ཅ༽ གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར་ལས་ཇི་ལྟར་བྱུང་བ།
༡༽ ཡུལ་དང་རིགས་གང་དུ་སྐུ་འཁྲུངས་པ།
ཙམ་པ་རིའི་བླ་མ་ཆེན་པོ་སློབ་དཔོན་མི་འཇིགས་པ་སྦྱིན་པ་དཔལ་གྱིས་མཛད་ཅིང་། ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཀྱིས་བསྒྱུར་བའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་[1]ལས[2]། ཀླུ་སྒྲུབ་ཀྱི་ལོ་རྒྱུས་བཞུགས་སོ། །གུ་རུ་ནཱ་གརྫུ་ན་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས་ཀཉྩི་ཞེས་བྱ་བའི་བྱེ་བྲག་ཀ་ཧོ་ར་བྱ་བ་ཡིན་ལ། རིགས་བྲམ་ཟེ་དངོས་གྲུབ་སྒྲོལ་མ་ལས་ཐོབ་པ་ཡིན་ནོ།།
༢༽ ནཱ་ལེནྡྲར་བྱོན་ནས་རབ་ཏུ་བྱུང་ཚུལ།
དེ་ཡང་ཀ་ཧོ་ར་ན་གྲོང་ཁྱེར་ཁྲི་ཚོ་ཕྱེད་དང་གཉིས་ཡོད་པ། ཀུན་ལ་འཇོམས་པ་དང་འཕྲོག་པ་བྱས་པས། བྲམ་ཟེ་ཀུན་འདུས་ནས། འདིས་འོ་སྐོལ་ཐམས་ཅད་ལ་མི་འཚམ་པ་བྱས་པས་འདི་དང་། འཐབ་པ་བས་ཡུལ་གཞན་དུ་འཁྱམ་འགྲོ་བ་དྲག་ཅེས་པའི་གྲོས་བྱས་པའི་གཏམ་དེ་སློབ་དཔོན་གྱིས་གསན་ནས། བྲམ་ཟེ་ཀུན་ལ་མི་བཏང་ནས་ཁྱེད་ཡུལ་གཞན་དུ་མ་འགྲོ་ཞིག །ཡུལ་གཞན་དུ་སྡུག་པར་འོང་བས་ཁྱེད་ཅག་ཀུན་ཁོ་བོའི་རྫས་འདི་རྣམས་ཁྱེར་ཅིག་གསུངས་ནས་ནོར་ཐམས་ཅད་སྦྱིན་པར་བཏང་སྟེ། སློབ་དཔོན་ཀ་ཧོ་ར་ནས་བྲོས་ཏེ་བསིལ་བ་ཚལ་གྱི་ཕ་རོལ། ནཱ་ལནྡར་བྱོན་ནས་རབ་ཏུ་བྱུང་སྟེ་རིག་པའི་གནས་ལྔ་ལ་མཁས་པའི་མཐར་ཐུག་པར་གྱུར་ཏོ། །དེ་ནས་བཤད་པ་ལ་སྐྱོ་ནས་སྒྲུབ་པ་མཛད་པས་སྒྲོལ་མའི་ཞལ་གཟིགས་ཏེ། དཔལ་ནཱ་ལནྡ་པའི་ཆོས་འཁོར་དགེ་འདུན་བརྒྱ་བཞུགས་པའི་འཚོ་བ་དང་གནས་སྤངས་ཏེ། གཞན་དུ་བྱོན་ནས་གྲོང་ཁྱེར་གཅིག་ཏུ་བསོད་སྙོམས་མཛད། སླར་རང་གི་གནས་སུ་ལོག་ནས་བདག་གི་བསམ་པ་འདི་འདྲ་བས་སེམས་ཅན་གྱི་དོན་མི་འགྲུབ་པས་ཡོན་ཏན་ཐོབ་པར་བྱས་པ་ལ་འགྲོ་དོན་བྱ་དགོས་སྙམ་དུ་དགོངས་ནས་རྒྱལ་པོའི་ཁབ་ཏུ་ཕྱིན།
༣༽ སྒྲུབ་པ་མཛད་ནས་འབྱུང་པོ་དབང་དུ་བསྡུས་ཚུལ།
འབྱུང་པོ་ཁྱིམ་མཆོག་གི་འབྱུང་མོ་བཅུ་གཉིས་ཀྱིས་བཟླས་པ་བྱས་པས་ཞག་དང་པོ་ལ་ས་གཡོས། གཉིས་པ་ལ་ཆུ་དང་། གསུམ་པ་ལ་མེ་དང་། བཞི་པ་ལ་རླུང་དང་། ལྔ་པ་ལ་མཚོན། དྲུག་པ་ལ་རྡོའི་ཆར། བདུན་པ་ལ་དངོས་སུ་འབྱུང་མོ་ཀུན་འདུས་ནས་བར་ཆད་བྱས་པས། སློབ་དཔོན་གྱི་ཐུགས་དམ་ལ་གཡོ་བ་མེད་པས་བར་ཆད་ཀྱིས་མ་ཚུགས་པ་དང༌། གནོད་སྦྱིན་མོ་ཀུན་འོངས་ནས་ཁྱེད་ལ་ཅི་དགོས་ངེད་ཀྱིས་སྦྱིན་ཟེར་བ་ལ། གཞན་མི་དགོས། ངའི་འཚོ་བ་སྦྱོར་ཅིག་གསུངས་པ་ལ། དེ་རྣམས་ཀྱིས་འབྲས་ཕུལ་བཞི་དང་ཚོད་མ་ལྔ་རྟག་ཏུ་སྟེར་བ་དེ་བཞེས་ཀྱིན་སློབ་དཔོན་གྱིས་ལོ་བཅུ་གཉིས་སྒྲུབ་པ་མཛད་པས། འབྱུང་མོ་བརྒྱ་རྩ་བརྒྱད་དབང་དུ་འདུས་ནས་འགྲོ་དོན་བྱ་སྙམ་པ་དང་། རི་གྷ་དྷ་ཤི་ལར་བྱོན་ནས་རི་དེ་གསེར་དུ་བསྒྱུར་ལ་འགྲོ་དོན་བྱ་སྙམ་ནས། རི་ལྕགས་སུ་བྱས། ལྕགས་ཟངས་སུ་བྱས་ཙ་ན། འཕགས་པ་འཇམ་དཔལ་གྱི་ཞལ་ནས། འདི་ལ་སེམས་ཅན་ཀུན་རྩོད་པ་ཆེན་པོ་འབྱུང་བས་སྡིག་པ་གསོག་པར་འོང་གསུངས་ནས་འཕྲོ་ཆོད་དེ་བོར་གསུངས། གྷ་དྷ་ཤི་ད་ལྟའང་ཟངས་མདོག་སྨུག་པོར་ཡོད།
༤༽ ལྷོ་ཕྱོགས་སུ་རྒྱལ་པོ་ས་ལ་བནྡྷ་མཇལ་ཚུལ།
དེ་ནས་ལྷོ་ཕྱོགས་དཔལ་གྱི་རི་བོར་བྱོན་པའི་ལམ་བར་དུ་གཙང་པོའི་འགྲམ་ཞིག་ཏུ་ཕྱིན་པ་ན། བ་ལང་རྫི་དུ་མ་དང་ཕྲད་ནས་ཆུའི་ལམ་དྲིས་པས་ན། ལམ་ངན་པ་ཆུ་སྲིན་དང༌ངམ་གྲོག་ཅན་གྱི་མི་བདེ་བའི་ལམ་བསྟན་པ་དང༌། བ་རྫི་གཞན་ཞིག་འདུག་པ་འོངས་ནས་ལམ་དེ་ལེགས་པ་མ་ཡིན། འདི་ནས་གཤེགས་ཟེར་ནས་དེས་སློབ་དཔོན་ཁུར་ནས་ཕྱིན་པས། ཆུའི་དཀྱིལ་དུ་སློབ་དཔོན་གྱིས་སྤྲུལ་པའི་ཆུ་སྲིན་ལ་སོགས་པ་འཇིགས་པ་སྣ་ཚོགས་བསྟན་པས། བ་རྫི་ན་རེ། བདག་མ་ཤིའི་བར་དུ་མ་འཇིགས་ཟེར་བས། སློབ་དཔོན་གྱིས་སྤྲུལ་པ་རྣམས་བཏུལ་ཏེ་སྐམ་སར་ཕྱིན་པ་དང༌། སློབ་དཔོན་གྱིས་ང་འཕགས་པ་ཀླུ་སྒྲུབ་ཡིན་ཏེ་ཁྱོད་ཀྱིས་ངོ་ཤེས་སམ་གསུངས་པས། གཏམ་ནི་ཐོས་ཏེ་ངོ་མི་ཤེས་ཞུས་སོ།།
