༄༅། །བླ་མ་ཨ་ཏི་ཤའི་རྣམ་ཐར་བཞུགས་སོ།།

༄༅། །བླ་མ་ཨ་ཏི་ཤའི་རྣམ་ཐར་བཞུགས་སོ།།[1]

༼ཕྱི་ར་ ༢༢༽

 

༄༅། །ན་མོ་གུ་རུ། རྒྱ་གར་ཤར་ཕྱོགས་ཡུལ་བྷ་ག་ལ་བྱ་བ་ན། གྲོང་ཁྱེར་བྷྲི་ཀ་མ་ལ་པུ་རི་བྱ་བ་ཡོད། ཡུལ་དེ་ན་རྒྱལ་པོ་དགེ་བའི་དཔལ་བྱ་བ་ལ། བཙུན་མོ་འོད་ཟེར་ཅན་བྱ་བ་ཡོད། ཡབ་ཡུམ་གཉིས་པོ་དེ་ཆོས་ལྡན་གྱི་རྒྱལ་པོར་གྱུར་ནས། ཡུལ་ཕྱོགས་དེ་ཐམས་ཅད་ཆོས་དང་ལྡན་པར་བྱས་ནས་སྲས་གསུམ་འཁྲུངས་པ་ལ། པདྨའི་སྙིང་པོ། ཟླ་བའི་སྙིང་པོ། དཔལ་གྱི་སྙིང་པོ། ཇོ་བོའི་ཡབ་པདྨའི་སྙིང་པོ་ཡིན། ཇོ་བོ་སྐུ་མཆེད་གསུམ་འཁྲུངས་པ་ལ། (པདྨའི་སྙིང་པོས་རྒྱལ་ས་མཛད། བཙུན་མོ་ལྔ། སྲས་དགུ།

སྲས་ཐུ་བོ་བསོད་ནམས་དཔལ། རབ་ཏུ་བྱུང་བ་དྷ་ན་ཤྲཱི། དྷ་བྱང་སེམས་པཎྜི་ཏའོ།།) ཕུ་བོ་དྷ་ནཱ་ཤྲཱི་བྱ་བ་པཎྜི་ཏ་རིག་པའི་གནས་ལྔ་ལ་མཁས་པ་ཞིག་བྱུང་། ཆུང་བ་བིརྱ་ཙནྡྲ་བྱ་བ་སྒྲུབ་པ་པོ་གཅིག་བྱུང་། ཇོ་བོ་རབ་ཏུ་མ་བྱུང་བའི་མཚན་ཟླ་བའི་སྙིང་པོ་བྱ་བ་ཡིན། ལོ་ཉི་ཤུ་མ་ཆད་དུ་ (སོ་མ་པུ་རིའི་དྷརྨ་རཀྵི་ཏ་ལ་སོགས་པ།) ཕྱི་ནང་གི་སྒྲ་ཚད་མང་དུ་གསན་ཞིང་། དགེ་བསྙེན་མཚན་ཡང་སོ་མ་པུ་རི་བྱ་བར་བཏགས། དེ་ནས་ར་ཧུ་ལ་གུཔྟ་ (སྒྲ་གཅན་ཟིན་སྦས་པ།) བྱ་བ་ལ་དབང་བསྐུར་ཞུས་ནས་མཚན་ཡང་། ཡེ་ཤེས་གསང་བའི་རྡོ་རྗེ་བྱ་བ་བཏགས། ཕ་རྒྱུད་མ་རྒྱུད་ཀྱི་ཆོས་ཀྱང་མང་དུ་གསན། ཤར་ཕྱོགས་གྷ་རུ་རའི་གྲོང་ཁྱེར་ན་བཞུགས་པ་ཨ་ཝ་དྷཱུ་ཏི་པ་ལ་རྫོགས་རིམ་གྱི་དབང་རྫོགས་པར་ཞུས། སློབ་དཔོན་བྲམ་ཟེ་མཛེ་ཏ་རི་ལ་བདེ་མཆོག་གི་དབང་ཞུས། ཕ་རྒྱུད་མ་རྒྱུད་ཀྱི་གདམས་པ་མ་ལུས་པ་ཞུས་སོ།།

