ཇ༽ རབ་ཏུ་བྱུང་སྟེ་སློབ་གཉེར་མཛད་ཚུལ།
དེ་ཡང་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[1]།
ཐུབ་བསྟན་འཆི་མེད་སྐྱེད་ཚལ་ཡངས་པོའི་ངོགས། །ཚངས་སྤྱོད་བསླབ་གསུམ་སྦྲང་རྩིས་རྟག་ཏུ་མྱོས། །
ལེགས་བཤད་མགྲིན་གླུ་འཁྲོལ་བའི་བྷྲ་མ་ར། །འཕགས་པ་ཐོགས་མེད་ཞབས་ལ་གསོལ་བ་འདེབས། །
ཞེས་བསྔགས་པའི་རྒྱ་ཆེ་བ་བྱང་ཆུབ་སེམས་དཔའི་ས་དང་ལམ་གྱི་རྣམ་གཞག་གི་སྲོལ་ལམ་སེམས་ཙམ་པའི་སྲོལ་ལེགས་པར་ཕྱེ་བའི་སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་རྣམ་པར་ཐར་པ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། ཅུང་ཟད་ཆེར་སྐྱེས་པ་ན་ཡི་གེ་དང་རྩིས་དང༌། བརྟག་པ་བརྒྱད་དང༌། བརྡ་སྤྲོད་པ་དང༌། རྟོག་གེ་དང༌། སྨན་དཔྱད་དང༌། བཟོའི་གནས་རྣམས་དང༌། རིག་པའི་གནས་བཅོ་བརྒྱད་[3]ལ་སོགས་པ་མ་ཉིད་ཀྱིས་ལེགས་པར་བསླབས་ཏེ་ཤིན་ཏུ་བྱང་ཞིང་གསལ་བར་གྱུར་ཏོ། །དེས་རང་གི་རིགས་ཀྱི་ཆོས་དྲི་བ་ན་བུ་ཁྱོད་རིགས་ཀྱི་བྱ་བ་བྱེད་པའི་ཕྱིར་བསྐྱེད་པ་མ་ཡིན་ཏེ། དམ་པའི་ཆོས་དར་བར་བྱ་བའི་ཕྱིར་བསྐྱེད་པ་ཡིན་ན། རབ་ཏུ་བྱུང་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པར་གྱིས་ཤིག །ཅེས་གསུངས་པ་ལྟར་རབ་ཏུ་བྱུང་ནས་མཁན་པོ་དང་སློབ་དཔོན་དང་དགེ་འདུན་གྱི་ཞབས་འབྲིང་གི་བྱ་བས་དུས་འདའ་བ་ལོ་གཅིག་ཏུ་མཛད་ནས། བསྙེན་པར་རྫོགས་ནས་ལོ་ལྔའི་བར་དུ་ཀློག་པ་ལ་བརྩོན་པར་གནས་ཏེ། ལོ་རེ་རེར་ཚིགས་སུ་བཅད་པ་འབུམ་འབུམ་གྱི་ཚིག་དོན་ཐམས་ཅད་ཆུབ་པར་བྱས། ཞེས་དང་། དེ་བཞིན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[4]། དེ་ཆེར་སྐྱེས་པའི་ཚེ་གཞོན་ནུ་དེས། ཡུམ། ཕའི་ལས་གང་ཡིན་ཞུས་པས་ཡུམ་གྱིས་ཁྱོད་ཕའི་རིགས་སྐྱོང་བའི་ཕྱིར་བསྐྱེད་པ་མིན་གྱི། སངས་རྒྱས་ཀྱི་བསྟན་པ་ཉམས་པ་སེམས་ཀྱིས་མ་བཟོད་ནས་དེའི་ཕྱིར་བསྐྱེད་པ་ཡིན་པས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང་ལ་སྡེ་སྣོད་གསུམ་ཀློག་པ་དང༌། བསམ་གཏན་ལ་འབད་ནས་རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག་ཅེས་གསུངས་ནས་རབ་ཏུ་བྱུང་སྟེ་དགེ་ཚུལ་དང༌། དེ་ནས་མཁན་སློབ་དགེ་འདུན་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་ཏེ་སྡེ་སྣོད་གསུམ་ལ་སྦྱངས་ནས་ལོ་རེ་ལ་ཚིགས་བཅད་འབུམ་འབུམ་གྱི་ཚིག་དོན་གཉིས་ཀ་ཐུགས་སུ་ཆུད་པར་མཛད་པས་རིང་པོར་མ་ཐོགས་པར་སྡེ་སྣོད་གསུམ་ཐུགས་སུ་ཆུད། ཅེས་གསལ་བ་ལྟར། རྒྱ་གར་ཆོས་འབྱུང་དང་། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་གཉིས་ཀར་སློབ་དཔོན་གང་གི་དྲུང་ནས་རབ་ཏུ་བྱུང་མིན་མི་གསལ་ལོ།།
