བ༽ ཁུངས་བཙན་པའི་ནང་ཆོས་ཀྱི་ཁྱད་ཆོས།

བ༽ ཁུངས་བཙན་པའི་ནང་ཆོས་ཀྱི་ཁྱད་ཆོས།

 

དེ་ཡང་། འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ (1182-1251) གྱིས་མཛད་པའི་ཐུབ་པ་དགོངས་གསལ་ལས[1]། མདོར་ན་སངས་རྒྱས་ཀྱིས་གསུངས། སྡུད་པ་པོས་བསྡུས། གྲུབ་ཐོབ་རྣམས་ཀྱིས་བསྒོམས། པཎྜི་ཏས་བཤད། ལོ་ཙཱ་བས་བསྒྱུར། མཁས་པ་རྣམས་ལ་གྲགས་པ་གཅིག་སངས་རྒྱས་ཀྱི་བསྟན་པ་ཡིན་པས། དེ་ལ་ཉན་བཤད་སྒོམ་སྒྲུབ་བྱེད་དགོས་སོ། །ཞེས་གསུངས་པ་ལྟར། ནང་བསྟན་འདི་ཉིད་ནི་ཐོག་མར་བཞི་བཅོམ་དྲུག་ལྡན་གྱི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེས་གསུངས་ཤིང་།

བཀའ་སྡུད་པ་པོ་རྣམས་ཀྱིས་ཡོངས་སུ་བསྡུས་པ་དང་། འཇིག་རྟེན་མིག་འབྱེད་ཀྱི་ལོ་ཙཱ་བ་རྣམ་པས་སྐད་རིགས་སྣ་ཚོགས་ནས་བོད་སྐད་དུ་བསྒྱུར་ཅིང་། གནས་ལྔ་རིག་པར་ནང་བྱན་ཆུད་པའི་པཎྜི་ཏ་རྣམས་ཀྱིས་ཞིབ་བསྡུར་ཞུ་དག་དང་འཆད་ཉན་གྱིས་གཏན་ལ་ཕབ། དེ་དག་ཐམས་ཅད་ལ་གཏོང་ཕོད་ཅན་གྱི་ཆོས་རྒྱལ་རིམ་བྱོན་རྣམས་ཀྱིས་སྦྱིན་བདག་མཛད། མཆོག་ཐུན་གྱི་དངོས་གྲུབ་ཐོབ་པའི་གྲུབ་ཐོབ་རྣམས་ཀྱིས་ཉམས་སུ་བཞེས་ཏེ་ཐུགས་རྒྱུད་ལ་ཉམས་རྟོགས་ཁྱད་དུ་འཕགས་པ་འཁྲུངས་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་དེ་ལྟ་བུའི་ཁྱད་འཕགས་ཕུལ་བྱུང་ཞིག་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་ལེགས་བཤད་བློ་གསར་མིག་འབྱེད་ལས་[2]ཀྱང་། བོད་ཀྱི་ནང་པའི་ཆོས་ལུགས་ཐམས་ཅད་ཀྱི་རྩ་བའི་འབྱུང་ཁུངས་མདོ་དང༌། རྒྱུད་སྡེ་རྣམས་ཐོག་མར་གསུང་པ་པོ་སྟོན་པ་སངས་རྒྱས་ཀྱིས་གསུངས། བར་དུ་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་རྣམས་ཀྱིས་མདོ་རྒྱུད་ཀྱི་དགོངས་དོན་རྣམས་དཔྱད་གསུམ་རྣམ་པར་དག་པའི་རིགས་པའི་ལམ་ལས་དྲངས་ཏེ་བཤད་ཅིང་གཏན་ལ་ཕབ། གྲུབ་ཐོབ་རྣལ་འབྱོར་པ་ཆེན་པོ་རྣམས་ཀྱིས་ཉམས་སུ་བླངས་ཏེ་རྟོགས་པ་ཚད་མ་ཐུགས་རྒྱུད་ལ་འཁྲུངས་པའི་གདམས་པ་ཟབ་མོ། མཐའ་མར་བོད་གངས་ཅན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་དང༌། སྔོན་གྱི་ལོ་ཙཱ་བ་བཀའ་དྲིན་ཅན་དེ་རྣམས་ཀྱིས་ནོར་ལོངས་སྤྱོད་ལྟ་ཅི། ལུས་དང་སྲོག་ལའང་མི་ལྟ་བའི་དཀའ་སྤྱད་དང༌། བརྩོན་འགྲུས་དྲག་པོས་རྒྱ་བལ་གྱི་ཡུལ་གྲུ་དུ་མ་ཆུ་བཞིན་ཉུལ་ཏེ་རྩོད་མེད་ཡོངས་སུ་གྲགས་པའི་པཎྜི་ཏ་དང༌། གྲུབ་ཐོབ་མང་པོ་མཉེས་པ་གསུམ་གྱིས་མཉེས་པར་བྱས་ནས་གདམས་པ་རྣམས་གསན་ཞིང༌། གསུང་རབ་བོད་སྐད་དུ་བསྒྱུར་བ་དེ་རྣམས་ཡིན། དེ་དག་གཞི་དང་རྩ་བར་བཟུང་ནས་ཉན་བསམ་སྒོམ་གསུམ་བྱེད་པ་མ་གཏོགས་དེ་དག་དང་མི་མཐུན་པའི་ཆོས་བོད་ཀྱི་བླ་མས་རང་བཟོ་བྱས་པ་གཅིག་ཀྱང་མེད། དཔེར་ན་བོད་ཀྱི་ནང་པའི་ཆོས་པ་སུ་འདྲ་ཞིག་ཡིན་རུང༌། ཆོས་ཀྱི་གནད་དོན་སྐོར་དོགས་སེལ་དང༌། ཁུངས་གཏུགས་དགོས་པ་ཅུང་ཟད་གཅིག་བྱུང་ནའང་སངས་རྒྱས་ཀྱི་གསུང་ངམ། རྒྱ་གར་པཎ་གྲུབ་གང་རུང་ཞིག་གི་གསུང་ལ་ཁུངས་གཏུགས་ནས་བྱེད་བཞིན་པ་ཡིན་ནོ། །ཞེས་གསུངས་སོ།།

