པ༽ གསང་སྔགས་ཀྱི་ཐུན་མིན་ཡོན་ཏན་བརྒྱད།
༡༽ གདོལ་པ་མོ་ལྔ་བརྒྱ་བཏུལ་བ།
དེ་ཡང་གསང་སྔགས་ཀྱི་ཡོན་ཏན་བརྒྱད་ནི། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[1]།
གདོལ་པ་མོ་དང་ཆང་ཚོང་ཐ་ག་པ། །བྲམ་ཟེ་རྔོན་པ་ཞིང་པ་སོགས་རྗེས་བཟུང་། །
ཕྱག་རྒྱ་ཆེན་པོ་མཆོག་གི་ལམ་ལ་བཀོད། །གྲུབ་ཐོབ་ཀུན་གྱི་བླ་མར་གྱུར་དེར་འདུད། །
ཅེས་པ་ནི། ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[2]། རྒྱལ་པོ་མཐོང་ན་དགའ་བའི་བུ་མོ་རོལ་པ་མོ་ཞེས་བྱ་བས་གདོལ་པ་མོ་ལྔ་བརྒྱ་བསྡུས་ཏེ་དྲང་སྲོང་ཀུན་ཏུ་རྒྱུ་ཞེས་པ་ལ་གདམས་ངག་ནོད་པ་ན། དེས་དགེ་སྦྱོང་དང་དྲང་སྲོང་སོགས་གང་ན་འདུག་པ་ལ་མི་ཚངས་པར་སྤྱོད་པའི་དངོས་པོ་བྱས་ན་དེའི་བྱིན་རླབས་བདག་གིས་འཐོབ་ཅིང་། དེའི་སྤྱོད་པས་ཀྱང་གྲོལ་བར་འགྱུར་རོ་ཞེས་བསྟན་པས། དེ་རྣམས་ཀྱི་ཚུལ་དེ་ལྟ་བུས་མང་པོ་ཞིག་བརྟུལ་ཞུགས་དག་ཕྲལ་ཏེ་ནགས་ཚལ་དང་བསྟི་གནས་ཀུན་ཏུ་རྒྱུ་བ་ན། སློབ་དཔོན་གྱིས་དེ་རྣམས་འདུལ་བའི་ཕྱིར་དྲང་སྲོང་མདོག་ནག་ཅིང་། སྐྲ་དང་ཨག་ཚོམ་སེར་བ་ཤིང་ཤུན་ཐོགས་པར་སྤྲུལ་ཏེ་ནགས་ཚལ་གྱི་དབུས་བདེ་བ་བཀོད་པར་བཞུགས་པ་ན། བུ་མོ་དེ་དག་འོངས་ཏེ་མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྲག་གོ །དེར་དྲང་སྲོང་གིས། ང་ནི་གནོད་སྦྱིན་ཡིན་ཏེ་བདག་ཏུ་འཛིན་པའི་སྲོག་གཅོད་པའོ། །ལོག་པར་ལྟ་བ་ཅན་རྣམས་བསད་དེ་ཡང་དག་པར་གཞུག་པའོ། །ཞེས་གསུངས་པས་ཐམས་ཅད་དད་པར་གྱུར་ནས་གདམས་པ་བསྟན་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །ཞེས་བྱུང་ངོ་།།
དེ་བཞིན་དུ་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས་[3]ཀྱང་། ཡུལ་དེ་ན་རྒྱལ་པོ་མཐོང་ན་དགའ་བའི་བུ་མོ་རོལ་པ་མོ་ཞེས་བྱ་བས། གདོལ་པ་མོ་ལྔ་བརྒྱ་བསྡུས་ཏེ་དྲང་སྲོང་ཀུན་ཏུ་རྒྱུ་ཞེས་པ་ལ་གདམས་ངག་ནོད་པ་ན་དེས་དགེ་སྦྱོང་དང་། དྲང་སྲོང་སོགས་གང་ན་འདུག་པ་ལ་མི་ཚངས་པར་སྤྱོད་པའི་དངོས་པོ་བྱས་ན་དེའི་བྱིན་རླབས་བདག་གིས་འཐོབ་ཅིང་དེའི་སྤྱོད་པ་ཡང་གྲོལ་བར་འགྱུར་རོ། །ཞེས་བསྟན་པས་དེ་རྣམས་ཀྱིས་ཚུལ་དེ་ལྟ་བུས་མང་ཞིག་བརྟུལ་ཞུགས་དང་ཕྲལ་ཏེ་ནགས་ཚལ་དང་བསྟི་གནས་ཀུན་ཏུ་རྒྱུ་བ་ན་སློབ་དཔོན་གྱིས་དེ་རྣམས་གདུལ་བའི་ཕྱིར་དྲང་སྲོང་མདོག་གནག་ཅིང་། སྐྲ་དང་ཨག་ཚོམ་སེར་བ་ཤིན་ཤུན་ཐོགས་པར་སྤྲུལ་ཏེ་ནགས་བདེ་བ་བཀོད་པར་བཞུགས་པ་ན། བུ་མོ་དེ་དག་འོངས་ཏེ་མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྲག་གོ །དེར་དྲང་སྲོང་གིས་ང་ནི་གནོད་སྦྱིན་ཡིན་ཏེ་བདག་ཏུ་འཛིན་པའི་སྲོག་གཅོད་པའོ། །ལོག་པའི་ལྟ་བ་ཅན་རྣམས་བསད་དེ་ཡང་དག་པར་གཞུག་པའོ། །ཞེས་བསྒྲགས་པས་དེ་ཐམས་ཅད་དད་པར་གྱུར་ཏེ་གདམས་པ་བསྟན་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་ནགས་དེ་ཡང་རིན་པོ་ཆེས་བརྒྱན་ཅིང་གྲུབ་པ་འབའ་ཞིག་གིས་གང་བར་མཐོང་ངོ་།།
༢༽ ཆང་ཚོང་སྨིན་གྲོལ་ལ་བཀོད་པ།
དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[4]། དེ་བཞིན་དུ་ཆང་ཚོང་ལྷན་ཅིག་སྐྱེས་པའི་རྡོ་རྗེ་ཞེས་པའི་ཆང་གིས་སྐྱེ་བོ་རྣམས་རྨོངས་པར་བྱེད་པ་ལ་ཆང་ཉོ་བ་ལྟར་བྱས་ནས་ཁྱོད་ཀྱིས་ཆང་འདི་ནི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་འཆོར། ཕྱི་མར་རང་གཞན་ངན་སོང་དུ་འགྲོ་བས་སྤང་བར་རིགས་ཀྱི་ང་ལ་ལྷན་ཅིག་སྐྱེས་པའི་ཆང་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་ཞིག་ཡོད་པ་ཁྱོད་ལ་སྦྱིན་ནོ་ཞེས་བྱིན་གྱིས་བརླབས་པས་གྲོལ་ཏེ་དེས་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་དུ་བྱས་སོ།།
༣༽ བྲམ་ཟེ་གཙང་སྦྲ་ཅན་སྨིན་གྲོལ་ལ་བཀོད་པ།
དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[5]། ཡང་བྲམ་ཟེ་ཁྲུས་དང་གཙང་སྦྲ་བྱེད་པ་འབུམ་ཕྲག་མང་པོ་ཡོད་པར་བྲམ་ཟེ་ཆེན་པོར་སྤྲུལ་ནས་བྱོན་ཏེ་ཁྲུས་བྱས་པ་འདིས་ཕྱིའི་དྲི་མའམ་ནང་གི་དྲི་མའམ་གང་འདག་པར་བལྟ། དེ་དག་ན་རེ་གཉིས་ཀ་འདག་པར་བལྟའོ། །སློབ་དཔོན་གྱིས་གསུངས་པ། ཕྱིའི་དྲི་མ་འདག་མོད། ནང་གི་དྲི་མ་དུས་འགར་བཀྲུས་པས་འདག་ན་དུས་ཐམས་ཅད་དུ་ཆུ་ནང་ན་གནས་པའི་ཉ་དང་སྦལ་པ་སོགས་ཅིས་མི་འདག་ཅེས་སྨྲས་པས་དེ་རྣམས་ཐེ་ཚོམ་སྐྱེས་ཏེ། སྐྱེས་བུ་དམ་པ་འོ་ན་ཐབས་གང་གིས་འདག་པར་འགྱུར་ཞེས་དྲིས་པས། ཕྱི་གཟུང་བའི་ཡུལ་མེད་པས་དག་པར་བྱ་བ་དང་། ནང་འཛིན་པའི་སེམས་མེད་པས་དག་པར་བྱའོ། །ཞེས་བསྟན་པས་དེ་རྣམས་གྲོལ་བར་གྱུར་ཏོ། །ཞེས་དང་། ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[6]། ཡང་བྲམ་ཟེ་ཁྲུས་དང་གཙང་སྦྲ་བྱེད་པ་འབུམ་ཕྲག་མང་པོ་ཡོད་པའི་གནས་སུ་བྲམ་ཟེའི་རྒན་པོར་སྤྲུལ་ནས་བྱོན་ཏེ། བྲམ་ཟེ་རྣམས་ལ་ཁྲུས་འདིས་ཕྱི་ནང་གི་དྲི་མ་གང་དག་གསུངས་པས། གཉིས་ཀ་འདག་པར་སྨྲས་པས། སློབ་དཔོན་གྱིས་ཕྱི་ཡི་དག་མོད། ནང་གི་དྲི་མ་དུས་འགར་བཀྲུས་པས་འདག་ན། དུས་ཐམས་ཅད་དུ་ཆུ་ནང་ན་གནས་པའི་ཉ་དང་སྦལ་པ་སོགས་ཅིས་མི་འདག་ཅེས་གསུངས་པས། དེ་རྣམས་ཐེ་ཚོམ་སྐྱེས་ཏེ། འོ་ན་སྐྱེས་བུ་དམ་པ་ཐབས་གང་གིས་དག་ཞུས་པས། ཕྱི་བཟུང་བའི་ཡུལ་མེད་པས་དག་པར་བྱ་བ་དང་། ནང་འཛིན་པའི་སེམས་མེད་པས་དག་པར་བྱེད་པའང་མེད་ཅེས་གདམས་པས། ངོ་བོ་ཉིད་མེད་པའི་དོན་རྟོགས་ནས་གྲོལ་བར་གྱུར་ཏོ། །ཞེས་གསལ་ལ་གོ་རིམ་དང་དབྱེ་ཚུལ་ཅུང་མི་འདྲ་བ་མཆིས་སོ།།
༤༽ ཞིང་པ་དང་ཐ་ག་པ་སྨིན་གྲོལ་ལ་བཀོད་པ།
དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[7]། དེ་བཞིན་དུ་རྒྱལ་པོའི་ཞིང་པ་ལྔ་བརྒྱའི་གཙོ་བོ་ཞིང་པ་པདྨའི་རྡོ་རྗེ་དང་། ཨོ་རྒྱན་ན་ཐ་ག་པ་རྣམས་ཀྱི་གཙོ་བོ་ཐ་ག་པ་གྲུབ་པའི་རྡོ་རྗེ་བྱ་བ་དག་རང་རང་གི་ལས་ཀྱི་མཐས་སྐྱོ་བ་ན་དེ་མ་ཐག་སློབ་དཔོན་དེར་གཤེགས་ཏེ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་གྲོལ་བར་གྱུར་ཏེ་དེ་དག་གིས་རང་རང་གི་འཁོར་རྣམས་གྲོལ་བར་བྱས་སོ། །ཞེས་དང་། ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[8]། ཨོ་རྒྱན་གྱི་ཡུལ་ན་ཐ་ག་པ་གྲུབ་པའི་རྡོ་རྗེ་བྱ་བ་དག་རང་རང་གི་ལས་ཀྱི་མཐའ་ལ་སྐྱོ་ཞིང་གནས་པའི་ཚེ། སློབ་དཔོན་དེར་གཤེགས་ཏེ་དབང་བསྐུར་ཞིང་བྱིན་གྱིས་བརླབས་པས་གྲོལ་བར་གྱུར་ཏེ་དེ་དག་གིས་རང་རང་གིས་འཁོར་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དོ། །ཞེས་བྱུང་ངོ་།།
༥༽ རྔོན་པ་སྨིན་གྲོལ་ལ་བཀོད་པ།
དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[9]། ཡང་བྷ་དྷ་ཝ་བྱ་བ་རྟག་ཏུ་རྔོན་པ་བྱེད་པ་ཞིག་གིས་ཀྲྀཥྞ་སཱ་ར་ཞིག་ལ་མདས་བཀང་བས་དེ་ན་རེ།
ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འཐོབ། །བསམ་གཏན་གྱིས་ནི་ཁྱད་པར་འགྱུར། །
སྡིག་པ་ཡིས་ནི་ངན་སོང་སྟེ། །རྨོངས་ཤིང་རྨོངས་པ་དེ་བཞིན་ནོ། །
ཞེས་ཟེར་བས། སྔོན་གྱི་བག་ཆགས་སད་དེ་དད་པ་སྐྱེས་པའི་དུས་ཁོ་ནར་སློབ་དཔོན་བྱོན་ཏེ་སྨིན་གྲོལ་དུ་བྱས་སོ། །ཞེས་དང་། ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[10]། ཡང་བྷ་དྷ་ཝ་བྱ་བ་རྟག་ཏུ་རྔོན་བྱེད་པ་ཞིག་གིས། ཀྲིཥྞ་སཱ་ར་ཞིག་ལ་མདའ་བཀང་པས། རི་དྭགས་ཀྱིས། ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་འཐོབ། །བསམ་གཏན་གྱིས་ནི་ཁྱད་པར་འགྱུར། །སྡིག་པ་ཡིས་ནི་ངན་སོང་སྟེ། །རྨོངས་ཤིང་རྨོངས་པས་དེ་བཞིའོ། །ཞེས་ཟེར་བས་སྔོན་གྱི་བག་ཆགས་སད་དེ་དད་པ་སྐྱེས་པའི་དུས་དེར། སློབ་དཔོན་ཞི་བ་ལྷ་བྱོན་ཏེ་སྨིན་ཅིང་གྲོལ་བར་མཛད་དོ། །ཞེས་གསལ་ལོ།།
༦༽ རྫུ་འཕྲུལ་གྱིས་མུ་སྟེགས་པ་བཏུལ་བ།
དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[11]། མུ་སྟེགས་བཏུལ་བ་ནི་ཕལ་ཆེར་སྔ་མ་དང་མཚུངས་པ་ལས་འདིར་ཁྱད་པར་ནི། ཡུལ་གངྒཱ་པ་ཏ་ལ་བྱ་བར་བྲག་ཕུག་གི་གཙུག་ལག་ཁང་ཆེན་པོ་ཞིག་ན་མུ་སྟེགས་པ་ལྔ་བརྒྱ་དང་། ནང་པ་མང་དུ་ཚོགས་ནས་སྒོམ་ཞིང་ཡོན་བདག་རྒྱལ་པོ་དཔའ་བོའི་དབང་པོས་བྱིན་གྱིས་བྱེད་པ་ལས་མུ་སྟེགས་པ་ན་རེ་རྫུ་འཕྲུལ་བསྟན་ལ་སུ་ཕམ་པ་དེ་མཆོད་གནས་སུ་མི་གནང་ངོ་། །ཞེས་ཟེར་ཏེ་ནང་པའི་ནང་ན་རྫུ་འཕྲུལ་ཤེས་པ་མེད་པའི་ཚེ་སློབ་དཔོན་གྱིས་ཚིགས་མས་འཚོ་བའི་སྤྱོད་པས་དེར་བྱོན་པ་ན་ཁྲུད་ཆུ་ཕོག་པ་ཁོལ་བའི་ཆོ་འཕྲུལ་མཐོང་ནས་གསོལ་བ་བཏབ་པར་བཞེད་དོ། །དེ་དག་ཏུ་ནང་གི་ཡོན་ཏན་རྫོགས་ཚུལ་ནི་དང་པོར་འཇམ་དཔལ་གྱིས་སེམས་ལ་དབང་ཐོབ་པའི་དངོས་གྲུབ་ཅེས་བྱ་བ་གནང་བས་རང་ཉིད་ཉོན་མོངས་པའི་དབང་དུ་མི་འགྲོ་ཞིང་། གཞན་འདུལ་བའི་ནུས་པ་དང་ལྡན་པར་གྱུར་ཏེ་གདོལ་པ་མོ་རྣམས་བཏུལ་ལོ།།
༧༽ མུ་སྟེགས་ཀྱི་དཀྱིལ་འཁོར་བཤིགས་པ།
དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[12]། དེ་བཞིན་དུ་རྫུ་འཕྲུལ་གྱི་སྟོབས་ཀྱིས་འཇུག་པ་དང་། དབང་པོ་སྦྱོང་བ་དང་། སྒོམ་པའི་ཉམས་རྫོགས་པ་དང་། སེམས་ཀྱི་ཆོ་འཕྲུལ་ཀུན་ཏུ་སྣང་བ་དང་། རྫུ་འཕྲུལ་ཤུགས་ཀྱིས་གྲུབ་པ་རྣམས་གནང་བ་རིམ་བཞིན་ཆང་ཚོང་དང་། བྲམ་ཟེ་དང་། ཞིང་པ་དང་། ཐ་ག་པ་དང་། རྔོན་པ་བཏུལ་ལོ། །བདུན་པར་སྐྱབས་གནས་རྫོགས་པ་ཞེས་བྱ་བ་གནང་བས་མུ་སྟེགས་ཀྱི་དཀྱིལ་འཁོར་བཤིག་གོ །ཞེས་བྱུང་ལ། དེ་བཞིན་ཀརྨ་མཁན་པོས་ (1835-1913) མཛད་པའི་མཁན་ཆེན་ཞི་བ་ལྷའི་རྣམ་ཐར་ཚིགས་བཅད་མའི་འགྲེལ་ཆུང་གཡས་འཁྱིལ་སྐྱེ་བ་ལྔ་པའི་སྒྲ་དབྱངས་ལས[13]། འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་སྟེ་ནང་གི་ཡོན་ཏན་རྫོགས་ཚུལ་ནི། འཇམ་དཔལ་གྱིས་དང་པོ་སེམས་ལ་དབང་ཐོབ་པའི་དངོས་གྲུབ་དང་། རྫུ་འཕྲུལ་གྱི་སྟོབས་དང་། དབང་པོ་སྦྱོང་བ་དང་། སྒོམ་པའི་ཉམས་རྫོགས་པ་དང་། སེམས་ཀྱི་ཆོ་འཕྲུལ་ཀུན་ཏུ་སྣང་བ་དང་། རྫུ་འཕྲུལ་ཤུགས་ཀྱིས་གྲུབ་པ་རྣམས་གནང་ངོ་། །ཨ་ཏི་ཤས་སྔགས་ཀྱི་ཡོན་ཏན་བདུན་པ་མུ་སྟེགས་པའི་དཀྱིལ་འཁོར་བཤིགས་པ་དང་། བརྒྱད་པ་ཙནྡན་རལ་གྲིས་རྒྱལ་པོ་བཏུལ་བར་བཞེད། འཕགས་ཡུལ་གྲུབ་པའི་སློབ་དཔོན་རྣམས་ཀྱིས་དགོངས་བཞེད་ཆིག་དྲིལ་ཚིགས་སུ་བཅད་པའི་དགོངས་དོན་ལྟར་ན་སོགས་ཁོངས་དེར། གངྒཱ་པ་ཏ་ལའི་རྒྱལ་པོའི་མཆོད་གནས་ཀྱི་མུ་སྟེགས་པ་བཏུལ་བ་བདུན་པ་དང་། རྗེས་བཟུང་གནས་ནི་འཇམ་དཔལ་གྱིས་ཞལ་ཡང་ཡང་བསྟན་ནས་མངོན་ཤེས་རྫུ་འཕྲུལ་གྱི་སྒོ་དྲུག་གནང་བ་བརྒྱད་པ་ཡིན་པ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་བཞེད་པ་ཅུང་ཟད་རེ་མི་མཐུན་པར་སྣང་ངོ་།།
ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་མགོན་པོ་ཞི་བ་ལྷ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་དངོས་གྲུབ་ཀུན་འབྱུང་ལས[14]། དེ་ལ་འདིར་དལ་བའི་རྟེན་ལ་སྙིང་པོ་བླང་བའི་ཕྱིར་མགོན་པོ་ཞི་བ་ལྷ་དང་རྩ་བའི་བླ་མ་དབྱེར་མེད་དུ་བྱས་པའི་བླ་མའི་རྣལ་འབྱོར་སྒོམ་པར་འདོད་པས། མགོན་པོ་ཞི་བ་ལྷ་ནི་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་བསྒོམས་ན་ཕན་ཡོན་ཆེ། ཞེས་དང་། འགྲོ་ལ་བརྩེ་བའི་ཐབས་མཁས་མཛད་པ་ཡིས། །ཐེག་མཆོག་ལམ་བཟང་གསལ་བར་སྟོན་མཛད་པ། །ཐེག་ཆེན་སྲོལ་འབྱེད་མགོན་པོ་ཞི་བ་ལྷ། །ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །ཞེས་སོགས་གསལ་བ་ལྟར། མགོན་པོ་ཞི་བ་ལྷ་རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པར་གསུངས་སོ།།
༨༽ རྫུ་འཕྲུལ་གྱི་སྒོ་ནས་བསླབ་སྤྱོད་ཀྱི་དོན་གསུངས་ཚུལ།
དེ་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[15]།
རྒྱ་མཚོ་ལྟ་བུའི་བསྟན་བཅོས་བགྲང་ཡས་ཀྱང་། །ཐར་འདོད་བྱང་ཆེན་ལམ་དུ་གཞུག་པ་ལ། །
བདུད་རྩིའི་ཉིང་ཁུ་སྟེར་བྱེད་ཁྱོད་ལས་སུ། །དེ་ཕྱིར་སྟོན་པ་གཉིས་པ་ཁྱོད་ལ་འདུད། །
ཅེས་དང་། དེ་བཞིན་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[16]།