གཞན་ཡང་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་ཤིང་རྟ་ཆེན་པོ་འཕགས་པ་ཐོགས་མེད་ལ་བསྟོད་པ་དད་གུས་རིན་ཆེན་འདྲེན་པའི་ཤིང་རྟ་ལས[5]། སྐྱེས་ཙམ་ཉིད་ནས་བློ་རྣོའི་ཐབས་བྱས་དབྱངས་ཅན་མ། །ལྷག་པའི་ལྷར་བསྟེན་བློ་གྲོས་དབྱར་མཚོའི་མཆེད་ཟླར་འཕེལ། །གང་སྐུའི་ན་ཚོད་རྫིང་སྐྱེས་པདྨོའི་དཔལ་དུ་སྨིན། །ཐུན་མོང་རིག་པའི་གནས་ཀུན་སྦྱངས་ལ་གསོལ་བ་འདེབས། །ཕ་ཡི་རིགས་ལས་གང་ཡིན་མ་ལ་དྲིས། །ཡུམ་གྱིས་བུ་ཁྱོད་དམ་ཆོས་དར་ཆེད་བསྐྱེད། །རབ་ཏུ་བྱུང་སྟེ་ཐོས་བསམ་ལ་འབོད་གསུངས། །རབ་བྱུང་བསྙེན་རྫོགས་མཛད་ལ་གསོལ་བ་འདེབས། །དེ་ནས་སྡེ་སྣོད་གསུམ་པོ་ལོ་རེ་བཞིན། །ཚིགས་བཅད་འབུམ་འབུམ་འཛིན་པར་མཛད་པ་ལས། །སྡེ་སྣོད་གཞན་ལ་མཁས་ཀྱང་ཤེར་ཕྱིན་གྱི། །མདོ་དོན་རྟོགས་དཀར་གཟིགས་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་བོད་ཀྱི་གྲུབ་མཐའི་རྣམ་བཤད་ལས[6]། སློབ་དཔོན་འདིའི་ཡབ་ནི་རྒྱལ་རིགས་དང༌། ཡུམ་བྲམ་ཟེ་མོ་པྲ་ཀཱ་ས་ཤཱི་ལ་ (རབ་གསལ་ངང་ཚུལ་མ་) ཡིན། ཆེར་ལོངས་པའི་དུས་སུ་རིག་གནས་ལྔ་ལ་མཁས་པར་སྦྱངས་ཏེ་ཡུམ་གྱིས་བསླབ་བྱ་བྱས་པ་ལྟར་རབ་ཏུ་བྱུང༌། མཁན་སློབ་དང་དགེ་འདུན་གྱི་གཡོག་ལོ་གཅིག་མཛད། དེ་རྗེས་དགེ་སློང་གི་སྡོམ་པ་ཞུས་ནས་ལོ་ལྔའི་རིང་སངས་རྒྱས་ཆོས་ལུགས་ལ་སློབ་སྦྱོང་དང༌། ལོ་རེ་ཚིགས་བཅད་ཁྲི་བཅུ་རེའི་ཚིག་དང་དོན་ཐམས་ཅད་ཁོང་དུ་ཆུད་པ་གནང༌། དེ་ནས་ལོ་མང་པོའི་རིང་གསང་སྔགས་ཀྱི་ཆོས་ལ་སྒོམ་སྒྲུབ་དང་ཐེག་པ་ཆེན་པོའི་ཆོས་ལ་སློབ་གཉེར་གནང༌།
སྐུ་ཚེའི་དཀྱིལ་དུ་རྒྱ་གར་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ (དེང་སང་གི་ཨ་ཧྥུ་ཧན་) དང༌། རྒྱ་གར་ལྷོ་ཕྱོགས་རྒྱུད་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་དང༌། ལྷ་ཁང་དང་མཆོད་རྟེན། ཆོས་གཞི་བརྒྱ་ལྷག་ཙམ་གསར་དུ་བཙུགས། རང་ཉིད་ལ་སློབ་མ་ཁྲི་ཕྲག་མང་པོ་ཡོད་པ་དང༌། རྒྱུན་དུ་མཉམ་དུ་གནས་པའི་འཁོར་དགེ་སློབ་ཉི་ཤུ་རྩ་ལྔ་ཙམ་ཡོད་པ་ཚང་མ་སངས་རྒྱས་ཆོས་ལུགས་ཀྱི་གནས་ཚད་ངེས་ཅན་རེ་ཡོད་པ་ཤ་སྟག་ཡིན།