སློབ་དཔོན་གྱིས་བ་ལང་རྫི་དེ་ལ་ཁྱོད་ཀྱིས་ང་ཆུ་ལས་བསྒྲལ་བའི་རྔན་པ་ཅི་དགོས་པ་སྟེར་བ་ཡིན་ནོ། །ཞེས་གསུངས་པས། བ་ལང་རྫི་ན་རེ། བདག་ལ་རྒྱལ་པོ་ཞིག་འོང་བའི་ཐབས་གཅིག་ཞུ་ཟེར་ནས། སློབ་དཔོན་གྱིས་ས་ཕྱོགས་དེ་ན་ཤིང་སཱ་ལའི་སྡོང་པོ་གཅིག་འདུག་པ་ལ་ཆུ་སྟོར་བས། ཤིང་དེ་དེ་མ་ཐག་གླང་པོ་ཆེར་གྱུར་ནས་རྒྱལ་པོའི་ཞོན་པ་བྱས། དམག་ཚོགས་དགོས་ཞུ་བ་ལ་གླང་པོ་ཆེས་འཁུན་པ་ན་དམག་འོང་བ་ཡིན་གསུངས་པ་དེ་བཞིན་དུ་བྱུང་སྟེ། རྒྱལ་པོའི་མིང་ལ་ས་ལ་བྷནྡྷ་ཞེས་བྱ་ལ། བཙུན་མོའི་མིང་སིདྷི་ཞེས་བྱ་བར་གྱུར་ཏོ། །གནས་གྲོང་ཁྱེར་བྷ་ཧི་ཏ་ན་ཞེས་བྱ་བའི་ཡུལ་ཁྱད་པར་འཕགས་པ་ཞིག་གྲུབ་སྟེ། རྒྱལ་པོ་ཁྲལ་འཇལ་བའི་གྲོང་ཁྱེར་འབུམ་ཚོ་བརྒྱད་ཅུ་རྩ་བཞི་ལ་དབང་བྱེད་པའི་རྒྱལ་པོར་བྱས་ནས། སློབ་དཔོན་གྱིས་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་ནས་སྒོམ་སྒྲུབ་མཛད་ཀྱིན་རིང་དུ་བཞུགས་པ་ལ། རྒྱལ་པོ་སཱ་ལ་བྷནྡྷས་བླ་མ་དྲན་ཏེ་དཔལ་གྱི་རི་བོར་འོངས་ནས། སློབ་དཔོན་ལ་ཕྱག་དང་སྐོར་བ་བྱས་ཏེ། རྒྱལ་པོས་སློབ་དཔོན་ལ་ཞུས་པ། རྒྱལ་སྲིད་ནི་མནོག་ཆུང་ལ་ཉེས་པ་ཆེ་བར་འདུག་པས་བདག་ལ་མི་དགོས། བདག་སློབ་དཔོན་གྱི་སྤྱན་སྔར་སྡོད་པ་ལགས་ཞུས་པས། སློབ་དཔོན་གྱིས་རྒྱལ་སྲིད་མ་སྐྱུར་བར་རིན་པོ་ཆེའི་ཕྲེང་བ་ལ་སློབ་དཔོན་གྱིས་ལ་རྒྱལ་སྲིད་སྐྱོངས། དུས་མ་ཡིན་པའི་འཆི་བའི་འཇིགས་པ་མེད་པའི་བཅུད་ལེན་སྦྱིན་གྱིས་གསུངས་པས། རྒྱལ་པོ་ན་རེ། སློབ་དཔོན་དང་ལྷན་ཅིག་ཏུ་འདུག་པའི་སྐབས་ཡོད་ན་བཅུད་ལེན་དང་རྒྱལ་སྲིད་དགོས། དེ་མ་ཡིན་ན་མི་དགོས་ཞེས་ཟེར་ཏེ། འགྲོར་མ་འདོད་པར་དེ་ཉིད་དུ་གནས་པར་གྱུར་པ་ན། དེ་ལ་སློབ་དཔོན་གྱིས་གདམས་པ་གནང་སྟེ། རང་ཡུལ་དུ་བཅུད་ལེན་སྒྲུབས། ལོ་བརྒྱའི་བར་དུ་རྒྱལ་སྲིད་བཟུང་སྟེ་གནས་སོ།།
དེའི་བར་འགྲོ་བ་རྣམས་འབྱོར་པ་དང་ལྡན་པ། རིའི་བྱ་དང་རི་དྭགས་ཀུན་ཀྱང་བདེ་བར་འཚོ་བ་ལས། ལོ་བརྒྱ་ནས་སློབ་དཔོན་གྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ལ། བདུད་དགའ་རབ་དབང་ཕྱུག་ཕྲག་དོག་སྐྱེས་ནས་བར་ཆད་ཀྱི་ལྟས་མི་ཤིས་པ་སྣ་ཚོགས་བྱུང་སྟེ། ཉི་ཟླའི་སྣང་བ་མེད་པར་མོག་མོག་པོར་གྱུར་པ་དང༌། ཤིང་ཐོག་ཐམས་ཅད་རང་བཞིན་གྱིས་འབྲུལ་བ་དང༌། ཆར་ཆུ་དུས་སུ་མ་བབས་པས་སྲོག་ཆགས་རྣམས་མུ་གེས་གཟིར་བ་དང༌། ནད་དང་མཚོན་གྱི་བསྐལ་པ་དར་བ་དང༌། རྩི་ཤིང་ནགས་ཚལ་ལ་སོགས་པ་ཀུན་སྐམས་པའི་ལྟས་མི་ཤིས་པ་སྣ་ཚོགས་བྱུང་བ་དང་། རྒྱལ་པོ་སཱ་ལ་བྷནྡྷས་འདི་སྙམ་སྟེ། འདི་དག་ནི་གཞན་མ་ཡིན་ཏེ། ངའི་བླ་མ་ལ་གནོད་པའི་ལྟས་ཡིན་སྙམ་པ་རང་གི་སྲས་ཙནྡྷི་ཀུ་མ་ར་བྱ་བ་ལ་རྒྱལ་བྱིན་ཏེ། འཁོར་ཉུང་ཟད་གཅིག་དང་བཅས་ཏེ་དཔལ་གྱི་རི་བོར་སློབ་དཔོན་གྱི་སྤྱན་སྔར་ཕྱིན་པ་དང་བླ་མས་བུ་དོན་ཅི་ལ་འོངས་དྲིས་པ་དང་། རྒྱལ་བུ་ན་རེ།
བདག་དང་སེམས་ཅན་སྐལ་བ་ཟད་གྱུར་ཏམ། །རྒྱལ་བའི་བསྟན་པ་ཉམས་པར་གྱུར་ཏམ་ཅི། །
ནག་པོའི་ཕྱོགས་རྣམས་རྒྱལ་བར་འགྱུར་བའམ། །ཐུགས་རྗེ་ཆེན་པོ་ཟླ་བ་ལྟར་དཀར་ལ། །
ཆར་སྤྲིན་དང་འདྲའི་བདུད་ཀྱིས་བསྒྲིབས་སམ་ཅི། །རྡོ་རྗེ་ལྟ་བུའི་བླ་མ་དམ་པ་ལ། །
འདུས་བྱས་རང་བཞིན་འབྱུང་ངམ་སྡིག་ལྟས་རྣམས། །བྱུང་བས་བདག་ནི་འདིར་ནི་མཆིས་པ་ལགས། །
ཐུགས་རྗེ་ཆེན་པོས་དགོངས་ལ་བྱིན་གྱིས་རློབས། །
ཞེས་ཞུས་པས་སློབ་དཔོན་གྱིས་གསུངས་པ། སྐྱེས་པ་ཐམས་ཅད་འཆི་བ་ཡིན། འདུས་པ་ཐམས་ཅད་འབྲལ། བསགས་པ་ཐམས་ཅད་འཛད། འདུས་བྱས་ཀྱི་མཐའ་ཐམས་ཅད་མི་རྟག་པ་ཡིན་ན་དེ་ལ་མི་དགའ་བ་ཅི་ཡོད། ཁྱོད་རང་བཅུད་ལེན་ཁྱེར་ལ་སོང་ཞིག་གསུངས་པས། དེ་ན་རེ། བླ་མའི་རྩར་བཅུད་ལེན་ཟ་ཡིན་འདུག་ན་འདུག །བླ་མ་མི་བཞུགས་ན་བདག་ལ་བཅུད་ལེན་མི་དགོས་ཟེར་ནས་དེར་འདུག་གོ།
༥༽ རྒྱལ་པོ་ས་ལ་བནྡྷའི་བུ་ལ་དབུ་སྦྱིན་ཚུལ།