མཁྱེན་གཏེར་དབང་པོའི་གཟི་བྱིན་ཉི་འོད་ཀྱིས། །རྟག་ཏུ་བསྐྱངས་པའི་བློ་གྲོས་པདྨའི་ཚལ། །
བཞད་ཅིང་མདོ་སྔགས་གཞུང་དོན་དྲི་བསུང་མངར། །འཐུལ་འཛད་ཞི་བ་ལྷ་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ་ཟབ་རྒྱས་མཐའ་ཡས་པའི་སྙིང་པོ་ལས[17]། དེ་ཐམས་ཅད་ཀྱང་སྐུའི་བཀོད་པ་ཡིན་གྱི་སློབ་དཔོན་དངོས་ནི་རྒྱལ་པོའི་བློན་པོ་ལས་གཡོ་བ་མེད་ལ། རྫུ་འཕྲུལ་དུ་མ་བསྟན་ཀྱང་དེ་དག་གིས་སློབ་དཔོན་གྱི་ཡོན་ཏན་མ་འཕྲིགས་པ་ན་སྟོན་མོ་ཞིག་གི་དུས་རང་རང་གི་ལག་ཆ་ཅི་ཡོད་ཐོགས་ནས་ཕོ་བྲང་ལ་སྐོར་བ་བྱེད་པ་ན་སློབ་དཔོན་གྱིས་རལ་གྲི་ཤུབས་བཅས་ཐོགས་པ་མཐོང་བས། རྒྱལ་པོས་དྲིས་པ་ན་མི་རུང་བ་ཞིག་ཡོད་ཟེར། ཅིས་ཀྱང་ཕྱུང་ཞིག་བྱས་པས་སྤྱན་ཡ་གཅིག་ཁོབ་ཅིག་ཟེར་ཏེ་ཕྱེད་ཤུབས་ནས་ཕྱུང་བའི་འོད་ཟེར་གྱིས་སྤྱན་གཅིག་ཞར། དེར་རྣལ་འབྱོར་པར་རིག་ནས་བཀུར་སྟི་བྱེད་པར་འདོད་པ་ན་གངྒཱ་པ་ཏ་ལར་བྲོས་ཏེ་དེ་ཕྱིན་རྒྱལ་པོའི་འཁོར་ན་མི་སྣང་ངོ་།།
དེར་རྒྱལ་པོའི་མཆོད་གནས་དགེ་སློང་ཨེ་ལ་དྷ་རི་ཡང་ཕྱིར་སོང་སྟེ་ཁོང་གཉིས་ཀྱིས་གཙུག་ལག་ཁང་དེ་ཝ་མ་ཏིར་ཕྱིན་ནས་སློབ་དཔོན་གྱིས་དགེ་སློང་དྷ་ར་ཤྲཱི་ནཱ་མ་ལས་རབ་ཏུ་བྱུང་སྟེ། སློབ་སྦྱོང་མ་བྱས་པར་འོད་གསལ་སྒོམ་ཞིང་བཞུགས་སོ། །དེའི་ཚེ་སངས་རྒྱས་པ་ན་ད་ལྟར་གྱི་ཤེས་པའི་རྒྱུན་འདིས་སྤྱོད་པར་བྱེད་དམ། འོན་ཏེ་ཤེས་པ་ཙམ་ཡང་མི་དམིགས་སྙམ་ནས་འཕགས་པ་ལ་དྲིས་པས། རྐྱེན་གྱི་སྟོབས་ཀྱིས་ལྟེ་བ་འཁོར། །ཞེས་སོགས་རྐང་པ་བཅུ་གཉིས་གསུངས། དེ་མ་གོ་ནས་ཞུས་པས་སྤྱོད་འཇུག་ལེའུ་བཅུའི་དོན་གསུངས།
ཡང་སངས་རྒྱས་པའི་ཚེ་ཡེ་ཤེས་ཙམ་ཡང་མི་དམིགས་ན་སེམས་ཅན་གྱི་དོན་ཇི་ལྟར་བྱེད་སྙམ་ནས་འཕགས་པ་ལ་དྲིས་པས་ངའི་རལ་གྲི་ཡིད་ལ་གྱིས་ཤིག་གསུངས། དེ་མ་གོ་ནས་དྲིས་པས་རྣམ་འཕྲུལ་འདི་ལ་ལྟོས་ཤིག་གསུངས་ཏེ་མཚོ་ཆེན་པོ་ཞིག་གི་ནང་ན་གསེར་གྱི་ཉ་དང་ལྕགས་ཀྱི་སྡིག་པ་ཡོད་པ། མཚོ་ནང་ནས་པདྨའི་སྡོང་པོ་ཁ་གསུམ་དུ་གྱེས་པའི་དབུས་མའི་སྟེང་ན་མཆོད་རྟེན་བང་རིམ་བཞི་སྲོག་ཤིང་འཁོར་ལོ་བཅུ་གསུམ་ཆར་ཁེབས་ཏོག་རྒྱན་དང་བཅས་པའི་དབུས་ན་འཇམ་དཔལ་འཁོར་ལོས་བསྒྱུར་བའི་ལུགས་སུ་བཞུགས་པ། བུམ་པའི་ནང་ན་ཤཱཀྱ་ཐུབ་པ་བཞུགས་པ་ལ་ཕྱོགས་བཞི་ན་རྒྱལ་ཆེན་བཞིས་ལྷུང་བཟེད་འབུལ་བ། ནམ་མཁའི་སྤྲིན་གསེབ་ན་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་། དེའི་མདུན་སྐྱ་རེངས་འཕྲིན་སྐྱེལ་བའི་ཚུལ་དུ་འདུག་པ། མཚོའི་མཐའ་ན་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ། མཚོ་ནང་ན་དཔག་བསམ་གྱི་ཤིང་སྐྱེས་པའི་སྟེང་ན་འཁོར་ལོས་བསྒྱུར་རྒྱལ་རིན་ཆེན་བདུན་ཉེ་བའི་རིན་ཆེན་བདུན་དང་བཅས་པ། མཚོའི་ཕྱོགས་བཞི་ནས་ཆུ་བཞི་འབབ་པ། པད་སྡོང་ཁག་གསུམ་གྱི་གཡས་ངོས་ལ་ཉན་ཐོས་ཀྱི་མཆོད་རྟེན། གཡོན་ལ་རང་རྒྱལ་གྱི་མཆོད་རྟེན་དང་རི་བོང་གཉིས་ཡོད་པ། མཆོད་རྟེན་གསུམ་གྱི་འོག་ན་པ་ཏྲ་འཁྱིལ་བ་མང་དུ་ཡོད་པའི་འོག་ན་ཚེས་གཅིག་གི་ཟླ་བ་ཡོད་པ། དེའི་གོང་ན་གསེར་གྱི་འཁོར་ལོ་རྩིབས་བཅུ་གཉིས་པ། དེའི་གོང་ན་གླང་པོ་ཆེ་ཐལ་ཀར་གསེར་གྱིས་བརྒྱན་པའི་སྟེང་ན་གདུགས་དཀར་པོ་ཡོད་པ། འཇམ་དཔལ་དེའི་ཕྱག་གཉིས་ན་ཨུཏྤལ་རེ་རེའི་སྟེང་ན་རལ་གྲི་རེ་ཡོད་པ། དེའི་ཡུ་བ་ལ་དེ་བཞིན་གཤེགས་པའི་མཛོད་སྤུ་ལྟ་བུའི་ཐིག་ལེ་རེ་ཡོད་པ། རལ་གྲིའི་ལོགས་ལ་ཐིག་ལེ་བཅུ་གསུམ་རེ་ཡོད་པ། རལ་གྲིའི་རྩེ་མོ་གཉིས་ན་རིན་པོ་ཆེ་འོད་འབར་བ་རེ་རེ་ཡོད་པ། དབུའི་གཙུག་ཏོར་གྱི་ཐད་ཀར་རལ་གྲི་གཉིས་རྩེ་མོ་ཕྲད་པས་རིན་པོ་ཆེའི་མྱུ་གུ་གཅིག་བྱུང་བ། དེའི་སྟེང་ན་རིན་པོ་ཆེ་འབར་བ་གཅིག་ཡོད་པ་རྣམས་བསྟན་ཏོ།།
དེ་ལས་སློབ་དཔོན་གྱིས་བསླབ་བཏུས་ཀྱི་དོན་རྣམས་སུ་གོ་ནས་ལྟ་བ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་བྱ་བ་བྱུང་སྟེ་དབང་པོ་རབ་མགོ་སྨོས་པས་གོ་བ་རྣམས་ལ་འཁོར་ལོས་བསྒྱུར་བ་ལ་དཔེ་བླངས་ཏེ་རྩ་བའི་དོན་དགོས་འབྲེལ་ཡན་ལག་བདུན་འཁོར་ལོས་བསྒྱུར་བའི་ལོངས་སྤྱོད་ལྟར་བཤད་པ་དང་། འབྲིང་དྲང་ཞིང་བྲིད་དགོས་པ་ལ་མཚོ་ཆེན་པོ་ཆུ་བོ་བཞི་འབབ་པ་ལ་དཔེ་བྱས་ནས་གཞུང་ཉེ་བར་བསྡུ་བའི་ཡན་ལག་ལྔ་ཆུ་བོ་ལྟར་བཤད་པ་དང་། དཔག་བསམ་གྱི་ཤིང་ལྟར་མིང་ཚིག་ལས་སྤྲོས་ཏེ་གདུང་བཅང་བའི་ཡན་ལག་ལྗོན་ཤིང་གི་ལོ་འདབ་ལྟར་བཤད་པ་གཉིས་སོ། །དབང་པོ་ཐ་མ་རྣམ་པར་ཕྱེ་སྟེ་སྤྲོས་ནས་འཆད་དགོས་པ་ལ་སྔ་མ་གསུམ་དང་། སྐུ་གསུམ་ཆོས་ཅན་རིག་པའི་ཆ་དང་། ཆོས་ཉིད་དབྱིངས་ཀྱི་ཆ་དང་། དགག་བྱ་མི་མཐུན་པའི་ཆ་དང་དྲུག་པོ་ཤེས་པར་བྱ་བའི་ཕྱིར་སྔར་གྱི་རྣམ་འཕྲུལ་ལ་དཔེ་ཆུང་ཞིག་མཛད་དོ། །དེ་ནས་ཨེ་ལ་དྷ་རི་[18]འདུག་སྟེ་སློབ་དཔོན་གྱིས་ཆོས་ཤེས་སམ་དྲིས་པས་བསླབ་སྤྱོད་གཉིས་ཤེས་ཟེར་ཏེ་དེ་ཡང་དངོས་གྲུབ་བརྙེས་པ་རྫུ་འཕྲུལ་དང་ལྡན་པར་གྲགས་སོ། །ཞེས་གསལ་ལོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༡ན༣
