རིན་ཆེན་ཕྲེང་བ་དང་། ག་ལས་འཇིགས་མེད་གཉིས་ཀ་རིགས་ཚོགས་སུ་འདོད་པར་གསལ་བ་བཅས་སོ།།

 

6) རིགས་ཚོགས་དྲུག་ཏུ་བཞེད་པ་མི་འཐད་པའི་ཚུལ།

1} ཐ་སྙད་གྲུབ་པ་རིགས་ཚོགས་སུ་བཞེད་པ་དགག་པ།

དབུ་མ་རིགས་པའི་ཚོགས་ལྔ་རུ་བཞེད་མཁན་ནི་ཀུན་མཁྱེན་གོ་བོ་རབ་འབྱམས་པ་སྟེ། ཁོང་གིས་ཐ་སྙད་གྲུབ་པ་དང་། རིན་ཆེན་ཕྲེང་བ་དང་། ག་ལ་འཇིགས་མེད་གསུམ་ཀ་རིགས་ཚོགས་ཀྱི་གྲངས་སུ་བགྲངས་པ་ལ་སྐྱོན་བརྗོད་གནང་སྟེ་རང་ལུགས་ལ་དེ་གསུམ་ཕུད་པའི་ལྷག་འཕྲོས་དབུ་མ་རྩ་ཤེས་དང་། རིགས་པ་དྲུག་ཅུ་པ། ཞིབ་མོ་རྣམ་འཐག །སྟོང་ཉིད་བདུན་ཅུ་པ། རྩོད་བཟློག་བཅས་ལྔ་ལ་རིགས་ཚོགས་ལྔ་ཞེས་བཞེད་པར་མཛད་པ་སྟེ། ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ་ལས[65]། འདི་ལ་ཅུང་ཟད་དཔྱད་དུ་ཡོད་དེ། རིགས་པ་དྲུག་ཅུ་པའི་འགྲེལ་པར། རྩོད་བཟློག་དང་སྟོང་ཉིད་བདུན་ཅུ་པ་གཉིས་ཀྱི་འཕྲོས་ཚུལ་གསུངས་ཀྱི་གཞན་གྱི་འཕྲོས་ཚུལ་གསུངས་པ་མི་སྣང་ལ། ཐ་སྙད་གྲུབ་པ་ནི་བོད་དུ་མ་འགྱུར་ཞིང་། སློབ་དཔོན་ཟླ་བས་ཚིག་གསལ་དུ། སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་མཐོང་ཚུལ་སྨོས་པ་ན་གཞན་ལྔ་སྨོས་ནས་འདི་མ་སྨོས་པས། རྒྱ་གར་ནའང་རིགས་ཚོགས་སུ་བགྲངས་པ་མིན་པར་སྣང་ངོ་། །ཞེས་གསུངས་པ་ལྟར། ཀུན་མཁྱེན་གོ་རམས་པས་ཐོག་མར་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ལ་རྒྱུ་མཚན་རྣམ་པ་གསུམ་གྱི་སྒོ་ནས་དགག་པར་མཛད་ཡོད།

དེ་ཡང་རྒྱུ་མཚན་དང་པོ་ནི། ཐ་སྙད་སྒྲུབ་པ་ཞེས་པའི་བསྟན་བཅོས་ཤིག་བོད་དུ་གཏན་ནས་བསྒྱུར་མྱོང་མེད་པས་བོད་དུ་བསྒྱུར་མ་མྱོང་བའི་བསྟན་བཅོས་ཤིག་རིགས་ཚོགས་ཀྱི་གྲལ་དུ་བརྩི་མི་འོས་ཞེས་དགག་པར་མཛད། རྒྱུ་མཚན་གཉིས་པ་ནི། རྨ་བྱ་བྱང་བརྩོན་གྱིས་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་བཞིར་བཞེད་པའི་རྒྱབ་ཁུངས་སུ་འདྲེན་པར་མཛད་པའི་ཟླ་གྲགས་ཀྱིས་མཛད་པའི་རིགས་པ་དྲུག་ཅུ་པའི་འགྲེལ་པར་ཐ་སྙད་སྒྲུབ་པ་རྩ་ཤེས་ལས་གྱེས་ཚུལ་སྐོར་གསུངས་པ་མི་སྣང་ཞེས་དགག་པར་མཛད། རྒྱུ་མཚན་གསུམ་པ་ནི། དེ་འདྲའི་བསྟན་བཅོས་ཤིག་རྒྱ་གར་དུ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཀྱི་གྲལ་དུ་ཡོད་ཚོད་མི་འདུག་པས་དེའི་ཕྱིར་ཡོད་མེད་མ་ངེས་པའི་བསྟན་བཅོས་ཤིག་རིགས་ཚོགས་ཀྱི་གྲལ་དུ་འཇོག་པ་མི་རིགས་ཤིང་མི་འཐད་པ་ཉིད་དོ་ཞེས་སུན་འབྱིན་མཛད་དོ།།

སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཀྱི་གྲས་སུ་མེད་པའི་རྒྱུ་མཚན་ནི། དཔལ་ལྡན་ཟླ་གྲགས་ (C.600-650) ཀྱིས་མཛད་པའི་དབུ་མ་རྩ་ཤེས་ཀྱི་ཚིག་འགྲེལ་ཚིག་གསལ་གྱི་མཇུག་[66]ཏུ། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ལས་བསྟན་ཚིག་ལེར་བྱས་དེ་དང་། །རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པ་རྣམ་པར་བཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཞིང་། །བརྒྱ་པ་ལ་སོགས་དེ་དག་དང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ལས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་པ་གང་། །དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་ཟླ་བ་གྲགས་པས་སློབ་དཔོན་ཀླུའི་བསྟན་བཅོས་ལ་ཐོས་བསམ་བྱས་ལུགས་བཀོད་པ་དེ་ཡི་ནང་དུ་ཐ་སྙད་གྲུབ་ཅེས་པ་ཞིག་མ་བྱུང་བས་རྒྱ་གར་དུ་ཡང་མེད་ངེས་ཟེར་ཞིང་། གལ་ཏེ་རྒྱ་གར་དུ་དེ་འདྲ་ཞིག་ཡོད་ངེས་ན་སློབ་དཔོན་ཟླ་བ་གྲགས་པས་ཐོས་བསམ་མི་བྱ་བ་མི་སྲིད། །ཅེས་གསུངས་སོ།།

འོན་ཀྱང་དཔལ་ནཱ་ལེནྡྲའི་མཁས་པའི་ཁྱུ་མཆོག་ཞི་འཚོ་ཡབ་སྲས་ཀྱིས་ཐ་སྙད་གྲུབ་པ་གཟིགས་པར་གསུངས་ཡོད། དེ་ཡང་མཁན་ཆེན་ཞི་བ་འཚོས་ (725-790) མཛད་པའི་དབུ་མ་རྒྱན་གྱི་རང་འགྲེལ་ལས[67]།

ཡི་གེ་གཅིག་སྔགས་གང་ཡང་མེད། །ཡི་གེ་མང་པོ་གཞན་ཡང་མེད། །

ཡི་གེ་འགགས་པ་རྣམས་མིན་ལ། །བརྟེན་ནས་དེ་ནི་མེད་པ་ཡིན། །[68]

ཅེས་སོགས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་ཐ་སྙད་གྲུབ་པའི་ཤླཽ་ཀ་དྲུག་ལུང་འདྲེན་མཛད་ཡོད། འོ་ན་ཚིགས་བཅད་དེ་དག་ཀླུ་སྒྲུབ་ཀྱིས་མཛད་པ་དང་། ལྷག་པར་ཐ་སྙད་གྲུབ་པའི་གཞུང་ཚིག་ཡིན་པ་གང་ལས་ཤེས་སམ་ཟེར་ན། མཁས་པའི་དབང་པོ་སློབ་དཔོན་ཀ་མ་ལ་ཤཱི་ལས་ (740-797) མཛད་པའི་དབུ་མའི་རྒྱན་གྱི་དཀའ་འགྲེལ་ལས[69]། རྟེན་ཅིང་འབྲེལ་པར་འབྱུང་བ་ནི་མ་བརྟགས་ན་ཉམས་དགའ་བར་འདོད་པ་ཁོ་ན་ཡིན་གྱི། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པར་ནི་དེ་བཞིན་ཉིད་ཡོད་པ་དང་མེད་པ་ལས་རྣམ་པར་འདས་པ་ཁོ་ན་ཡིན་ནོ། །ཞེས་སློབ་དཔོན་གྱི་ཚིག་གིས་བསྟན་པའི་ཕྱིར་འདིར་ཡང་གསུངས་པ་ཞེས་བྱ་བ་སྨོས་ཏེ། འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་ཐ་སྙད་གྲུབ་པ་ལས་བསྟན་ཏོ། །དེ་ལས་ནི་སྔགས་དང་སྨན་དང་སྒྱུ་མའི་དཔེས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་གཏན་ཚིགས་ཀྱིས་དོན་དམ་པར་ཡོད་པ་དང་མེད་པ་ཉིད་ལས་ཡང་དག་པར་འདས་པར་སྒྲུབ་པར་བྱེད་དོ། །འདི་ལྟར་སྔགས་ནི་ཡི་གེ་རེ་རེའམ་འདུས་པ་ཞིག་ཡིན་པར་འགྱུར་གྲང་ན། རེ་ཞིག་རེ་རེ་ནི་མ་ཡིན་ཏེ། ཡི་གེ་གཅིག་བརྗོད་པ་ཁོ་ནས་འབྲས་བུ་འབྱུང་བར་ཐལ་བར་འགྱུར་རོ། །གང་ཡང་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་གཅིག་པའི་སྔགས་འབྱུང་བ་དེ་ཡང་ཡི་གེ་རྣམས་ནི་ཆ་ཤས་དང་བཅས་པ་ཡིན་པའི་ཕྱིར་ཡང་དག་པར་ན་གཅིག་པར་མི་རུང་བ་ཉིད་དེ་དེ་ལྟ་བས་ན། ཡི་གེ་གཅིག་སྔགས་གང་ཡང་མེད་དེ། ཡི་གེ་རེ་རེའི་སྔགས་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཡི་གེ་མང་པོ་གཞན་ཡང་མེད་ཅེས་བྱ་བ་ནི་ཡི་གེ་འདུས་པ་རྣམས་ཀྱང་སྔགས་མ་ཡིན་པ་སྟེ། ཡི་གེ་རྣམས་ནི་རིམ་གྱིས་འབྱུང་བ་ཅན་ཡིན་པས་ཚོགས་པ་མེད་པའི་ཕྱིར་རོ། །ཞེས་སོགས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཐ་སྙད་གྲུབ་པའི་གཞུང་ཚིག་ཡིན་པ་གསལ་བར་གསུངས་སོ།།

དེ་བཞིན་གོ་རམས་པའི་ངེས་དོན་རབ་གསལ་ལས། ཐ་སྙད་གྲུབ་པ་ནི་བོད་དུ་མ་འགྱུར་ཞིང་། ཞེས་དང་། རིན་ཆེན་ཕྲེང་བའི་དར་ཊིཀ་ལས། ཐ་སྙད་གྲུབ་པ་ནི། དབུ་མ་རྒྱན་གྱི་འགྲེལ་པར་ཚིགས་བཅད་ཁ་ཡར་དྲངས་པ་ཙམ་མ་གཏོགས་བོད་དུ་ཚང་མ་མ་འགྱུར་རོ། །ཞེས་ཐ་སྙད་གྲུབ་པ་རིགས་ཚོགས་སུ་མི་བཞེས་པའི་མཁས་པའི་དབང་པོར་གྲགས་པ་རྣམས་ཀྱིས་ཀྱང་སྤྱིར་ཐ་སྙད་གྲུབ་པ་ཞེས་པའི་གཞུང་ཞིག་གཏན་ནས་མ་བྱུང་བར་མི་འདོད་དོ།།

གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ་ལས[70]། རྗེ་རིན་པོ་ཆེས་སྔ་མ་ལྟར་དྲུག་བཞེད་པར་རྒྱུད་སྡེ་སྤྱི་རྣམ་ལས་བཤད་དོ། །ཁ་ཅིག་ཐ་སྙད་དུ་གྲུབ་པ་དང་དྲུག་ཏུ་ཡང་བཤད་མོད། ཚིག་གསལ་གྱི་མཇུག་ཏུ་རིགས་ཚོགས་ཐམས་ཅད་དྲངས་ནས་དེ་མ་དྲངས་པས་མི་འཐད་པར་ཤེས་སོ། །ཞེས་གསུངས་ལ། གཞན་ཡང་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1894) ཤེས་བྱ་ཀུན་ཁྱབ་ལས་[71]ཀྱང་། དེ་དག་ཀྱང་ཟླ་བའི་ཚིག་གསལ་ལས། གཏམ་བྱ་རིན་ཆེན་ཕྲེང་བ་དང་ནི་ཡང་དག་བསྟོད་པ། ཞེས་དང་། དེའི་འཕྲོས་སུ་རིགས་ཚོགས་ལྔ་དངོས་སུ་བགྲངས་པའི་དོན་ཡིན་པས་མི་མཐུན་པ་ཆེར་མེད་ཅིང་། ཁུ་ལོ་ཙཱ་བ་སོགས་སྔ་རབས་པ་རྣམས་རིགས་ཚོགས་ལྔའི་སྟེང་དུ་ཐ་སྙད་གྲུབ་པ་བསྣན་ནས་རིགས་ཚོགས་དྲུག་ཏུ་བཞེད་པ་ལ། རྗེ་རིན་པོ་ཆེ་སོགས་གཞུང་དེ་འདྲ་ཡོད་ན་ཚིག་གསལ་དུ་མ་བགྲངས་པ་དང་། འཕགས་པའི་དངོས་སློབ་རྣམས་ཀྱིས་དྲང་རིགས་པ་ལ་གང་དུའང་མ་དྲངས་པས་རིན་ཆེན་ཕྲེང་བ་བསྣན་ཏེ་རིགས་ཚོགས་དྲུག་ཡིན་གསུངས། ཞེས་གསུངས་པ་ལྟར། རྗེ་བདག་ཉིད་ཆེན་པོས་ཐ་སྙད་གྲུབ་པ་རིགས་ཚོགས་ཀྱི་གྲས་མིན་པར་གསུངས་ལ། དེ་བཞིན་༸རྒྱལ་དབང་དགེ་འདུན་གྲུབ་པས་ (1391-1474) མཛད་པའི་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་ལན་ལས[72]། ཐ་སྙད་གྲུབ་པ་ནི་དབུ་མ་རིགས་པའི་ཚོགས་སུ་བགྲང་མི་རིགས་ཏེ། དེས་སྟོང་ཉིད་རིགས་པས་རྒྱས་པར་གཏན་ལ་འབེབས་པ་མིན་གྱི། རང་བཞིན་གྱིས་མེད་ན་བོང་བུའི་རྭ་བཞིན་དུ། ཐ་སྙད་ཀྱི་རྣམ་གཞག་མི་འཐད་པར་རྒོལ་བ་ལ། རང་བཞིན་གྱིས་མེད་པ་ལ་རྟེན་འབྲེལ་དུ་རུང་བས། ཐ་སྙད་ཀྱི་རྣམ་གཞག་ཤིན་ཏུ་འཐད་པར་གྲུབ་པ་ཡིན་ནོ་ཞེས་སྟོན་པའི་ཕྱིར་རོ། །ཐ་སྙད་གྲུབ་པ་ཞེས་པའི་མིང་ཉིད་ཀྱིས་ཀྱང་སྟོང་ཉིད་རྒྱས་པར་མི་སྟོན་པར་གོ་འོ། །ཞེས་གསུངས་པ་ལྟར་རོ།།