དེ་ནས་སློབ་དཔོན་འཕགས་པས་དངོས་པོ་ཐམས་ཅད་སྦྱིན་པར་བཏང་བ་ལ། ལྷ་ཚངས་པས་བྲམ་ཟེ་ཞིག་ཏུ་སྤྲུལ་ནས་དབུ་བསླངས་པས། སློབ་དཔོན་གྱིས་ཀྱང་སྟེར་བར་ཞལ་གྱིས་བཞེས་པ་དང༌། རྒྱལ་པོ་སཱ་ལ་བྷནྡྷས་སློབ་དཔོན་བགྲོངས་པའི་སྡུག་བསྔལ་མ་བཟོད་ནས། སློབ་དཔོན་གྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་གྲོངས་སོ། །མི་ཐམས་ཅད་ཀྱང་བྲམ་ཟེ་དེ་ལ་ཁ་ཟེར་བར་བྱེད་དོ། །དེའི་དུས་སུ་སློབ་དཔོན་གྱིས་དབུ་བྱིན་པ་གཞན་གང་གིས་ཀྱང་མ་ཆོད་པ་ན། རྩྭ་ཀུ་ཤ་གཅིག་གིས་རང་གི་དབུ་བཅད་ནས་ཚངས་པ་ལ་བྱིན་ནོ། །དེ་ནས་ཤིང་ཐམས་ཅད་ཀྱང་བསྐམས། མི་ཐམས་ཅད་ཀྱི་བསོད་ནམས་ཀྱང་འགྲིབས་སོ། །སྔར་གྱི་གནོད་སྦྱིན་མོ་བརྒྱད་ཀྱིས་སློབ་དཔོན་གྱི་སྐུ་ལུས་བསྲུངས་ནས་ད་ལྟ་ཡང་ཡོད་དོ། །བླ་མའི་གདུང་འཚོབ་ཏུ་ཀླུའི་བྱང་ཆུབ་བཞུགས་པའི་འོད་ནུབ་མོ་འཕྲོ་བ་ཟླ་རེ་ཙམ་ད་ལྟ་ཡང་ཡོད་དོ། །སློབ་དཔོན་གྱི་སྐུ་ལུས་དེ་རྒྱལ་བ་བྱམས་པའི་བསྟན་པ་ལ་སླར་བཞེངས་ནས་འགྲོ་བའི་དོན་མཛད་གསུངས་སོ། །གུ་རུ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་རྫོགས་སོ། །ཞེས་བྱུང་བ་ལྟར། འདི་དང་སློབ་དཔོན་ཨ་བྷྱ་ཀ་རས་མཛད་པའི་གུ་རུ་ནཱ་ག་རྫུ་ནའི་ལོ་རྒྱུས་གཉིས་ཧ་ལམ་ཡིག་འབྲུ་རེ་གཉིས་ཙམ་ལས་གཅིག་ཏུ་སྣང་བས། མཛད་པ་པོ་གང་ཡིན་དཔྱད་དགོས་པར་སྣང་ལ། རྣམ་ཐར་སྤྱི་ཡོངས་འདྲ་བའི་ཆ་ནས་ཟློས་སྐྱོན་སྤང་ཕྱིར་བསྟན་འགྱུར་དུ་བཞུགས་པ་སློབ་དཔོན་མི་འཇིགས་སྦྱིན་པ་དཔལ་གྱིས་མཛད་པ་འདིས་འཐུས་པར་བྱས་ལ། འདིར་མི་གསལ་བའི་དམིགས་བསལ་གཅིག་ནི།
༦༽ མགོན་པོ་ཀླུ་སྒྲུབ་ཀྱི་ངོ་མཚར་ཁྱད་ཆོས་ལྔ།
སློབ་དཔོན་ཨ་བྷ་ཡཱ་ཀ་ར་སྟེ་འཇིགས་མེད་འབྱུང་གནས་སྦས་པས་ (དུས་རབས་ 11 པ།) མཛད་པའི་གུ་རུ་ནཱ་གཱ་རྫུ་ནའི་ལོ་རྒྱུས་ལས[3]། དེ་ལྟ་བུའི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་དེ་ལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ལྔ་དང་ལྡན་པ་ཡིན་ཏེ། དུས་གཅིག་ཏུ་ཨོ་ཊྱ་བླ་ཤིང་མུ་ཀ་ལའི་དྲུང་དུ། དགེ་སློང་ནཱ་ག་བོ་དྷི་སྟེ་ཀླུའི་བྱང་ཆུབ་ལ་རྡོ་རྗེ་དབྱིངས་ལ་སོགས་པའི་ཆོས་བཤད། རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ་ཟླ་བ་གྲགས་ལ་སོགས་པ་ལ་ཕ་རྒྱུད་ཀྱི་ཆོས་བཤད། དེའི་བྱང་དུ་ཞིང་བཟང་གློག་རེས་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད། ནུབ་ཏུ་དགེ་བསྙེན་ལེགས་བདེན་ལ་སོགས་པ་ལ་དབུ་མ་བཤད། ལྷོ་ཕྱོགས་སུ་གྲོང་ཁྱེར་ཀུ་ལ་རོཀྟིར། སློབ་དཔོན་ཨརྱཱ་དེ་བ་ལ་སོགས་པ་ལ་ཚད་མ་བཤད་དོ། །ཤེས་པ་ལྔ་དང་ལྡན་པ་ནི། ཕྱིའི་བར་ཆད་སེལ་བ་མགོན་པོ་ནག་པོ། ནང་གི་བར་ཆད་སེལ་བ་མི་གཡོ་བ་ནག་པོ། དངོས་གྲུབ་སྟེར་བ་ལྷ་མོ་སྒྲོལ་མ། བྱིན་གྱིས་བརླབས་པའི་སྔགས་ཕག་མོ། ཕྱིའི་ལྷ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ། སྤྱན་རས་གཟིགས། འཇམ་དཔལ་གསུམ་ཡིན་ནོ། །སློབ་དཔོན་ནཱ་གཱ་རྫུ་ན་ཞེས་པ་འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་ལོ་རྒྱུས་རྫོགས་སོ[4]།།
གཞན་ཡང་སློབ་དཔོན་དཔའ་བོ་འོད་གསལ་ (འཁྲུངས་གཤེགས་ཀྱི་ལོ་ཚིགས་མི་གསལ།) གྱིས་ཕྱོགས་གཅིག་ཏུ་བསྡུས་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་ལས[5]། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་རྟོགས་བརྗོད་ནི།
གང་ཞིག་མ་རྟོགས་པ་ཡིས་རྟོགས་པའི་བརྗོད་པ་མི་བྱ་སྟེ། །
བྱས་ན་རྒྱལ་པོའི་ཁྲིམས་ལ་འབངས་ཀྱིས་གནོད་པ་བྱས་པ་བཞིན། །
རྟོགས་པ་རྣམས་ཀྱིས་མ་རྟོགས་པ་ཡིས་སྤྱོད་པ་མི་བྱ་སྟེ། །
བྱས་ན་གླང་ཆེན་རབ་ཏུ་མྱོས་པ་འདམ་དུ་ཟིན་པ་འདྲ། །
ཞེས་དང་། དེ་བཞིན་ནཱ་གཱ་རྫུ་ནའི་དོ་ཧ་འགྲེལ་པ་དང་བཅས་པ་ལས[6]། གུ་རུ་ནཱ་གཱ་རྫུ་ནའི་ཞལ་ནས།
གང་གིས་མ་གཏོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་རྒྱལ་སྲིད་འབངས་ཀྱིས་གཟུང་བ་བཞིན། །
རྟོགས་པས་མ་གཏོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་གླང་ཆེན་འདམ་དུ་ཟིན་པ་འདྲ། །