སྐུ་ཚེའི་སྨད་ཀྱི་མཐར་རྒྱ་གར་ཡུལ་དབུས་ཀྱི་ནཱ་ལེནྡྲ་དགོན་པར་ལོ་བཅུ་གཉིས་ཙམ་བཞུགས་ཤིང༌། དགུང་ལོ་བརྒྱ་དང་ལྔ་བཅུ་བར་བཞུགས། མཐར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་སྐུ་མྱ་ངན་ལས་འདས། ཞེས་གསུངས་པ་ལྟར་སློབ་དཔོན་ཐོགས་མེད་ཀྱིས་ཡུལ་དབུས་མ་ག་དྷ་དང་། ལྷོ་ཕྱོགས་ཀྲིཥྞ་ར་ཛཱའི་ཡུལ་དང་། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཐམས་ཅད་ལ་བཞུགས་ཤིང་། ཐེག་ཆེན་ཟབ་མོའི་ཆོས་འཁོར་བསྐོར་བ་དང་། མཆོད་རྟེན་བརྒྱ་དང་། ལྷ་ཁང་ཉི་ཤུ་རྩ་ལྔ་རེ་བཞེངས་པ་སོགས་མདོར་ན་གནས་དེ་དག་ཐམས་ཅད་དུ་ཐེག་ཆེན་གྱི་བསྟན་པ་དར་བར་མཛད་དོ།།
ཞོན་ཙང་གིས་མཛད་པའི་ཆེན་པོ་ཐང་གི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་ལས། ༼སློབ་དཔོན་ཐོགས་མེད།༽ དབང་པོ་ཤིན་ཏུ་རྣོ་ལ་གདམས་ངག་རྒྱུན་འཛིན་པས་ལམ་མཆོག་རྙེད་པ་ཞིག་གོ །ས་སྟོན་སྡེ་པ་ ༼ཤཱ་རིའི་བུས་ཞུས་པའི་མདོ་ལས་ནི། གནས་བརྟན་སྡེ་པའི་ཡ་གྱལ་ཡོད་སྨྲའི་བྱེ་བྲག་ཅིག་ཡིན་པར་གསུངས།༽ ལས་རབ་ཏུ་བྱུང་ཞིང་བསླབས་པ་ལས། རིང་པོར་མི་ཐོགས་པར་ཐེག་ཆེན་ལ་ཞུགས་དད་པར་གྱུར་ཏོ། །ཞེས་གསུངས། འོན་ཀྱང་རྒྱ་བོད་ཀྱི་ཆོས་འབྱུང་ཐམས་ཅད་དུ་མཁན་སློབ་གང་དག་གི་དྲུང་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའི་མཁན་སློབ་རྣམས་ཀྱི་མཚན་གྱི་གསལ་ཁ་མ་གཏན་ནས་རྙེད་དོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] པཎ་ཆེན་ཆོས་ཀྱི་ཉི་མའི་གསུང་འབུམ། ༼ཁ༽ བཀྲས་ལྷུན་པར་མ། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༣ བར།
[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༣༩
[3] དུས་འཁོར་དང་། འདུལ་བ། སྐྱེས་རབས་རྒྱ་ཆེར། མངོན་པ་ལས་གསུངས་པའི་རིག་བཅོ་བརྒྱད་འཇོག་ཚུལ་དད་དུ་ཡོད་པ་ལས། མཛོད་ལས་གསུངས་པའི་རིག་གནས་བཅོ་བརྒྱད་ནི། རོལ་མོ། འཁྲིག་ཐབས། འཚོ་ཚིས། གྲངས་ཅན། སྒྲ། གསོ་དཔྱད། ཆོས་ལུགས། བཟོ་བོ། འཕོང་དཔྱད། གཏན་ཚིགས། རྣལ་འབྱོར། ཐོས་པ། དྲན་པ། སྐར་མའི་དཔྱད། རྩིས། མིག་འཕྲུལ། སྔོན་རབས། སྔོན་བྱུང་བརྗོད་པ་དང་བཅོ་བརྒྱད་རྣམས་སོ།།
[4] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༧༥
[5] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཐོགས་མེད་བསྟོད་པ། དཔེ་རིང་། ཤོག་ ༡ན༡ ནས་ ༣ན༤ བར།
[6] བོད་ཀྱི་གྲུབ་མཐའི་རྣམ་བཤད། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༡ ལོ། ཤོག་གྲངས་ ༢༣༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༨༥ ནས་ ༤༨༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།