 

2} རིན་ཆེན་ཕྲེང་བ་རིགས་ཚོགས་སུ་བཞེད་པ་དགག་པ།

གཉིས་པ། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་ (C.600-650) མཛད་པའི་དབུ་མ་ཚིག་གསལ་ལས[73]། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །ཞེས་གསུངས་པ་ལྟར་ཀུན་མཁྱེན་གོ་རམས་པ་བསོད་ནམས་སེངྒེས་ (1429-1489) མཛད་པའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་ཟབ་མོ་དབུ་མའི་དེ་ཁོ་ན་ཉིད་སྤྱིའི་ངག་གིས་སྟོན་པ་ངེས་དོན་རབ་གསལ་ལས་[74]ཀྱང་། ཕྱི་མ་ཁ་ཅིག །རིན་ཆེན་ཕྲེང་བ་དང་དྲུག་ཏུ་བྱེད་པ་ནི་མི་འཐད་དེ། དེ་ནི་གཏམ་ཚོགས་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རིན་ཆེན་ཕྲེང་བ་ནི་ཚོགས་གསུམ་ལས་གཏམ་ཚོགས་ཡིན་པས་རིགས་ཚོགས་ཀྱི་ཡ་གྱལ་ཡིན་པར་དགག་པར་མཛད།

དེ་བཞིན་རྗེའི་ལེགས་བཤད་གསེར་ཕྲེང་ལས་དགག་ཚུལ་ནི། འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང་། གཞན་དག་སྟོང་ཉིད་བདུན་ཅུ་པ་ལུས་སུ་བྱས་ནས་རྩ་ཤེས་འཕྲོས་སུ་བྱེད་པ་ནི་འཁྲུལ་པར་ཁོང་དུ་ཆུད་པར་བྱའོ། །ཞེས་རིན་ཆེན་ཕྲེང་བ་རིགས་ཚོགས་ཀྱི་ཡ་གྱལ་ཡིན་པ་དགག་པར་མཛད་ལ། གཞན་ཡང་བུ་སྟོན་ཆོས་འབྱུང་ལས[75]། གཏམ་དུ་བྱ་བ་སྣ་ཚོགས་ཀྱི་སྐོར་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱལ་པོ་ལ་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ་བམ་པོ་གཉིས་ཀླུའི་རྒྱལ་མཚན་དང་པ་ཚབ་ཀྱི་འགྱུར། ཞེས་དང་། ཡང་དེ་ཉིད་ལས[76]། ལུགས་ཀྱི་བསྟན་བཅོས་དམངས་ལ་གདམས་པ་སྐྱེ་བོ་གསོ་ཐིགས། བློན་པོ་ལ་གདམས་པ་ཤེས་རབ་བརྒྱ་པ། རྒྱལ་པོ་ལ་ཐེག་ཆེན་གྱི་ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་དབུ་མ་རིན་ཆེན་ཕྲེང་བ། ཞེས་གསུངས་པ་ལྟར། རིན་ཆེན་ཕྲེང་བ་ནི་ཚོགས་གསུམ་ལས་གཏམ་ཚོགས་ཀྱི་ཡ་གྱལ་ཡིན་པར་གསུངས་ལ། དེ་བཞིན་བསྟན་འགྱུར་ལས[77]། སྐྱེས་རབས་གེ་པའི་གཏམ་དུ་བྱ་བའི་སྐོར་ལ། རྒྱ་གར་སྐད་དུ། རཱ་ཛ་པ་རི་ཀཐཱ་རཏྣ་མཱ་ལཱི། བོད་སྐད་དུ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་འབྱུང་བ་ལྟར། སཾ་བོད་གཉིས་ཀའི་མཚན་བྱང་དུ་རྒྱལ་པོ་ལ་གཏམ་བྱ་བ། ཞེས་འབྱུང་བ་ལྟར། ཚོགས་གསུམ་ལས་གཏམ་ཚོགས་ཡིན་པ་ལས་རིགས་ཚོགས་མིན་ནོ།།

དེ་ལྟར་རིན་ཆེན་ཕྲེང་བ་ནི་བཤེས་སྤྲིང་དང་མཚུངས་པར་མགོན་པོ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་བཟང་པོར་བསྐུར་བའི་སྤྲིང་ཡིག་དང་། ཚོགས་གསུམ་ལས་གཏམ་ཚོགས་བཅས་ཡིན་ལ། དེ་ཡང་བཤེས་སྤྲིང་ཐོག་མར་ཡིག་ཐོག་ནས་བསྐུར་བས་ཅུང་ཟད་བསྡུས་ལ་སྤྱོད་པ་གཙོ་བོར་བསྟན་པ་དང་། རིན་ཆེན་ཕྲེང་བ་ནི་དེ་རྗེས་རྒྱལ་པོ་བདེ་སྤྱོད་བཟང་པོར་དངོས་སུ་གཏམ་མཛད་པ་ཞིག་ཡིན་པས་རྒྱས་ཤིང་ལྟ་བ་གཙོ་བོར་བསྟན་ཡོད་པས་རིན་ཆེན་ཕྲེང་བ་རིགས་ཚོགས་ཡིན་ཚེ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་དགོས་ལ། དེ་ཡིན་ན་རྩ་བ་ཤེས་རབ་དང་། རིགས་པ་དྲུག་ཅུ་པ་གང་རུང་ལས་གྱེས་པ་ཞིག་ཡིན་དགོས་ཀྱང་། གོང་གསལ་གཞུང་གཉིས་དང་། རིན་ཆེན་ཕྲེང་བ་གསུམ་ནི་བསྟན་བཅོས་ལུས་ཡོངས་སུ་རྫོགས་པ་ཡིན་པར་མཁས་གྲུབ་རྗེའི་ (1385-1438) རྒྱུད་སྡེ་སྤྱི་རྣམ་[78]སོགས་ལས་གསུངས་སོ།།