ཞེས་སོ། །འདི་ལ་དཔེ་དོན་རྣམ་པ་གཉིས་ཀྱིས་བསྟན་ཏེ། ལོངས་སྐུའི་དཔེ་རྒྱལ་པོ་ལྟ་བུས་བསྟན་པ་དང་། ཆོས་སྐུའི་རྩལ་ལ་ཐེ་ཚོམ་མི་ཟ་བ་གླང་པོ་ཆེ་ལྟ་བུས་བསྟན་པའོ། །དང་པོ་ནི། མ་གཏོགས་པའི་སྤྱོད་པ་མི་བྱེད་ཅེས་བྱ་སྟེ། གང་གིས་ཞེས་པ་ནི་གང་ཟག་དབང་པོ་འབྲིང་དེས་ལོངས་སྐུའི་ཡོན་ཏན་རྒྱལ་པོ་ལྟ་བུ་དེ་ཐོབ་པ་ཡིན་ཏེ། དང་པོ་ཚོགས་ཀྱི་ལམ་རྣམ་པ་གཉིས་པོ་དེས་ཏིང་ངེ་འཛིན་ལ་སྦྱར་ནས་སྐུ་ཇི་ལྟ་བུ་དེ་ལ་སྦྱོར། དེའི་སྟོབས་ཀྱིས་ས་བཅུའི་ཡེ་ཤེས་མཐོང་སྟེ། ཡེ་ཤེས་དེ་ལ་མིང་འདོགས་པ་གཉིས་ཡོད་དེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་བྱ་ལ། ཡིག་འབྲུ་ལ་བརྟེན་ནས་དབྱིབས་དང་ཁ་དོག་ཏུ་བསྒོམས་པས་དངོས་པོ་མེད་པའི་ཡེ་ཤེས་བྱ་བ་དེ་མཐོང་ལམ་མོ། །དེ་ལྟ་བུ་དེ་བསྒོམས་པས་མཐར་ཕྱིན་ཏུ་ལོངས་སྐུ་ས་བཅུའི་བྱང་ཆུབ་སེམས་དཔའ་དེ་འཐོབ་སྟེ། དེ་ཡང་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྟེ། དེའི་དཔེ་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་འདྲ་བས་ན། གང་གིས་ཞེས་པ་ནི་ཡེ་ཤེས་སོ། །མ་གཏོགས་པའི་ཞེས་པ་ནི་ས་བཅུ་པ་དེའི་སངས་རྒྱས་ཀྱི་སའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་མ་གཏོགས་པ་རུ་རྫུ་སྟེ་བཏབ་ནས། ཆོས་སྐུ་བློ་ལས་འདས་པ་ལ་སྒོམ་མི་དགོས་ཟེར་ནས་བཏང་སྙོམས་སུ་བཞག་པས་ལོངས་སྐུ་རྒྱལ་བ་དང་འདྲ་བའི་ཏིང་ངེ་འཛིན་དང་བྲལ་ནས་ཆོས་སྐུ་མི་ཐོབ་པའི་དཔེ་རྒྱལ་སྲིད་ཤོར་བ་དང་འདྲ་ཞེས་པའི་དོན་ཏོ། །དེ་དག་གི་གཏམ་རྒྱུད་བག་ཙམ་ཡོད་པ་ལ་ཞལ་ལས་ཤེས་སོ།།
གཉིས་པ་གླང་པོ་ཆེའི་དཔེས་བསྟན་པ་ནི། རྟོགས་པ་རྣམས་ཀྱིས་ཞེས་པ་དེ་ནི་སངས་རྒྱས་ཀྱི་སའི་ཡེ་ཤེས་རྟོགས་པ་ལ་བྱ་སྟེ། འདི་ལ་མིང་འདོགས་ལུགས་འགའ་རེ་ཡོད་དེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་ཀྱང་བྱ་ལ། རྒྱུན་ཟད་ཡེ་ཤེས་ཀྱི་འོད་གསལ་ཞེས་ཀྱང་བྱ་སྟེ། དོན་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཟད་ཅིང་འགགས་པའི་སེམས་དང་། སེམས་ལས་བྱུང་བ་ཐམས་ཅད་ཀྱི་རྒྱུ་ཟད་ནས་སྨྲ་བ་དང་བརྗོད་པ་ཐམས་ཅད་དང་བྲལ་བ་བློ་དང་བསམ་པའི་ཡུལ་ལས་འདས་ཙམ་ན། སངས་རྒྱས་ཀྱི་ས་ལ་ཐེ་ཚོམ་མམ། སོམ་ཉི་མི་ཟ་བ་ཡིན་ལ། དེ་ལྟར་རྟོགས་པ་ད་རུང་དུ་རྒྱུ་ལམ་དུ་བྱས་ནས་འབྲས་བུ་ཕྱི་ནས་ཐོབ་པར་འདོད་པ་ནི་མ་རྟོགས་པའི་སྤྱོད་པ་ཡིན་ཏེ། དེ་ནི་གླང་པོ་ཆེ་འདམ་དུ་བྱིང་བ་དང་འདྲ་སྟེ། རང་གིས་རང་མ་ཐོན་ན་གཞན་གྱིས་མི་ཐོན་པའི་དོན་དང་སྦྱར་རོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ། །ཞེས་བྱུང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་གྱི་ནང་དོན་གཙོ་བོ་ནི། དུས་རབས་བདུན་པ་ནས་བཅུ་གཉིས་བར་གྱི་ལོ་དྲུག་བརྒྱ་ཙམ་རིང་རྒྱ་གར་གྱི་གྲུབ་ཐོབ་པ་ལཱུ་ཡི་པ་སོགས་གྲུབ་ཆེན་བརྒྱད་ཅུ་རྩ་བཞིས་གསན་བསམ་སློབ་གཉེར་མཛད་ཚུལ་དང་། རྒྱལ་བསྟན་སྤེལ་ཚུལ། རྗེས་འཇུག་གི་སློབ་མ་བསྐྱངས་ཚུལ། འགྲོ་དོན་ཇི་ལྟར་མཛད་ཚུལ། མུ་སྟེགས་པ་རྣམས་ཚར་བཅད་ཚུལ། མཐར་གྲུབ་པ་ཐོབ་ཚུལ་སོགས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་ཞིག་ཡིན།
[2] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼གི༽ དེབ་ ༤༨ པ། ༡༩༩༤ ལོ། ཤོག་གྲངས་ ༤༤༩
[3] གྲུབ་ཆེན་བརྒྱད་ཅུའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༥
[4] གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར། ཀུན་དགའ་རིན་ཆེན། ༼ཨོཾ༽ ཤིང་དཔར་དཔེ་རིང་། ཤོག་ ༣༦བ༡
[5] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ པ། ཤོག་གྲངས་ ༡༣༧༥
[6] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼གི༽ དེབ་ཨང་ ༤༨ པ། ༡༩༩༤ ལོ། ཤོག་གྲངས་ ༥༨༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༥ ནས་ ༤༧༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།