དེ་བཞིན་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་པ་དྲང་སྲོང་རིག་འཛིན་བརྒྱུད་པའི་ཞལ་ལུང་ལས[3]། གཉིས་པ་ཆེ་བ་དྲུག་ལྡན་གྱི་ཚུལ་བྱེ་བྲག་ཏུ་བསྟན་པ་ནི། མཁས་པ་ཆེན་པོ་རོང་ཟོམ་པས། གསང་སྔགས་སྔ་འགྱུར་ལ་ཕྱི་འགྱུར་བ་རྣམས་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དྲུག་ཡོད་ཅེས་གསུངས་ཏེ། དང་པོ་སྤྱན་འདྲེན་ཡོན་བདག་གི་ཆེ་བ་ནི། སྔ་འགྱུར་གྱི་ཡོན་བདག་འཕགས་པ་རིགས་གསུམ་མགོན་པོ་རྣམ་པ་རྒྱལ་པོའི་ཚུལ་བཟུང་བ་མངའ་བདག་མེས་དབོན་རྣམ་གསུམ་ཡིན་པས་ཕྱིས་འགྱུར་བ་རྣམས་ཀྱི་ཡོན་བདག་དང་མི་འདྲ། གཉིས་པ་གང་དུ་བསྒྱུར་ཅིང་གཏན་ལ་ཕབ་པའི་གནས་ནི། སྔོན་སྤྲུལ་པའི་གཙུག་ལག་ཁང་བསམ་ཡས་སོགས་ཆོས་འཁོར་སྟོད་སྨད་དུ་ཡིན་པས། ད་ལྟའི་དགོན་ཕག་ཕུག་ཏུ་བསྒྱུར་བ་དང་མི་འདྲ། གསུམ་པ་སྒྱུར་བྱེད་ལོ་ཙཱ་བའི་ཁྱད་པར་ནི། སྔོན་གྱི་ལོ་ཙཱ་བ་སྒྲ་སྒྱུར་བཻ་རོ་ཙ་ན་དང་། སྐ་ཅོག་ཞང་གསུམ། རྨ་གཉགས་སོགས་སྤྲུལ་པའི་ལོ་ཙཱ་བས་བསྒྱུར་བའི་ཆོས་ཡིན། ད་ལྟའི་ལོ་ཙཱ་བ་དབྱར་མང་ཡུལ་དུ་བསྡད། དགུན་རྒྱ་བལ་དུ་ཡུག་རེ་ཕྱིན་ནས་བསྒྱུར་བ་དང་མི་འདྲ། བཞི་པ་པཎྜི་ཏའི་ཁྱད་པར་ནི། སྔོན་གྱི་པཎྜི་ཏ་མཁན་པོ་ཞི་བ་འཚོ་དང་། སངས་རྒྱས་གསང་བ་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། པཎ་ཆེན་བི་མ་ལ་མི་ཏྲ་སོགས་སངས་རྒྱས་དང་ས་ཆེན་པོ་ལ་བཞུགས་པའི་བྱང་འཕགས་རྣམས་ཀྱིས་སྤྱན་དྲངས་པའི་ཆོས་ཡིན། ད་ལྟའི་གསེར་འཚོལ་དུ་འཁྱམས་པའི་པཎྜི་ཏ་དང་མི་འདྲ། ལྔ་པ་ཞུ་རྟེན་མེ་ཏོག་གི་ཁྱད་པར་ནི། སྔོན་གསེར་ཤ་བའི་རླིད་བུ་གང་དང་བྲེ་ལ་གཞལ་ནས་ཕུལ་ཏེ་ཞུས་པའི་ཆོས་ཡིན། ད་ལྟ་མཆན་ནས་གསེར་ཞོ་རེ་རེ་གཉིས་གཉིས་བཏོན་ནས་ཞུས་པ་དང་མི་འདྲ། དྲུག་པ་ཆོས་ཀྱི་ཁྱད་པར་ནི། སྔོན་འཕགས་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་གྲ་མ་ཉམས་པའི་དུས་སུ་བསྒྱུར་བར་མ་ཟད། འཕགས་ཡུལ་ན་མེད་པའི་རྒྱུད་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་དང་། གྲུབ་པ་དང་། རིག་པ་འཛིན་པ་དང་། མཁའ་འགྲོ་མ་རྣམས་ཀྱིས་བཟུང་སྟེ། དག་པའི་ཞིང་ན་བཞུགས་པ་དང་། འཛམ་བུའི་གླིང་གི་ཆ་ཤས་སིངྒ་ལ་དང་། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་སོགས་ནས་སློབ་དཔོན་ཆེན་པོ་པདྨ་དང་བི་མ་ལ་མི་ཏྲ་སོགས་ཀྱིས་རྫུ་འཕྲུལ་གྱི་བཀོད་པས་བླངས་ནས་བསྒྱུར་བས་རྒྱ་གར་དུ་པཎ་གྲུབ་ཡོངས་ལ་མ་གྲགས་པ་མང་པོ་ཞིག་ཀྱང་བོད་ཀྱི་བསོད་ནམས་ཀྱི་སྐལ་བར་བྱོན། འགྱུར་ཡང་སྔོན་གྱི་ལོ་ཙཱ་བ་རྣམས་སྤྲུལ་པའི་སྐུ་ཡིན་པས་དོན་ཇི་ལྟ་བ་བཞིན་གཏན་ལ་ཕེབས་པས་གོ་སླ་ཞིང་བྱིངས་མཇལ་བ་ལ་རླབས་ཆེ། ཕྱིས་ཀྱི་ལོ་ཙཱ་བ་རྣམས་ཀྱི་དོན་བསྒྱུར་མ་ནུས་པར་རྒྱ་དཔེའི་གོ་རིམ་ལྟར་སྒྲ་བསྒྱུར་བྱས་པས་ཚིག་གྲིམས་ལ་གོ་དཀའ། བྱིངས་མཇལ་བ་ལ་རླབས་ཆུང་བ་ལྟར་སྣང་བས་མི་འདྲ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་བོད་ཀྱི་ནང་ཆོས་ལ་སྔ་ཕྱིའི་འགྱུར་གྱི་ཁྱད་པར་སོགས་ཀྱི་སྒོ་ནས་གཙོ་བོ་རྙིང་བཀའ་ས་དགེའི་གྲུབ་མཐའ་ཆེན་མོ་བཞི་རུ་བྱུང་བ་ལས། གྲུབ་མཐའ་གཞན་ལས་ཁྱད་པར་དུ་འཕགས་པ་གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་གསང་ཆེན་སྔ་འགྱུར་རྙིང་མ་ལ། སྤྱན་འདྲེན་ཡོན་བདག་གི་ཆེ་བ་དང་། བསྒྱུར་བྱ་ཆོས་ཀྱི་ཆེ་བ། གང་དུ་བསྒྱུར་བའི་གནས་ཀྱི་ཆེ་བ། ཞུས་བྱེད་པཎྜི་ཏའི་ཆེ་བ། སྒྱུར་བྱེད་ལོ་ཙཱ་བའི་ཆེ་བ། ཞུ་རྟེན་མེ་ཏོག་གི་ཆེ་བ་སྟེ། ཁྱད་ཆོས་ཆེ་བ་དྲུག་དང་ལྡན་པར་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ས་སྐྱ་བཀའ་འབུམ། ས་པཎ་དང་པོ། པོད། ༼ཐ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༥ན༦

[2] ལེགས་བཤད་བློ་གསར་མིག་འབྱེད། ༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༣ ལོ། ཤོག་ ༢༥༤

[3] སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་གྱི་འགྲེལ་པ། པོད། འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་། ༢༠༠༥ ལོ། ཤོག་ ༩༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༥ ནས་ ༤༣༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *