༢) སྒྲ་གཅན་འཛིན་བཟང་པོས་དྲི་གཙང་ཁང་བཞེངས་ཚུལ།
དེ་ཡང་སྤྱིར་སྒྲ་གཅན་འཛིན་བཟང་པོའི་མཚན་ཅན་གྱི་གང་ཟག་མི་འདྲ་བ་གསུམ་བྱུང་བ་སྟེ། ༡ སྲས་སྒྲ་གཅན་འཛིན་ནམ་རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོ་སྟེ། སྟོན་པ་ཤཱཀྱ་སེངྒེའི་ཉན་ཐོས་ཉེ་འཁོར་བཅུའི་གྲས་ལས་བསླབ་པ་གུས་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་སྟོན་པ་ཉིད་རབ་ཏུ་མ་བྱུང་གོང་གི་སྲས་ཡིན་པས་རྒྱལ་སྲས་སྒྲ་གཅན་འཛིན་ཞེས་གྲགས་པ་དང་།
༢ སློབ་དཔོན་ཀླུ་སྒྲུབ་ཀྱི་བླ་མ་སྒྲ་གཅན་འཛིན་བཟང་པོ་སྟེ། འདི་ལ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་དང་། གྲུབ་ཆེན་ས་ར་ཧ་ཞེས་ཀྱང་གྲགས་ཤིང་། འདི་མགོན་པོ་ཀླུ་སྒྲུབ་ཀྱི་བླ་མ་ཡིན་པ་ནི། རྗེའི་རིམ་ལྔ་གསལ་སྒྲོན་ལས། བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་ས་ར་ཧས་ཀླུ་སྒྲུབ་ལ་བཤད་ཅིང་། ཞེས་གསུངས་ལ། རྣམ་ཐར་རྒྱས་པ་གོང་དུ་བཀོད་ཟིན། ༣ སློབ་དཔོན་ཨཱརྱ་དེ་ཝའི་སློབ་མ་སྒྲ་གཅན་འཛིན་བཟང་པོ་སྟེ། འདི་ལ་དམངས་རིགས་སྒྲ་གཟན་འཛིན་དང་། སྒྲ་གཅན་འཛིན་བཟང་པོ་ཆུང་བ་ཞེས་ཀྱང་བྱའོ།།
གཞན་ཡང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ (1820-1892) མཛད་པའི་མཁྱེན་བརྩེའི་ཆོས་འབྱུང་ལས[1]། ས་ར་ཧ་ཆེ་འབྲིང་ཆུང་གསུམ་སྟེ། ལི་ཙཱ་བི་ཆེན་པོའི་སྐྱེ་བ་བྱང་སེམས་བློ་གྲོས་རིན་ཆེན་ནམ། བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བཟང་པོ་ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་དཔོན་དང་། བར་པ་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཤ་བ་རི་དབང་ཕྱུག་དང་། ཐ་མ་མཻ་ཏྲི་པའི་དངོས་སློབ་ར་མ་ཕ་ལར་གྲགས་པ་དེའོ། །ཞེས་བཞེད་ལུགས་མི་འདྲ་བ་ཞིག་ཀྱང་སྣང་ངོ་།།
མདོར་ན། སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་ཆུང་བས་ (C.200-300) ནཱ་ལེནྡྲར་དྲི་གཙང་ཁང་བཅུ་བཞི་གསར་དུ་བཞེངས་ཤིང་། ནཱ་ལེནྡྲའི་མཁན་པོའི་མཛད་ཁུར་བཞེས་པའི་ཚུལ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་ནི། དམངས་རིགས་ཡིན་ཀྱང་གཟུགས་དང་ལོངས་སྤྱོད་དང་དབང་ཕྱུག་ཕུན་སུམ་ཚོགས་པ་ཞིག་ནཱ་ལེནྡྲར་རབ་ཏུ་བྱུང་། དགེ་སློང་སྡེ་སྣོད་གསུམ་འཛིན་པར་གྱུར་པ་ན། སློབ་དཔོན་ཨཱརྱ་དེ་ཝའི་ཞབས་པད་བསྟེན་ཅིང་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་མཛད། ཅེས་དང་། ཡང་དེ་ཉིད་ལས[3]། སློབ་དཔོན་མ་ཁོལ་གྱི་སྐུ་ཚེའི་སྨད་ལ་སྙིང་པོ་ཐིག་ལེའི་ནུ་བོའི་བུ་རྒྱལ་པོ་ཤྲཱི་ཙནྡྲས་རྒྱལ་སྲིད་བྱས་ཤིང་། དེས་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་བྱས། དེར་ཐེག་ཆེན་སྨྲ་བའི་དགེ་སློང་ཉིས་སྟོང་རེའི་འཚོ་བ་སྦྱར། དཔལ་ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོས་མཛད་དེ། དེར་དྲི་གཙང་ཁང་བཅུ་བཞི་བཞེངས། ཆོས་གཞི་མི་འདྲ་བ་ཡང་བཅུ་བཞི་བཙུགས། ཞེས་གསུངས་པ་ལྟར་རྒྱལ་སྲས་འཕགས་པ་ལྷའི་དངོས་སློབ་སྒྲ་གཅན་འཛིན་བཟང་པོས་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་མཛད་འཁུར་བཞེས་པར་གསལ་ལ། འདི་ཉིད་སློབ་དཔོན་ཨཱརྱ་དེ་ཝའི་སློབ་མ་ཡིན་པ་ནི། བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས[4]། ཐེག་ཆེན་པར་གྲགས་པ་ལངྐར་གཤེགས་པའི་འགྲེལ་པ་ལས་འབྱུང་བ་ལྟར་ན། སྟོན་པ་ནས་དྷཱི་ཏི་ཀའི་བར་གོང་དང་མཚུངས་པ་ལས། དེས་བི་བྷ་ག །དེས་བཙུན་པ་བུདྡྷ་ནནྡི། དེས་བུདྡྷ་མི་ཏྲ། དེས་དགེ་སློང་རྩིབས། དེས་པུ་ཤ་ན་ཏ། དེས་རྟ་སྐད། དེས་མ་ཤི་བ། དེས་ཀླུ་སྒྲུབ། དེས་ཨཱརྱ་དེ་བ། དེས་རཱ་ཧུ་ལ། དེས་སངྒྷ་ནནྡི། དེས་དགེ་སློང་དགྲ་བཅོམ་པ། དེས་ཀ་ལཱ་ཤ །དེས་ཀཱ་མཱ་ར་ཏ། དེས་ཤ་ཡ་ར། དེས་བ་སུ་བནྡྷུ། དེས་མ་ནོ་ཏ། དེས་ཧ་ག་ལི་ཀ་ན་ཡ་ན་ཤ །དེས་དགེ་སློང་སེངྒེ་ལ་བསྟན་པ་གཏད་པར་བཤད་དོ། །གསུངས་པ་ལྟར་རོ།།
གཞན་ཡང་། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས་[5]ཀྱང་། སྒྲ་གཅན་འཛིན་བཟང་པོ་ (Rahulabhadra) ནི། བུ་སྟོན་ཆོས་འབྱུང་ (99a) དུ་ཀླུ་སྒྲུབ་ཀྱི་མཁན་པོ་ཡིན་པར་གསལ་རུང་། རྒྱ་ནག་གི་འགྱུར་འདིར། འཕགས་པ་ལྷའི་ཆོས་བརྒྱུད་འཛིན་མཁན་ཡིན་པར་གསལ། སྤྱིར་བཏང་གི་ཆ་ནས་བཤད་ན་འཕགས་པ་ལྷའི་སློབ་མར་ངོས་འཛིན་བྱེད་པས་དུས་རབས་ ༢༠༠-༣༠༠ ཀྱང་འདིར་ཆ་བཞག་ན་འགྲིག་པར་མངོན། ཞེས་གསུངས་པ་ལྟར། ཀླུ་སྒྲུབ་ཀྱི་བླ་མར་གྱུར་པའི་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་དང་། ཀླུ་སྒྲུབ་ཀྱི་ཡང་སློབ་སྟེ་སློབ་དཔོན་འཕགས་པ་ལྷའི་སློབ་མར་གྱུར་པའི་དམངས་རིགས་སྒྲ་གཅན་འཛིན་བཟང་པོ་གཉིས་ལས། འདི་ནི་ཕྱི་མ་དམངས་རིགས་སྒྲ་གཅན་འཛིན་བཟང་པོ་ཡིན་ནོ།།
དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་ངོ་མཚར་རྨད་དུ་བྱུང་བ་རིན་པོ་ཆེའི་ཁུངས་ལྟ་བུའི་གཏམ་ལས[6]། བཀའ་བབས་དྲུག་པ་ནི་ཚིག་གི་བརྒྱུད་པ་ཡིན་ཏེ། དེ་ཡང་ཚིག་གི་བརྒྱུད་པ་བྱས་ཀྱང་། རྒྱུད་ཀྱི་བཤད་པའི་བརྒྱུད་པ་ཡིན་གསུངས། དེ་ལ་རྒྱུད་མང་པོ་ཞིག་གི་བཤད་བཀའ་ནཱ་རོ་པ་དང་། མཻ་ཏྲི་པ་གཉིས་ལ་བཞུགས། ཡང་འགའ་ཞིག་ནི་ཀླུ་སྒྲུབ་ཀྱིས་ཨཱརྱ་དེ་བ་ལ་བཤད། དེས་སྒྲ་གཅན་འཛིན་ལ་བཤད། དེས་ཟླ་བ་གྲགས་པ་ལ་བཤད། དེས་འོད་ཟེར་འབྱུང་གནས་ལ་བཤད། དེས་ཡེ་ཤེས་གྲགས་པ་ལ་བཤད། དེས་ཤཱནྟི་པ་ལ་བཤད། ཅེས་གསུངས་པ་ལྟར་སྒྲ་གཅན་འཛིན་ནི་སློབ་དཔོན་ཨཱརྱ་དེ་ཝའི་སློབ་མ་ཡིན་པར་གསུངས་སོ།།