ཡང་དེང་གི་མཁས་པ་འགས་ཀྱང་། རིགས་ཚོགས་དྲུག་གི་ནང་ནས་སྐྱེས་བུ་གསུམ་དང་ཟབ་རྒྱས་ཀྱི་ལམ་གྱི་རིམ་པ་ཆ་ཚང་ཞིང་ལས་དང་པོ་བའི་ཉམས་སུ་བླང་བདེ་བར་མཐར་ཆགས་སུ་སྟོན་པའི་བསྟན་བཅོས་ནི། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་འདི་ཉིད་ཡིན་པས། བོད་གངས་ཅན་ལྗོངས་ཀྱི་མཁས་པ་རྣམས་ཀྱིས་བསྟན་བཅོས་འདི་རིགས་ཚོགས་དང་གཏམ་ཚོགས་གཉིས་ཀར་བགྲངས་པར་མཛད་ལ། ཐེག་ཆེན་གྱི་གང་ཟག་ལས་དང་པོ་བ་ལ་མེད་དུ་མི་རུང་བའི་གདམས་ངག་ཁྱད་པར་ཅན་ཞིག་ཏུ་བཞུགས་པས་ན། གངས་ལྗོངས་སུ་རྒྱལ་བསྟན་ཐོག་མར་དར་སྐབས་སྒྲ་བསྒྱུར་གྱི་མེས་པོ་ཀ་ཅོག་རྣམ་གཉིས་ཀྱི་སྐུ་དུས་ནས་གཙིགས་ཆེར་མཛད་དེ་བསྒྱུར་བའི་སྔ་འགྱུར་རྙིང་ཤོས་ཀྱི་གྲས་སུ་བཞུགས་པར་མ་ཟད། ཕྱིས་སུ་པ་ཚབ་ལོ་ཙཱ་བས་ཀྱང་ཉི་འོག་གི་དཔེ་གཞན་དང་བསྟུན་ཏེ་སྒྱུར་བཅོས་གཏན་འབེབས་མཛད་པ་དང་། གངས་ལྗོངས་ཀྱི་མཁས་གྲུབ་ཡོངས་ཀྱིས་ཟབ་རྒྱས་ཀྱི་གཞུང་ཀུན་ཏུ་ཡང་ཡང་ལུང་ཁུངས་སུ་དྲངས་པར་མཛད་པར་གསུང་རབ་ཀུན་གྱི་ཕྱི་མོ་ལྟ་བུར་བཞུགས་པ་ལྟར། རིགས་ཚོགས་ལྔའི་ཐོག་རིན་ཆེན་ཕྲེང་བ་བསྣན་ནས་དབུ་མ་རིགས་ཚོགས་དྲུག་ཅེས་ཡོངས་སུ་གྲགས་པར་བརྟེན་རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ཞེས་པའི་མཚན་ལའང་འགྱུར་བ་བྱུང་སྟེ། ཡོངས་གྲགས་སུ་དབུ་མ་རིན་ཆེན་ཕྲེང་བ་ཞེས་འབོད་པ་འདི་ཉིད་བྱུང་བ་ཞིག་མིན་ནམ་སྙམ།

ཡང་ན་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ས་སྐྱའི་མཁན་པོ་བློ་གྲོས་རྒྱ་མཚོ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སོགས་ཀྱིས་རིན་ཆེན་ཕྲེང་བ་ཚོགས་གསུམ་ལས་གཏམ་ཚོགས་ཡིན་པས། རིགས་ཚོགས་ལྔར་གསུངས་ཤིང་། སྤྱིར་རི་བོ་དགེ་ལྡན་པའི་སྐྱེས་ཆེན་དམ་པ་ཕལ་མོ་ཆེ་གཙོ་གྱུར་གྱིས་རིགས་ཚོགས་དྲུག་ཏུ་བཞེད་པའང་འགལ་བའི་གནས་སུ་དོགས་མི་རིགས་ཏེ། རིགས་ཚོགས་དང་གཏམ་ཚོགས་གཉིས་སུ་ཕྱེ་བའི་རིགས་ཚོགས་ལ་རིན་ཆེན་ཕྲེང་བ་མ་དྲངས་པ་ལས། སྤྱིར་རིགས་ཚོགས་དྲུག་ཏུ་འདོད་པ་ལ་རིན་ཆེན་ཕྲེང་བ་བསྣན་ནས་དྲུག་ཏུ་བཞེད་པ་ལ་མཁས་པ་རྣམས་ཞལ་མི་མཐུན་པ་མིན་པར་སེམས་སོ།།

 

3} ག་ལས་འཇིགས་མེད་རིགས་ཚོགས་སུ་བཞེད་པ་དགག་པ།

གསུམ་པ། ག་ལས་འཇིགས་མེད་རིགས་ཚོགས་སུ་དགག་པ་ནི། ག་ལས་འཇིགས་མེད་ཀྱི་རབ་བྱེད་རྣམས་སུ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བ། ཞེས་བྱུང་བས་དེ་ནི་རྩ་ཤེས་ཀྱི་འགྲེལ་པ་ཡིན་པར་གྲུབ་པས་རིགས་ཚོགས་ཡིན་པ་མི་འཐད་ཅེས་དགག་པར་མཛད། དེ་ལ་ཡིག་ཆ་དེ་གཙིགས་སུ་འཛིན་པ་ཁ་ཅིག་གིས་ག་ལས་འཇིགས་མེད་རྩ་ཤེས་ཀྱི་འགྲེལ་པ་ཡིན་པ་བདེན་མོད། འོན་ཀྱང་དེ་ནི་སློབ་དཔོན་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་རྩ་ཤེས་ཀྱི་རང་འགྲེལ་ཡིན་པས་རིགས་ཚོགས་ཀྱི་གྲངས་སུ་གཞག་འོས་ཞེས་ནན་གྱིས་གྲུབ་པ་ལ། གོ་རམས་པས་ག་ལས་འཇིགས་མེད་དུ་སློབ་དཔོན་ཀླུའི་སློབ་མ་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་ལུང་དྲངས་འདུག་པས་སློབ་དཔོན་གྱིས་སློབ་མའི་བསྟན་བཅོས་ལས་ལུང་འདྲེན་གནང་མི་སྲིད་པ་དང་། རྩ་ཤེས་ལ་རང་འགྲེལ་ཡོད་ན་ཟླ་གྲགས་ཀྱིས་རྩ་ཤེས་ཀྱི་འགྲེལ་པ་མ་བརྩམས་དགོས་རྒྱུ་ཡིན་རུང་ཁོང་གིས་དེ་ལས་ལྡོག་སྟེ་རྩ་ཤེས་ཀྱི་འགྲེལ་པ་ཚིག་གསལ་བརྩམས་ཡོད་པ་དང་། སློབ་དཔོན་ལེགས་ལྡན་འབྱེད་དང་ཟླ་གྲགས་རྣམས་ཀྱིས་མཛད་པའི་གཞུང་གང་དུ་ཡང་ག་ལས་འཇིགས་མེད་ཀྱི་ལུང་དྲངས་མེད་པའི་རྒྱུ་མཚན་རྣམ་པ་གསུམ་ལ་བརྟེན་ནས་ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱིས་མཛད་པ་མིན་པར་བསྒྲུབས་པར་མཛད་ཅིང་། གལ་ཏེ་དེ་ཉིད་རྩ་ཤེས་ཀྱི་རང་འགྲེལ་ཡིན་དུ་ཆུག་ཀྱང་རང་འགྲེལ་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དེ་ཉིད་རིགས་ཚོགས་ཀྱི་གྲངས་སུ་གཞག་འོས་ན། རྩོད་པ་བཟློག་པ་སོགས་ལ་ཡང་རང་འགྲེལ་ཡོད་པས་དེ་རྣམས་ཀྱང་རིགས་ཚོགས་ཀྱི་གྲལ་དུ་གཞག་དགོས་པར་འགྱུར་ལ། དེ་ལྟར་ན་རིགས་ཚོགས་ལ་དྲུག་ཏུ་གྲངས་ངེས་པར་འདོད་པའི་དམ་བཅའ་རང་ཞིག་ཏུ་འགྲོ་འོ་ཞེས་དགག་པར་མཛད་དོ།།