རྨི་ལམ་དུ་ལུང་བསྟན་ཐོབ་སྟེ། རིགས་ཀྱི་བུ་ཁྱོད་ཉན་ཐོས་སུ་བོབས་ཤིག །དུས་ཕྱིས་ཤིག་ན། ཉན་ཐོས་ཀྱི་གདུལ་བྱ་མང་དུ་འོང་བར་འགྱུར་ཞེས་ལུང་བསྟན། ཕལ་ཆེན་སྡེ་པའི་ཤྲཱི་ཛྙཱ་ན་མི་ཏྲ་བྱ་བ་སྦྱོར་ལམ་པ་ཞིག་ལ་མཁན་པོ་ཞུས། མཚན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའོ། །དེ་ནས་སྡེ་སྣོད་གསུམ་པོ་གསན་གཟིགས་བྱས། ཀླུ་སྒྲུབ་ཐོགས་མེད་ནས་བརྒྱུད་པ་སྡེ་སྣོད་གསུམ་མཁྱེན། དུས་གསུམ་གྱི་སངས་རྒྱས་ཀྱི་ལམ། འཁོར་བ་ལས་བློ་བཟློག་པ། སྐྱབས་འགྲོ་སེམས་བསྐྱེད་ནས། བྱང་ཆུབ་ཀྱི་སྤྱོད་པ་ལ་ཞུགས་ནས་བཞུགས་པའི་དུས་སུ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་སྤྱན་སྔར་ནག་ཚོས། བླ་མའི་ཡོན་ཏན་བརྗོད་པས། དེ་ནས་རྒྱ་བརྩོན་སེང་དང་། ནག་ཚོ་གཉིས་སྤྱན་འདྲེན་དུ་བཏང་ནས། བླ་མ་ལ་གསེར་ཕུལ་ནས་ལོ་རྒྱུས་བྱས་པས། ང་རྒྱ་གར་བསྡད་ན་སེམས་ཅན་ལ་ཕན་ནམ། བོད་དུ་ཕྱིན་ན་ཕན། ཡི་དམ་ལ་དྲི་གསུངས་ནས། ནུབ་གསུམ་རྨི་ལམ་བཏབ་པས་བོད་དུ་ཕན་པ་ཆེ་ཟེར། རྡོ་རྗེ་གདན་དུ་མཆོད་པ་བྱས་ནས། རྨི་ལམ་བཏབ་པས་ཀྱང་། གོང་ལྟར། (མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཅི་ལ་བསླབ་པར་བྱ། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ལ་བསླབ་ཟེར།) གོ་དྷ་ར་གཉིས་གཅིག་ལ་གཅིག་འདྲི་བའི་ཚུལ་དུ་བྱས་ནས། ལན་བཏབ། སྒྲོལ་མ་འདུད་པའི་གཙུག་ལག་ཁང་དུ་བཏབ་པས་ཀྱང་། རྨི་ལམ་ན་མ་སྨད་གཉིས་གཅིག་ལ་གཅིག་འདྲི་བའི་ཚུལ་དུ་ལུང་བསྟན་ནས། བོད་དུ་བྱོན་པར་ཞལ་གྱིས་བཞེས་ནས། སྤྱན་དྲངས་ནས་པུ་རངས་ན་བཞུགས་པ་ལ། ལོ་ཙཱ་བ་རིན་ཆེན་བཟང་པོས། ཇོ་བོ་སྤྱན་དྲངས་གསེར་སྲང་གཅིག་ལ་ཕྱག་རྟེན་བྱས་ནས་ཕྱག་བྱས། ཇོ་བོ་ལ་བདེ་མཆོག་གི་རིམ་པ་དང་། རྗེ་བཙུན་མའི་བྱིན་རླབས་གཉིས་ཞུས། བྱིན་ཐབས་ཐོན་པ་དང་། ཉམས་རྟོགས་བཟང་པོ་སྐྱེས་ནས། ཇོ་བོ་གསེར་སྲང་བརྒྱ་རྩ་བརྒྱད་ཕུལ། དཔེ་ཆ་དང་མཆོད་གནས་མ་གཏོགས་དངོས་པོ་ཅི་ཡོད་ཕུལ། བླ་མའི་བདེ་མཆོག་དང་ཕག་མོ་ལ་ཡི་དམ་བྱས་ནས། མཆོད་ཁང་སྒོ་ལ་ལྕགས་གཟེར་བཏབ་ནས། ཁ་ཟས་བུག་པ་ནས་གཏང་། བསྒྲུབས་པས་བདེ་མཆོག་ཞལ་གཟིགས། དེའི་དུས་ན་དགེ་བསྙེན་རྣམ་གཉིས་བྱ་བ། ཡུལ་པུ་རངས་ཀྱི་རྒྱ་བརྩོན་འགྲུས་ཤེས་རབ་དང་། འཛང་དར་མ་བློ་གྲོས་ཀྱིས་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་ཞུས། དེ་ནས་དབང་དང་བྱིན་རླབས་མཛད་ནས། བསྐྱེད་རྫོགས་ཀྱི་མན་ངག་མཛད་ནས། དེ་གཉིས་ཀྱིས་པུ་རངས་སུ་ལོ་གཅིག་བསྡད། དེ་ནས་ལོ་ཙཱ་བ་ན་རེ་རྣལ་འབྱོར་པ་ལུགས་གསུམ། ནམ་མཁའ་ལྟ་བུ་འབྱུང་བ་ལ་དབང་ཐོབ་ནས་བརྟུལ་ཞུགས་ཀྱི་སྤྱོད་པ་བྱེད་པ་དང་། རི་དྭགས་ལྟ་བུར་སེམས་ལ་དབང་ཐོབ་ནས་གང་དགར་རྒྱུ་བ་དང་། སྤྲང་པོ་ལྟ་བུར་ཧྲུལ་པོའི་གོས། ངན་པའི་ཟས། དམན་པའི་སྤྱོད་པས་ལུས་ངག་ཡིད་གསུམ་ལྷ་དང་མ་བྲལ་བར་བྱེད་པ་ཡིན་པས། ཁྱེད་རང་གཉིས་དེ་ལྟར་གྱིས་ལ་སྐྱེ་བ་འདི་ཐོངས། ང་ཅག་སློབ་དཔོན་དགའ་ལྡན་དུ་མཇལ་འཕྲད་བྱའོ་གསུངས། དེ་གཉིས་ཀྱིས་འོ་ན་ངེད་གར་བསྡད། རྨི་ལམ་ལྟར་བྱ་ཞུས་པས། ཁྱེད་དབུས་སུ་སོང་ཞིག །དེར་དགེ་བསྙེན་བཟང་པོ་གསུམ་ལ་ཕན་ཐོགས་པས་ཆོས་ཤོད་ཅིག །དེ་ནས་རྒྱ་ནག་རི་བོ་རྩེ་ལྔ་ལ་སོང་སྒྲུབ་པ་མཐར་ཕྱིན་ནས་འདོད་པའི་ལྷ་དང་མཇལ་ཏེ་འོང་གསུངས། དེ་གཉིས་ཀྱིས་མཪ་ཕྱིན་ལྷ་ས་ནས་བཞུགས་པའི་དུས་སུ། བླ་མ་ལྕགས་རི་གོང་ཁ་བ་ལ་ཐོ་རངས་རྨི་ལམ་ཞིག་ན་ནམ་མཁའ་ལ་མཛོད་ཅིག་འདུག །དེ་ཁ་ཕྱེ་བས་བདེ་མཆོག་གི་ལྷ་ཁང་དུ་འདུག །འདིའི་ལྡེ་མིག་ཟུངས་ལ་ལྟ་བ་བྱུང་ན་ཡང་སྟོན། ལྡེ་མིག་ཀྱང་ཁྱོད་ལ་གཏད་དོ་ཟེར་བ་རྨིས་ནས། ཞག་གཉིས་ལོན་པ་དང་། བླ་མ་བསོད་སྙོམས་པ་རྣམ་གཉིས་དང་མཇལ། དབང་བྱིན་རླབས་ཆོས་ཞུས། དཔེ་ཆ་དང་མཆོད་གནས་ལྕགས་རི་གོང་ཁ་བ་ལ་གནང་ནས། ཁྱོད་ཀྱིས་སྣོད་ལྡན་ལ་སྟོན་ཅིག་ཟེར། དེས་བླ་མ་དགྱེས་པ་ཆེན་པོ་གནང་ངོ་།།