[2] ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་ ༡ན༣ ནས་ ༧ན༦ བར།
[3] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༥ན༣
[4] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༥ན༣
[5] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༥ན༣
[6] ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་ ༡ན༣ ནས་ ༧ན༦ བར།
[7] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༥ན༣
[8] ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་ ༡ན༣ ནས་ ༧ན༦ བར།
[9] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༥ན༣
[10] ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༣ ནས་ ༧ན༦ བར།
[11] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༥ན༣
[12] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༥ན༣
[13] ཀརྨའི་མཁན་པོའི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡ན༣ ནས་ ༧ན༦ བར།
[14] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༢༨༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༣༥༩
[15] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༡ན༣
[16] པཎ་ཆེན་ཆོས་ཀྱི་ཉི་མའི་གསུང་འབུམ། ༼ཁ༽ བཀྲས་ལྷུན་པར་མ། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༣ བར།
[17] དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད། དཔེ་རིང་། ཤོག་གྲངས་ ༥ན༣
[18] ཨརྱ་ཨེ་ལ་དྷ་རི་ནི། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྲས་ཀྱི་ཐུ་བོ་སྟེ། རྒྱལ་སྲས་ཞི་བ་ལྷ་ལས་ཐེག་པ་ཆེན་པོའི་ལམ་གྱི་རིམ་པའི་མན་ངག་ཡོངས་སུ་རྫོགས་པ་གསན་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བས་ལམ་གོང་མའི་རྟོགས་པ་མཉམ་པ་ཞིག་ཡིན་ཞེས་བཀའ་གདམས་གླེགས་བམ་ལས་གསུངས་སོ།།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༥ ནས་ ༡༢༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།