དེ་ཡང་གངས་ཅན་མཁས་པའི་གཙུག་རྒྱན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ (1357-1419) གྱིས་མཛད་པའི་ལེགས་བཤད་སྙིང་པོ་ལས[79]། རབ་བྱེད་ཉེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཙུན་པ་འཕགས་པ་ལྷས་ཀྱང་།

ཉན་པ་པོ་དང་མཉན་བྱ་ལ། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །

དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །

ཞེས་བཤད་དོ། །ཞེས་བཞི་བརྒྱ་པའི་ལུང་ཤེས་བྱེད་དུ་དྲངས་པས་རང་འགྲེལ་གྱི་དོན་མེད་དོ། །སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད་དང་། ཟླ་བ་གྲགས་པའི་འགྲེལ་པར་ཡང་འགྲེལ་པ་དེའི་ཟུར་ཙམ་ཡང་མ་བྱུང་བས་ཀྱང་ཤེས་སོ། །ཞེས་སོགས་གསུངས་ཏེ་ག་ལས་འཇིགས་མེད་རང་འགྲེལ་མིན་པར་གསུངས་ལ། དེ་བཞིན་༸རྒྱལ་དབང་དགེ་འདུན་གྲུབ་པས་ (1391-1474) མཛད་པའི་ཏའི་སི་ཏུ་ཆེན་པོ་རྣམ་རྒྱལ་གྲགས་པའི་དྲི་ལན་ལས་[80]ཀྱང་། གཞན་ཡང་ག་ལས་འཇིགས་མེད་རང་འགྲེལ་ཡིན་པ་དང་། ཐ་སྙད་གྲུབ་པ་དབུ་མ་རིགས་པའི་ཚོགས་ལ་བགྲང་བ་དཔལ་ལྡན་ཟླ་བ་གྲགས་པའི་བཞེད་པ་མ་ཡིན་ཏེ། ཚིག་གསལ་གྱི་མཇུག་ཏུ། མདོ་སྡེ་ཀུན་ལས་བཏུས་དང་གཏམ་བྱ་རིན་ཆེན་ཕྲེང་དང་ཡང་དག་བསྟོད་པ་དང་། །འབད་པས་ཤིན་ཏུ་ཡུན་རིང་འཕགས་པའི་བསྟན་བཅོས་ཚིག་ལེར་བྱས་དེ་དང་། རིགས་པ་དྲུག་ཅུ་ཞེས་བྱ་རྣམ་པར་འཐག་བཅས་སྟོང་ཉིད་བདུན་ཅུ་པ་དེ་དང་། །གང་ཡང་རྩོད་པ་རྣམ་པར་ཟློག་པ་བཀོད་པ་དེ་དག་ཀྱང་ནི་མཐོང་གྱུར་ཅིང་། །བརྒྱ་པ་ལ་སོགས་དེ་དག་ཀྱང་ནི་དེ་བཞིན་མདོ་སྡེ་ཟབ་མོ་རྣམ་མང་དང་། །སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །གཅིག་ནས་གཅིག་ཏུ་བརྒྱུད་ནས་འོངས་དང་བདག་གིས་རྣམ་པར་ཕྱེ་ལས་རྙེད་གང་ཡང་། །དེ་དག་བསྡོམས་ཏེ་བློ་ཆེན་ལྡན་རྣམས་མགུ་བར་བྱ་ཕྱིར་ཡང་དག་བསྟན་པ་ཡིན། །ཞེས་ཟབ་མོའི་མདོ་དང་། སློབ་དཔོན་གྱིས་མཛད་པའི་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་དང་། དེའི་དགོངས་པ་འགྲེལ་པའི་བསྟན་བཅོས་འདི་དང་། འདི་མཐོང་བ་ལ་བརྟེན་ནས་ཚིག་གསལ་བརྩམས། ཞེས་གསུངས་ཀྱི། ག་ལས་འཇིགས་མེད་དང་ཐ་སྙད་གྲུབ་པ་མཐོང་ནས་ཞེས་མ་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། རིགས་ཚོགས་དྲུག་ལ་དབུ་མ་རིན་ཆེན་ཕྲེང་བ་བགྲང་ལ། ཐ་སྙད་གྲུབ་པ་དང་། ག་ལས་འཇིགས་མེད་མི་བགྲང་བའི་རྒྱུ་མཚན་རྒྱས་པར་གསུངས་སོ།།

གཞན་ཡང་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས་ (1648-1721) མཛད་པའི་ཕར་ཕྱིན་མཐའ་དཔྱོད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཀུན་གསལ་བའི་རིན་ཆེན་སྒྲོན་མེ་ལས[81]། ཁ་ཅིག་ག་ལས་འཇིགས་མེད་རིགས་ཚོགས་གཅིག་ཏུ་བྱེད་པ་མི་འཐད་པར་ཐལ། དེ་རྩ་ཤེའི་རང་འགྲེལ་མ་ཡིན་པའི་ཕྱིར་ཏེ། བཙུན་པ་འཕགས་པ་ལྷས་ཀྱང་ཞེས་ཤེས་བྱེད་དྲངས་པའི་ཕྱིར་རོ། །ཞེས་ག་ལས་འཇིགས་མེད་རིགས་ཚོགས་སུ་བཞེད་པ་མི་འགྲིགས་ཚུལ་སྒྲུབ་བྱེད་དང་བཅས་གསལ་བར་བཀག་ཡོད་པར་མ་ཟད། ག་ལས་འཇིགས་མེད་རིགས་ཚོགས་དྲུག་གི་ཡ་གྱལ་ལྟ་ཅི། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསུང་ཡིན་མིན་ཡང་དཔྱད་པར་བྱ་བའི་ཡུལ་ཡིན་པས། ག་ལས་འཇིགས་མེད་དབུ་མ་རྩ་བའི་རང་འགྲེལ་ཡིན་མིན་ཞིབ་ཕྲའི་དཔྱད་པ་ཟུར་དུ་བྱས་ཡོད་པ་དེར་གཟིགས་པར་འཚལ།།

 

4} དེ་ལ་དོགས་པ་དཔྱད་པ།

དེ་ལྟར་ཀུན་མཁྱེན་གོ་བོ་རབ་འབྱམས་པས་དབུ་མ་རིགས་ཚོགས་དྲུག་ཏུ་བཞེད་ཚུལ་ལ་དགག་པ་གནང་བ་རྣམས་ཕལ་ཆེ་བ་འཐད་ཕྱོགས་སུ་གཟུང་བར་འོས་ཀྱང་། འགའ་ཞིག་ནི་ད་དུང་དཔྱད་དགོས་པའི་གཞི་རུ་སྣང་སྟེ། ཐོག་མར་རྨ་བྱ་བྱང་བརྩོན་གྱིས་ཐ་སྙད་གྲུབ་པ་རིགས་ཚོགས་ཀྱི་གྲངས་སུ་བཞེད་པ་ལ། གོ་རམས་པས་རིགས་པ་དྲུག་ཅུ་པའི་འགྲེལ་པར་ཐ་སྙད་གྲུབ་པ་རྩ་ཤེས་ལས་གྱེས་ཚུལ་གསུངས་མི་འདུག་ཅེས་དགག་པ་མཛད་ཀྱང་། དེར་ཞིབ་མོ་རྣམ་འཐག་གྱེས་ཚུལ་ཡང་གསུངས་པ་མ་མཆིས་པས་ཞིབ་མོ་རྣམ་འཐག་ཀྱང་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་སུ་འདོད་མི་རིགས་པར་འགྱུར་ཡང་དེ་གྱེས་པ་ཡན་ལག་ལྟ་བུའི་བསྟན་བཅོས་ཡིན་པར་གོ་བོ་རབ་འབྱམས་པ་རང་ཉིད་ཀྱིས་ཀྱང་བཞེད་པའི་ཕྱིར་རོ།།