དེ་ཡང་མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས་[7]ཀྱང་། སྒྲ་གཅན་འཛིན་བཟང་པོ་ཆུང་བ་ནི། ཏཱ་ར་ནཱ་ཐའི་སྒྲོལ་མའི་ལོ་རྒྱུས་གསེར་གྱི་ཕྲེང་བ་ལས། ས་ར་ཧ་ལས་འཕགས་པ་ཀླུ་སྒྲུབ་ཀྱིས་ཞུས། དེས་ཨརྻ་དེ་བ་ལ་བཤད། དེས་སྒྲ་གཅན་འཛིན་བཟང་པོ་ཆུང་བ་ལ་གདམས་ཏེ། སློབ་དཔོན་འདི་ནི་དམངས་རིགས་ལས་རབ་ཏུ་བྱུང་བ། རིག་པའི་གནས་ལྔ་ལ་བྱང་ཞིང༌། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཐམས་ཅད་མཁྱེན་པ་ཞིག་ཡིན་ལ། འདི་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་རྣམས་ལམ་གྱི་ལུས་གཅིག་ཏུ་བསྒྲིལ་ནས་བསྟན་བཅོས་ཨསྨ་གརྦྷ་བརྩམས་གསུངས། འདིས་རྩོད་པའི་སྒོ་ནས་མུ་སྟེགས་ཙཀྲ་ཝརྨ་ཞེས་བྱ་བ་བསུན་ཕྱུང་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་བཀོད། ཉན་ཐོས་མང་པོ་རྩོད་པས་ཕམ་པར་བྱས་ཏེ་ཐེག་ཆེན་ལ་བཅུག །རང་ཉིད་ཀྱི་སློབ་མའི་རིགས་སྔགས་ལ་བརྟེན་ཏེ་གནོད་སྦྱིན་མོ་གྲུབ་སྟེ་ས་འོག་གི་གཏེར་ཕྱུང་ཞིང་། ནགས་ནང་སྟོང་པ་རྣམས་སུའང་དགེ་སློང་སྟོང་ཕྲག་རེའི་འཚོ་བ་སྦྱོར་སྐད། མཐར་ཡུལ་དྷང་ཀོ་ཊར་སྐུ་འདས་སོ། །དེ་ཡང་འགྲེལ་པ་ཚིག་གསལ་ལས། ཀླུ་སྒྲུབ་སྒྲ་གཅན་འཛིན་བཟང་པོའི་ཞལ་སྔ་ནས་དང་བཅས་འཕགས་པ་ལྷས་ཀྱང་རྗེས་སུ་བསྟན་པ་དང་། །ཞེས་གསུངས་པས། སྒྲ་གཅན་འཛིན་བཟང་པོ་དེ་ཡང་འདི་ཁོ་ན་ཡིན་པས། བྲམ་ཟེ་ཆེན་པོར་འདོད་པ་ནི་མུན་འཁྲུལ་ལོ། །དུས་རབས་ནི་བརྒྱ་ཕྲག་ ༡༠ པའི་ནང་ཙམ་མོ། །འདི་དང་རི་ཁྲོད་དབང་ཕྱུག་ཞབས་དང་གྲུབ་ཆེན་ཤ་ཝ་རིའམ། ཡང་འགའ་ཞིག་ལས་ས་ཝ་རི་བྱ་བའང་གསལ་བས། ཡིག་མཁན་གྱིས་བྲིས་ནོར་ལས་དོན་གཅིག་པར་སྣང་ངོ༌། །ཞེས་གསལ་བར་བྱུང་བ་ལྟར་རོ།།
དེ་བཞིན་ལོ་ཆེན་གཞོན་ནུ་སྲོག་གིས་བསྒྱུར་བའི་བྱང་ཆུབ་སེམས་དཔའ་ཀླུ་སྒྲུབ་ཀྱི་རྣམ་ཐར་ལས[8]། ཕྱི་ལོ་ ༤༧༢ ལ་ལི་ཡུལ་གྱི་སློབ་དཔོན་ཀིངྐ་དང་། རྒྱའི་བཙུན་པ་ཐན་ཡའོ་གཉིས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་བའི་སྡེ་སྣོད་གང་ལ་བརྟེན་ནས་བྱུང་བའི་གཏད་རབས་ནང་དུ་སྒྲ་གཅན་འཕགས་པ་ལྷའི་སློབ་མ་ཡིན་སྐོར་གསལ་བར་གསུངས་པས། གལ་ཏེ་དེ་དག་བདེན་ན་སློབ་དཔོན་གྱིས་སློབ་མའི་ལུང་འདྲེན་པ་འཐད་དཀའ་བས། འོ་ན་ནི། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྟོད་པ་བོད་འགྱུར་དུ་ཤེར་ཕྱིན་བསྟོད་པ་ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པར་གསུངས་པ་དེའང་ཁུངས་མེད་ཅིག་མིན་པར་སེམས་སོ། །ཞེས་གསལ་བ་ནི། སྒྲ་གཅན་འཛིན་གཅིག་ལ་ངོས་འཛིན་པ་ལས་བྱུང་བར་སེམས་སོ། །དེ་ཡང་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས[9]། གྲུབ་ཆེན་རཱ་ཧུ་ལ་སྟེ་སྒྲ་གཅན་འཛིན་ཞེས་བྱའོ། །དེ་ཡང་ཡུལ་ཀ་མ་རུ་པ། རིགས་དམངས་རིགས་སོ། །དེ་རྒས་ནས་ལུས་པོ་སྦྱོར་མི་བཟོད་པ་དང་གཉེན་དང་བུ་ཀུན་ཡང་གཤེ་ཞིང་བརྙས་པས་དུར་ཁྲོད་དུ་ཕྱིན་པ་དང༌། དེའི་གམ་དུ་རྣལ་འབྱོར་པ་ཞིག་བྱོན་ནས། ཁྱོད་དུར་ཁྲོད་ན་ཅི་བྱེད་ཅིང་འདུག་བྱས་པས། དེ་ན་རེ། བདག་གི་ལང་ཚོའི་ཟླ་བ་ལ། །རྒས་པའི་སྒྲ་གཅན་གྱིས་བཅོམ་ནས། །བུ་ཚ་ལ་སོགས་གཤེ་བར་བྱེད། །ཤི་ན་དགའ་བས་གནས་པའོ། །ཞུས་པས། བླ་མས་ཞལ་ནས། གཉུག་མའི་སེམས་ལ་རྒས་པ་མེད། །དད་སོགས་ནོར་ལ་འགྲིབ་པ་མེད། །གུས་པས་དམ་ཆོས་སྒྲུབ་ནུས་ན། །ཁྱོད་ནི་བདག་གིས་རྗེས་གཟུང་བྱ། །ཞེས་གསུངས་ཏེ་བྱིན་རླབས་འཕོ་བའི་དབང་བྱས་ནས་ཐིག་ལེའི་གདམས་པ་འདི་ལྟར་བྱིན་ཏེ། ཁྱོད་ཀྱི་སྤྱི་བོའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམས་ལ། དེའི་ནང་དུ་སྣང་སྲིད་ཐམས་ཅད་ཀྱི་རྟོག་པ་ཞུགས་པར་སྒོམས་ཤིག །ཅེས་དང༌། གཉིས་མེད་རྟོགས་པའི་སྒྲ་གཅན་གྱིས། །གཟུང་འཛིན་རྟོགས་པ་བཅོམ་ནས་ནི། །སྤྱི་བོ་བདེ་བ་ཆེན་པོ་རུ། །ཟབ་པའི་ཐིག་ལེའི་ངང་ལས་ནི། །བདེ་སྟོང་ཟུང་འཇུག་རྒྱུན་དག་གིས། །ཕུང་པོ་ལ་སོགས་དག་བཅོམ་ནས། །སངས་རྒྱས་རྣམས་ཀྱི་ཡོན་ཏན་འབྱུང༌། །ཨེ་མ་འགག་མེད་ངོ་མཚར་ཆེ། །ཞེས་གསུངས་པས་དེས་ཀྱང་དེ་ལྟར་བསྒོམས་པས་ཅི་ཞིག་ཙམ་ན་གཉིས་འཛིན་གྱི་ཟླ་བ་ཐམས་ཅད་གཉིས་མེད་སྒྲ་གཅན་གྱིས་ཟོས་ནས། གཉིས་མེད་ཀྱི་བདུད་རྩི་སྤྱི་བོ་ཚངས་པའི་བུ་ག་ན་མར་ཞུགས་པས་ལུས་ཐམས་ཅད་བདུད་རྩིས་གང་ཞིང་རྒྱས་ནས་ལོ་བཅུ་དྲུག་ལོན་པའི་ན་ཚོད་དུ་གྱུར་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། ཀ་མ་རུ་པ་ལ་སོགས་པའི་སྐྱེ་བོ་མང་པོ་བརྟུལ་ནས་མཐར་རྟོགས་པ་བརྗོད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །ཞེས་བྱུང་བ་ལྟར། ཀླུ་སྒྲུབ་ཀྱི་སློབ་དཔོན་བྲམ་ཟེ་སྒྲ་གཅན་འཛིན་དང་། འཕགས་པ་ལྷའི་སློབ་མ་དམངས་རིགས་སྒྲ་གཅན་འཛིན་གཉིས་གཅིག་མིན་ལ། རིགས་དང་མཛད་པ། སྐུ་ཡི་ཆ་བྱད་དང་ཕྱག་མཚན་སོགས་ཐ་དད་པ་ནི། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་ལས་ཀྱང་། གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་དྲུག་པར་གུ་རུ་ས་ར་ཧ་པཱ་དང་། ཞེ་བདུན་པར་གུ་རུ་རཱ་ཧུ་ལ་ཞེས་བྲམ་ཟེ་སྒྲ་གཅན་འཛིན་དང་། དམངས་རིགས་སྒྲ་གཅན་འཛིན་གཉིས་ཀ་སོ་སོར་བཀོད་ཡོད་དོ།།

༼དམངས་རིགས་སྒྲ་གཅན་འཛིན་བཟང་པོ་ཆུང་བ།༽
དེ་བཞིན་ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད་ལས[10]། རྒྱལ་པོ་སྙིང་པོ་ཐིག་ལེའི་བུ་ཤྲཱི་ཙནྡྲས་རྒྱལ་སྲིད་བྱེད་པའི་ཚེ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་བཞེངས་ནས་དེར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་ཉིས་སྟོང་ལ་འཚོ་བ་སྦྱར། འདི་སྐབས་ན་ལེནྡའི་མཁན་པོ་འཕགས་པ་ལྷའི་སློབ་མ་སྒྲ་གཅན་འཛིན་བཟང་པོས་མཛད་དེ་དེར་དྲི་གཙང་ཁང་བཅུ་བཞི་བཞེངས། ཆོས་གཞི་མི་འདྲ་བ་བཅུ་བཞི་བཙུགས། ནུབ་ཕྱོགས་ཊི་ལི་དང་མལླ་བ་ཡི་ཡུལ་དུ་རྒྱལ་པོ་ཀ་ནི་གླུ་ཞེས་པ་རིན་པོ་ཆེའི་འབྱུང་ཁུངས་ཉི་ཤུ་རྩ་བརྒྱད་རྡོལ་བ་སོགས་ཀྱི་འབྱོར་པ་ཆེན་པོས་རྒྱལ་སྲིད་བྱེད་པའི་ཚེ་སློབ་དཔོན་དཔའ་བོ་སྤྱན་དྲངས་ཀྱང་བགྲེས་པས་འབྱོན་མ་ཐུབ་སྟེ་སྤྲིངས་ཡིག་མཛད་ནས་ཆོས་ལ་བཀོད་པ་དང༌། གཙུག་ལག་ཁང་མང་པོ་ཡང་བཞེངས་པ། ཐེག་པ་ཆེ་ཆུང་གི་དགེ་སློང་སུམ་ཁྲི་རེ་རྟག་ཏུ་མཆོད་པ་སོགས་བསྟན་ལ་བྱ་བ་བླ་ན་མེད་པ་བྱས་སོ། །ཞེས་གསལ་བ་འདིའོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] མཁྱེན་བརྩེའི་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ ལོ། ཤོག་གྲངས་ ༡༦༨
[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༢༠
[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༡༥
[4] རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༣༡༠
[5] དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༤༤༤
[6] ཏཱ་ར་ནཱ་ཐའི་གསུང་འབུམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༥༩
[7] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ། བོད་ཀྱི་དཔེ་མཛོད། ༡༩༧༣ ལོ། ཤོག་ ༢༤༩
[8] སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་ ༡༠༩
[9] བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༩༠༠
[10] བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༡༢༢
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཨ་རིའི་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༨༥ ནས་ ༡༩༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།