དེ་ནས་ལྷ་མོ་ནུ་བ་གཉིས་ཁམས་སུ་གཤེགས་ནས། (རྣམ་ཐར་འདི་བླ་མ་ལོ་ཙཱ་བ་རིན་ཆེན་བཟང་པོའི་ལུགས་ཡིན།) ལྡན་མ་དབང་ཕྱུག་གཞོན་ནུ་བྱ་བ་དང་། སེ་བན་སྟོན་ཆུང་བྱ་བ་དགེ་བསྙེན་གཉིས་ལ་གནང་ངོ་། །བླ་མ་གཉིས་ཀྱིས་རྩེ་ལྔ་ལ་ལོ་དགུ་བཞུགས་ནས། ཕུང་པོ་ལྷག་མ་མེད་ལ་སོང་ཟེར་ཏེ། ལྷག་མེད་མངལ་སྐྱེས་ལ་མི་འོང་བས། ཐ་མ་ཡང་གདུང་ཙམ་འོང་། ལོ་རྒྱུས་སོ།།

བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཇོ་བོས་ཤར་ཕྱོགས་ཀྱི་རྣལ་འབྱོར་པ། གུ་ན་ཤྲཱི་པར་པ་ཐ་ཞེས་བྱ་བ། ཕག་མོའི་ཞལ་གཟིགས་པ། གྲུབ་པ་བརྒྱད་ཀྱི་ཡེ་ཤེས་ལ་དབང་སྒྱུར་བ་དེ་ལ་གསན། དེ་ནས་སློབ་མ་དགེ་སློང་ཤྲཱི་རཀྵི་ཏ་བྱ་བ་པཎྜི་ཏ་ཕྱིས་གྲུབ་པ་ཡང་ཐོབ་པ་དེས་གསོལ་བ་བཏབ་ནས། སྒྲུབ་ཐབས་འདི་མཛད། དེ་ལ་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བསྒྱུར། དེ་ལ་མངའ་རིས་སུ་དགེ་སློང་ཞི་མཛེས་ཀྱིས་གསན། འདི་ནས་རྒྱུད་པ་ཡང་ཅུང་ཡོད། ཇོ་བོས་ལོ་ཙཱ་བ་རིན་ཆེན་བཟང་པོ་ལ་བཤད། དེས་བསོད་སྙོམས་པ་རྣམ་གཉིས་བྱ་བ། པུ་རངས་ཀྱི་རྒྱ་བརྩོན་འགྲུས་ཤེས་རབ་བྱ་བ་དང་། འཛང་དར་མ་བློ་གྲོས་བྱ་བ་ལ་བཤད། དེ་ལ་ཇོ་བོ་ལྕགས་རི་གོང་བས་གསན། དེ་ལ་བླ་མ་རིན་པོ་ཆེ་དྭགས་པོ་ཆེན་པོས་གསན། བྱིན་རླབས་ནི་དམ་གནང་གསུངས། དེ་ནས་དགེ་སློང་ཞི་མཛེས་ནས་བརྒྱུད་པ། རྗེ་བཙུན་རི་པ་བྱ་བ་གཅིག་ལ་བླ་མ་ཞང་གིས་ཞུས། དེ་ལ་དང་པོ། བླ་མ་མེད་ལས། ཆོས་སྒོར་ཞུགས་པའི་བླ་མ་སྔ་ཤོས་ཡིན་པས་དེ་ལ་ཞུས། དེ་བྱིན་རླབས་ཆོས་སྒོ་ཕྱེ་ནས་བླ་མ་རིན་པོ་ཆེས་གདམས་པ་ཞུས་པས་འདི་དང་མཐུན་ནས། དགའ་སེམས་ཁྱད་པར་ཅན་བྱུང་། གནས་པ་སྔར་དང་མི་འདྲ་བ་སྐྱེས། དེ་ནས་བླ་མས་ཕྱག་ཡིག་བག་ཙམ་མཛད། དེ་ལས་ད་ལྟར་དུ་དབང་ཐོབ་པ་ལ་ཕྱག་རྒྱ་ཆེན་པོའི་ཆོས་སྒོ་འདིས་འབྱེད་དོ། །བླ་མ་དྭགས་པོ་ཆེན་པོ་ལ་སྒོམ་ཚུལ་གྱིས་ཞུས། བླ་མ་མེད་པའི་སློབ་མ། མང་ཡུལ་མི་ཆེན་ཕལ་ལ་ཡོད་དོ།།