དེ་བཞིན་ཐ་སྙད་གྲུབ་པ་བོད་དུ་བསྒྱུར་མ་མྱོང་བའི་བསྟན་བཅོས་ཡིན་པར་མ་ཟད་རྒྱ་གར་དུ་ཡང་བྱུང་མ་མྱོང་ཞེས་དགག་པ་མཛད་པ་ལ་ཡང་དཔྱད་དགོས་པ་འདི་ཡོད་དེ། རྨ་བྱ་བྱང་བརྩོན་ནི་དབུ་མ་འཇུག་པ་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་སྒྱུར་མཁན་གྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་པའི་སློབ་མ་དབུས་སུ་དགེ་བཤེས་པོ་ཏོ་བ་དང་། ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས། གཙང་དུ་གཙང་པ་ཡེ་ཤེས་སེང་གེ་དང་། རྨ་བྱ་བྱང་བརྩོན་གཉིས། ཞེས་ཡོངས་སུ་གྲགས་པའི་བུ་ཆེན་བཞིའི་ནང་ཚན་ཡིན་པས། དེ་ལྟ་བུའི་བསམ་གྱིས་མི་ཁྱབ་པའི་ལོ་ཙཱ་བའི་སློབ་མ་བུ་ཆེན་ཞིག་གིས་ཡོད་མེད་མ་ངེས་པ་ཞིག་རིགས་ཚོགས་ཀྱི་གྲངས་སུ་བརྩིས་ཏེ་དེའི་བརྗོད་བྱ་དང་བཅས་པ་གསུངས་མི་སྲིད་པ་གང་ཞིག་ལ། དེ་ལྟར་གསུངས་པ་ལ་བརྟགས་ཚེ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཐ་སྙད་གྲུབ་ཅེས་པ་ཞིག་ནི་ཏན་ཏན་ཡོད་ངེས་སྙམ་མོ།།

འོན་ཀྱང་ད་དུང་དོགས་པ་ཞིག་འབྱུང་བ་ནི། རྨ་བྱ་བྱང་ཆུབ་བརྩོན་འགྲུས་མཆོག་གིས་ཐ་སྙད་སྒྲུབ་པ་ནི་རྩ་ཤེས་སོགས་རིགས་ཚོགས་གཞན་གྱིས་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་བསྟན་ཚེ། དངོས་སྨྲ་བ་རྣམས་ཀྱིས་དེ་ལྟར་ན་ཆོས་ཐམས་ཅད་གཞི་མ་གྲུབ་པ་རི་བོང་གི་རྭ་ལྟར་འགྱུར་རོ་ཞེས་རྒོལ་བ་ལ། དོན་དམ་པར་རང་བཞིན་གྱིས་མ་གྲུབ་ཀྱང་ཐ་སྙད་སྣང་ཙམ་གྱི་ངོར་སྒྱུ་མ་ལྟ་བུ་གཟུགས་བརྙན་ལྟ་བུར་ཡོད་དོ་ཞེས་སྒྲུབ་པའི་ཆེད་དུ་གསུངས་པ་ཡིན་པར་གསུངས་ཀྱང་། རྩ་བ་ལུས་ལྟ་བུའི་བསྟན་བཅོས་རྩ་ཤེས་དང་རིགས་པ་དྲུག་ཅུ་པའི་བསྟན་བྱའི་ཁྱད་པར་གསུང་སྐབས་སུ། རྩ་ཤེས་ནི་རྣམ་དཔྱོད་དགག་པ་དང་། རིགས་པ་དྲུག་ཅུ་པ་ཡོངས་གཅོད་སྒྲུབ་པ་གཙོ་བོར་བསྟན་པའི་ཁྱད་པར་གསུངས་པ་དང་འགལ་དུ་དོགས་སོ།།

ད་དུང་གོ་རམས་པས་ཐ་སྙད་གྲུབ་ཅེས་པ་རྒྱ་གར་དུ་མེད་པའི་སྒྲུབ་བྱེད་དུ་ཚིག་གསལ་གྱི་ལུང་ལས་མ་བྱུང་བའི་རྒྱུ་མཚན་བཀོད་པ་ལ། ལུང་དེར་མ་བྱུང་བ་ཙམ་གྱིས་སློབ་དཔོན་ཀླུས་མ་མཛད་པར་སྒྲུབ་ནུས་ན་དེར་བཤེས་པའི་སྤྲིང་ཡིག་གི་མིང་ཡང་མ་བྱུང་ལ། དེ་བཞིན་དབུ་མའི་བསྟན་བཅོས་ཐེག་པ་ཆེན་པོ་ཉི་ཤུ་པ་དང་། ཡི་གེ་བརྒྱ་པ་རྩ་འགྲེལ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་རྩ་འགྲེལ་སོགས་དབུ་མའི་གཞུང་ལུགས་རྣམས་ཀྱང་སློབ་དཔོན་ཀླུས་མཛད་པའི་བསྟན་བཅོས་སུ་མི་འཐད་པར་འགྱུར་བའི་ཉེས་པ་འབྱུང་བར་དོགས་སོ།།

 

5} མཇུག་བསྡུ་བ།

དེས་ན་སྤྱིར་ཚོགས་ཞེས་པ་རིགས་འདྲ་མིན་མང་པོ་མཉམ་དུ་འདུས་པའི་དོན་ཏེ། གནམ་ལ་སྐར་ཚོགས་དང་། ས་ལ་རི་ཚོགས་ཞེས་པ་དང་། ཁྱུ་ཞེས་པ་མི་དང་སྲོག་ཆགས་མང་པོ་མཉམ་དུ་འདུས་པའི་མིང་སྟེ། མདོར་ན་ཚོགས་དང་ཁྱུ་ཞེས་པ་དོན་གཅིག་ཡིན་དུ་ཆུག་ཀྱང་། ར་ལུག་བཅུ་ཙམ་ཁྱུ་བྱས་ནས་འོངས་ཏེ་སོགས་བརྗོད་སྲོལ་ཡོད་པས་ཁྱུ་ཡིན་ན་གྲངས་མེད་ཡིན་དགོས་པའི་ངེས་པ་མེད་པས། རིགས་པའི་ཚོགས་ལ་གྲངས་ངེས་མཛད་པ་ལ་མི་འོས་པའི་སྐྱོན་གང་ཡང་མ་མཐོང་ཞིང་། རིགས་ཚོགས་ལྔ་དང་དྲུག་ལས་ཀྱང་དྲུག་ཏུ་འདོད་པ་དང་། དེ་ཡང་ཐ་སྙད་གྲུབ་འདོད་པ་འཐད་ཕྱོགས་སུ་མཐོང་སྟེ། རྒྱ་གར་གྱི་པཎྜི་ཏ་དང་མཉམ་དུ་བགྲོ་གླེང་གནང་མྱོང་ཞིང་། རྒྱ་གཞུང་ལ་ལེགས་པར་ཐོས་བསམ་བྱས་མྱོང་བའི་ལོ་ཙཱ་བའི་སློབ་མ་ཞིག་གི་ཞེ་འདོད་ཡིན་པ་གང་ཞིག་ལ་དེ་ལ་མི་འཐད་པའི་དགག་པ་གནད་དུ་བསྣུན་པ་ཞིག་རྒྱག་མཁན་སུ་ཡང་བྱུང་མི་འདུག་པའི་ཕྱིར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༧བ༣ ནས་ ༨ན༥ བར།

[2]  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠༥

[3]  རྒྱལ་བློན་འབངས་གསུམ་དང་། བླ་གྲྭ་སོགས་ཡུལ་མཆོག་དམན་བར་གསུམ་ལ་རང་རང་གི་ངོ་སྐལ་དང་འཚམ་པའི་སྤང་བླང་གི་བསླབ་བྱ་རྣམས་ཚིག་བཅད་ལྷུག་སྤེལ་གསུམ་གྱི་སྒོ་ནས་གཏམ་དུ་བྱས་པའི་གསུང་གི་སྐོར་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་ཟེར།

[4]  བསྟོད་ཚོགས་ཞེས་པ་ཡུལ་གོང་མའམ་ཡོན་ཏན་ཅན་ལ་རྒྱུ་མཚན་ཤེས་པའི་སྒོ་ནས་ཡུལ་དེ་དག་གི་ཡོན་ཏན་དང་ཆེ་བ་གང་རུང་བརྗོད་བྱར་བྱས་ནས་བསྟོད་པ་འབུལ་བའི་ཚིག་ཚོགས་ལ་ཟེར།

[5]  ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། ༼ཁཀ༽ དཔེ་རིང་། ༡༩༧༣ ལོ། ཤོག་གྲངས་ ༣༤ན༢

[6]  ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༤༨

[7]  གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༠༤ ལོ། ཤོག ༢༣༡) དབུ་མ་རིན་ཆེན་སྒྲོན་མ་ནི་ལེགས་ལྡན་ཆུང་བས་མཛད་པ་ཡིན་གྱི་སློབ་དཔོན་འདིས་མཛད་པ་མིན་ནོ། །ཞེས་གསུངས།

[8]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ༡༩༩༤ ལོ། ཤོག་གྲངས་ ༡༥༠༠

[9]  བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ༡༩༩༤ ལོ། ཤོག་གྲངས་ ༨༠༡

[10]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཨ༽ དེབ་ཨང་ ༦༣ པ། ༡༩༩༤ ལོ། ཤོག་གྲངས་ ༡༨༣༠

[11]  ཀློང་རྡོལ་བླ་མ་རིན་པོ་ཆེའི་གསུང་འབུམ། པོད་དང་པོ། དཔེ་རིང་ཤོག་གྲངས་ ༤༣༢

[12]  ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། པོད། ༼༩༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༢༩༦

[13]  དཔལ་ལྡན་ས་སྐྱ་པའི་གསུང་རབ། པོད་བཅུ་གསུམ་པ། དབུ་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༢༡

[14]  གོ་རམས་པའི་གསུང་འབུམ། ༼ཅ༽ གླེགས་བམ་ལྔ་པ། ངེས་དོན་རབ་གསལ། དཔེ་རིང་། ཤོག་གྲངས་ ༧ན༢

[15]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༤༨༡

[16]  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠༥

[17]  མཁན་པོ་བློ་གྲོས་རྒྱ་མཚོའི་ཆོས་དབྱིངས་བསྟོད་འགྲེལ། དཔེ་རིང་། ཤོག་གྲངས་ ༥ན༤

[18]  གཞུང་ལུགས་ཁག་ཏུ་རིགས་ཚོགས་དང་། རིགས་པ་དྲུག་པ་ཞེས་པར་ཡང་འཇུག་ཡོད་མེད་གཉིས་ཀ་གསལ་ལ། ལེགས་སྦྱར་གྱི་སྐད་དོད་ལྟར་ན་རིག་པ་ལ་བིདྱཱ་དང་། རིགས་པ་ལ་ཡུཀྟི་ཞེས་འབྱུང་ལ། དེ་བཞིན་བོད་སྐད་ཀྱི་དབང་དུ་བྱས་ཀྱང་རིགས་དང་རིག་ཅེས་ཡང་འཇུག་ཡོད་མེད་གཉིས་ཀྱི་དོན་ལ་ཁྱད་པར་ཤིན་ཏུ་ཆེ་ཞིང་། བོད་ཀྱི་སྐད་ཡིག་དཔྱིས་ཕྱིན་པ་ཤེས་པ་ལ་ལེགས་སྦྱར་ཤེས་པ་གལ་གནད་ཆེ་ཚུལ་སྔོན་བྱོན་མཁས་པ་དུ་མས་གསུངས་པ་བདེན་པར་སྣང་ལ། འདིར་གཅིག་གྱུར་གྱིས་རིགས་ཞེས་བཅོས་པའོ།།

[19]  དཔལ་ལྡན་ས་སྐྱ་པའི་གསུང་རབ། པོད་བཅུ་གསུམ་པ། དབུ་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༢༢

[20]  རྩོད་བཟློག་དང་རྩོད་བཟློག་ཅེས་བས་འཕུལ་ཡོད་མེད་རིགས་གཉིས་བྱུང་ཡང་། གཞུང་ལུགས་ཁག་ཏུ་ཇི་ལྟར་གསལ་བ་ལྟར་སོར་བཞག་བྱས་ཡོད།

[21]  རྫོགས་ཆེན་མཁན་ཆེན་གཞན་དགའི་གསུང་འབུམ། ༼༦༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༡

[22]  གསོ་རིག་སྨན་གྱི་ཁོག་འབུགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༡༨༣

[23]  རྗེ་ཙོང་ཁ་པའི་གསུང་འབུམ། ༼ཙ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣

[24]  རྗེ་ཙོང་ཁ་པའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༤

[25]  ལེགས་བཤད་གསེར་ཕྲེང་། སྟོད་ཆ། སེར་བྱེས་དཔེ་མཛོད། ༢༠༠༠ ལོ། དཔེ་རིང་། ཤོག་གྲངས་ ༡༢བ

[26]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ། ༼ཕ༽ ཐེ་ཝན་པར་མ། ༢༠༡༠ ལོ། ཤོག་གྲངས་ ༣༨༡

[27]  ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་འབུམ། ༼ཀ༽ སྟོད་ཆ། དཔེ་རིང་། ཤོག་གྲངས་ ༢༨བ༤

[28]  སྡེ་དགེ་བསྟན་འགྱུར་དཀར་ཆག་ལྟར་ན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་བཅུ་དགུ་བཞུགས་སོ།།

[29]  ཞུ་ཆེན་ཚུལ་ཁྲིམས་ཪིན་ཆེན་གྱི་གསུང་འབུམ། པོད། ༼ཀ༽ དཔེ་རིང་། ཤོག་གྲངས་ ༢༦ན༡

[30]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༩༥

[31]  ས་སྐྱའི་དྲིས་ལན། ཐེ་ཝན་པར་མ། དཔེ་རིང་། ཤོག་གྲངས་ ༡༨

[32]  གོ་རམས་པའི་གསུང་འབུམ། ༼ཅ༽ ངེས་དོན་རབ་གསལ། དཔེ་རིང་། ཤོག་གྲངས་ ༧ན༢

[33]  དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ བསྟོད་ཚོགས། དཔེ་རིང་ཤོག་ ༣༡བ༦ ནས་ ༣༣ན༢ བར།