དཔལ་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཕག་མོ་བདེ་གཤེགས་ཡུམ། །འདོད་པའི་དབང་ཕྱུག་སྐལ་ལྡན་མ། །མཁའ་འགྲོ་ཆེན་མོ་རྣལ་འབྱོར་གཙོ། །རྡོ་རྗེ་དབྱིངས་ཀྱི་ཁྲོ་རྒྱལ་མ། །ཕྱག་རྒྱ་ཆེན་མོ་རྡོ་རྗེའི་སྐུ། །ཧེ་རུ་ཀ་ལ་ཡང་དག་སྦྱོར། །དབུ་སྟོང་མ་ལ་སྤྱན་སྟོང་མ། །སྟོང་ཕྲག་བཅུ་ཡི་ཞལ་གདོང་ཅན། །ཁྲོ་གཉེར་མཆེ་བ་རབ་ཏུ་གཙིགས། །ཉི་མ་འབུམ་གྱི་གཟི་བརྗིད་ཅན། །སྤྱན་ནི་དམར་སེར་གློག་སྟོང་འགྱུ། །དབུ་སྐྲ་གྱེན་བརྗེས་ཐོག་སེར་འབེབས། །སེངྒེའི་གཟུགས་ཅན་འདབ་བཟང་གཟུགས། །གླང་པོ་ཆེན་པོ་མཆེ་བའི་གཟུགས། །འཇིག་རྟེན་གསུམ་གྱི་ལྟེ་བ་ཅན། །རྒྱ་མཚོའི་མཐའ་བཏགས་སྐ་རགས་ཅན། །ཐོད་པ་དང་ནི་ཁ་ཊྭཾ་འཛིན། །རྡོ་རྗེ་ཟངས་གྲིས་གདུག་པ་འཇོམས། །མི་རུས་ཕྲེང་བའི་རྒྱན་དང་ལྡན། །མི་མགོ་རློན་པའི་དོ་ཤལ་ཅན། །བདེ་གཤེགས་འབུམ་ནི་ཁྱོད་ཀྱི་འཁོར། །ཆེ་བའི་ལྷ་རྣམས་ཁྱོད་ཀྱི་བྲན། །རིག་པའི་རྒྱལ་མོ་འདོད་གཟུགས་ཅན། །རྣལ་འབྱོར་མ་ཡི་དངོས་གྲུབ་འབེབས། །དཔའ་མོའི་དངོས་གྲུབ་མཆོག་སྩོལ་བའི། །ཧཱུཾ་དང་ཕཊ་ཀྱི་འབྲུག་སྒྲ་ཅན། །ཁྲོ་མོའི་གཟུགས་ཀྱི་ཁམས་གསུམ་འཇོམས། །རྒྱ་མཚོའི་འཇིང་རྣམས་སྐེམས་པར་མཛད། །སྣ་ཚོགས་རོ་ནི་དེས་གནོན་ཅིང་། །སྲིད་པ་གསུམ་པོ་ཟ་བར་བྱེད། །ཟས་སུ་མཧཱ་མཾ་ས་གསོལ། །མཧཱ་རཀྟ་བཏུང་བར་བཞེས། །མ་རུངས་གདུག་པ་སྐྲག་མཛད་ཅིང་། །འཇིགས་པར་མཛད་ཅིང་གསོད་པར་མཛད། །རྨུགས་དང་རེངས་དང་རྨོངས་པར་མཛད། །ངོ་མཚར་འདོད་པའི་གཟུགས་མངའ་མ། །ཡིད་འདོད་དངོས་གྲུབ་ཀུན་སྩོལ་བའི། །ཕག་མོ་ཁྱེད་ལ་ཕྱག་འཚལ་བསྟོད། །བདག་གིས་ཁྱོད་ལ་གང་གསོལ་བའི། །དོན་དེ་དེ་རིང་གྲུབ་པར་མཛོད། །དཔལ་རྡོ་རྗེ་རྣལ་འབྱོར་མའི་རྩ་བའི་བསྟོད་པ་མདོར་བསྡུས་པ། །འབུམ་པ་ལས་འབྱུང་བའོ། །རྣལ་འབྱོར་མའི་བསྟོད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་བཛྲ་པ་ཎི་དང་། རྨ་བན་ཤཱཀྱ་མུན་ནེས་གུས་པས་བསྒྱུར་བའོ།།  །།

གང་ཞིག་ཕག་གི་གདོང་ཅན་ཁམས་གསུམ་ཀུན་ལ་ཁྱབ་པའི་གདོང་། །སྐྱོན་ཀུན་གཅོད་བྱེད་གཡས་པའི་ཕྱག་གིས་གྲི་གུག་འཛིན་པར་མཛད། །ཤིན་ཏུ་དཀར་བའི་ཐོད་པ་ཁྲག་གིས་བཀང་བ་གཡོན་ན་བསྣམས། །ཞབས་ཀྱིས་བདུད་ཀྱི་སྙིང་གར་མནན་པའི་གཙོ་མོ་ཁྱེད་ལ་འདུད། །གཡོན་པ་ཆགས་ཚུལ་ཁྲོ་མོ་སྟེ། །བདེན་གཉིས་འཛིན་པར་མཛད་པ་ཡི། །ཞལ་ནི་གཉིས་སུ་སྤྲུལ་མཛད་ཅིང་། །སྒྲུབ་པ་པོ་ཡི་དོན་མཛད་པ། །རྡོ་རྗེ་རྣལ་འབྱོར་མ་ཕྱག་འཚལ། །དུས་གསུམ་བདེ་གཤེགས་ཀུན་གྱི་ཡུམ། །རྙོག་པ་ཐམས་ཅད་རྣམ་སྤངས་ཕྱིར། །སྐུ་ནི་ཕག་མོར་སྟོན་མཛད་པ། །སྤྲུལ་སྐུ་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་དང་མྱ་ངན་འདས་སྤངས་ཤིང་། །འཁོར་དང་མྱ་ངན་འདས་ལ་བཞུགས། །དོན་དམ་ཀུན་རྫོབ་དབྱེར་མེད་པའི། །གཉིས་ཀྱི་གཟུགས་འཛིན་ཁྱོད་ཕྱག་འཚལ། །སྤྲོས་མེད་དབྱིངས་ལས་མ་གཡོས་ཀྱང་། །གང་དང་གང་ལ་འདུལ་བའི་ངོར། །སྨོན་ལམ་དབང་གིས་དོན་མཛད་པའི། །ཡིད་བཞིན་ནོར་འདྲ་ཁྱོད་ལ་བསྟོད། །དཔལ་རྡོ་རྗེ་ཕག་མོའི་བསྟོད་པ་རྐང་པ་དྲུག་པ་ཞེས་བྱ་བ། སློབ་དཔོན་མཚོ་སྐྱེས་ཀྱིས་མཛད་པ་རྫོགས་སྷོ།།  །།

 

དཔྱད་གཞིའི་ཡིག་ཆ།

[1] བླ་མ་ཨ་ཏི་ཤའི་རྣམ་ཐར། ༼ཕྱི། ར། ༢༢ བྲིས་མ།༽ པོད། ༼༡༽ དབུ་མེད། ཤོག་གྲངས་ ༡ ནས་ ༥ བར་བཞུགས་སོ།།

 

ཡོང་ཁུངས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། ༼༢༽ ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༩ ནས་ ༤༦༣ བར་གསལ་བ་ལས་བཏུས་པའོ།།

 

Leave a Reply

Your email address will not be published. Required fields are marked *