[34]  རྨ་བྱ་བྱང་ཆུབ་བརྩོན་འགྲུས་མཆོག་གི་འཁྲུངས་ལོ་མི་གསལ་ཞིང་། ཕྱི་ལོ་ (-1185) ལོར་གཤེགས། ཁོང་ནི་པ་ཚབ་ཀྱི་སྲས་ཀྱི་ཐུ་བོ་ཞིག །ཁུ་ལོ་ཙཱ་བ་མདོ་སྡེ་འབར་དང་། ཁ་ཆེ་ཛ་ཡ་ཨ་ནནྡ་གཉིས་ཀའི་སློབ་མ་སྟེ། ཛ་ཡ་ཨ་ནནྡས་མཛད་པའི་རྟོག་གེའི་ཐོ་བའི་ཊཱིཀྐ་མཛད། རྩ་བ་ཤེས་རབ་ཀྱི་ཊཱིཀྐ་དང་། ཚིག་གསལ་གྱི་སྟོང་ཐུན་གྱི་ཊཱིཀྐ་དང་། འཇུག་འགྲེལ་གྱི་བསྡུས་དོན་གྱི་མཆན་དང་། དབུ་མའི་བསྡུས་པ་རྣམས་མཛད་དོ། །རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱིས་པ་ཚབ་ལས་དབུ་མ་དང་། འདུས་པ་གཉིས་ཀ་གསན་པར་དེབ་སྔོན་དུ་བཤད་དོ།།

[35]  རྨ་བྱ་བྱང་བརྩོན། དབུ་མ་རྩ་བའི་འགྲེལ་པ་འཐད་པའི་རྒྱན། དཔེ་རིང་། ཤོག་གྲངས་ ༧ན༤

[36]  གོ་རམས་པའི་གསུང་འབུམ། ༼ཅ༽ ངེས་དོན་རབ་གསལ། དཔེ་རིང་། ཤོག་གྲངས་ ༧ན༡

[37]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༩༣༦

[38]  གོ་རམས་པའི་གསུང་འབུམ། ༼ཅ༽ ངེས་དོན་རབ་གསལ། དཔེ་རིང་། ཤོག་གྲངས་ ༩ན༦

[39]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༨

[40]  བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། པོད། ༼ཉི༽ དབུ་མེད་བྲིས་མ། ཤོག་གྲངས་ ༡༠བ༥

[41]  རོང་སྟོན་གསུང་འབུམ། ༼ཆ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༩༡

[42]  རོང་སྟོན་གསུང་འབུམ། ༼ཆ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༥

[43]  ཐེག་མཆོག་མཛོད། ཐེ་ཝན་པར་མ། དེབ་གཟུགས། སྟོད་ཆ། ཤོག་གྲངས་ ༡༠༢

[44]  ཡིད་བཞིན་མཛོད། ཐེ་ཝན་པར་མ། དེབ་གཟུགས། སྨད་ཆ། ཤོག་གྲངས་ ༡༡༤

[45]  ཕར་ཕྱིན་ཉཊཱིཀ །སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༥

[46]  དབུ་མ་རྩ་བའི་འགྲེལ་པ་འཐད་པའི་སྣང་བ། ༼ཁ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། ༡༩༩༩ ལོ། ཤོག་ ༡༤

[47]  དྲིས་ལན་ལུང་གི་གཏེར་མཛོད། ཡེ་ཤེས་སྡེའི་པར་མ། དེབ་གཟུགས། ཤོག་གྲངས་ ༨༢༠

[48]  རྩ་ཤེས་ཊཱིཀ་ཆེན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༨

[49]  མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༡

[50]  གངས་ལྗོངས་རིག་བཅུའི་ཉིང་བཅུད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༡༢༣༢

[51]  ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། པོད། ༼༩༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༢༩༦

[52]  མཁྱེན་བརྩེའི་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ལོ། ཤོག་གྲངས་ ༡༦༠

[53]  ཕྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་ ༥ ཉིན་ཐེ་ཝན་ཆོས་ཞུ་བར་རིན་ཆེན་ཕྲེང་བའི་བཀའ་ཆོས་སྐབས་སུ་བཀའ་སྩལ།

[54]  རྣམ་བཤད་དགོངས་པ་རབ་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༨

[55]  ཀུན་མཁྱེན་གྱི་ཕར་ཕྱིན་མཐའ་དཔྱོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༧༤

[56]  ཀུན་མཁྱེན་འཇམ་དབྱངས་བཤད་པའི་གསུང་འབུམ། ༼༧༽ སྒོ་མང་དཔེ་མཛོད། ༢༠༡༥ ལོ། ཤོག་གྲངས་ ༤

[57]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༥༡

[58]  ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག ༡༨༢

[59]  ༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་གསུང་འབུམ། པོད། ༼༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༨

[60]  བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༡༡༠

[61]  བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༠༢

[62]  གསང་སྔགས་ལུང་གི་བང་མཛོད། ༼ང༽ དཔེ་གཟུགས། ཤོག་གྲངས་ ༩བ༡

[63]  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་གྲངས་ ༩༦

[64]  ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༤༩

[65]  གོ་རམས་པའི་གསུང་འབུམ། ༼ཅ༽ ངེས་དོན་རབ་གསལ། དཔེ་རིང་། ཤོག་གྲངས་ ༧བ༡

[66]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ༡༩༩༤ ལོ། ཤོག་གྲངས ༤༨༡

[67]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ༡༩༩༤ ལོ། ཤོག་གྲངས་ ༩༤༤

[68]  ཚིགས་བཅད་འདི་ཉིད། ལྷག་མཐོང་བསྐྱེད་པའི་ཐབས་ (བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཉོ༽ དེབ་ཨང་ ༡༡༦ པ། ༡༩༩༤ ལོ། ཤོག་གྲངས་ ༡༤༥༢) སུ་གསལ་ལོ།།

[69]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ༡༩༩༤ ལོ། ཤོག་གྲངས་ ༡༠༦༡

[70]  གུང་ཐང་གི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ། སྒོ་མང་དཔེ་མཛོད། ༢༠༠༠ ལོ། ཤོག་ ༢

[71]  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠༥

[72]  ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། པོད། ༼༩༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༢༩༦

[73]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ༡༩༩༤ ལོ། ཤོག་གྲངས་ ༤༨༡

[74]  གོ་རམས་པའི་གསུང་འབུམ། ༼ཅ༽ ངེས་དོན་རབ་གསལ། དཔེ་རིང་། ཤོག་གྲངས་ ༧བ༣

[75]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༤༢

[76]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༤༧

[77]  བསྟན་འགྱུར་དཔེ་བསྡུར་མ། སྐྱེས་རབས། ༼གེ༽ དེབ་ཨང་ ༩༦ པ། ༡༩༩༤ ལོ། ཤོག་གྲངས་ ༢༨༨

[78]  མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༡

[79]  རྗེ་ཙོང་ཁ་པའི་གསུང་འབུམ། པོད། ༼ཕ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༤༢༠

[80]  ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། པོད། ༼༩༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༢༩༦

[81]  ཀུན་མཁྱེན་འཇམ་དབྱངས་བཤད་པའི་གསུང་འབུམ། ༼༧༽ སྒོ་མང་དཔེ་མཛོད། ༢༠༡༥ ལོ། ཤོག་གྲངས་ ༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༨ ནས་ ༣༢༡ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *