ཙ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

ཙ༽ པཎ་གྲུབ་གསོལ་འདེབས་ཀྱི་ཚིག་འགྲེལ།

 

དེ་ཡང་སྙིང་རྗེ་ཆེན་པོའི་ལམ་བཟང་རིགས་ཚུལ་བརྒྱ་ཕྲག་གིས། སྐལ་བཟང་གི་གདུལ་བྱ་རྣམས་ལ་ལེགས་པར་འདོམས་པར་མཛད་པའི་སྒོ་ནས། རྒྱལ་སྲས་ཆེན་པོ་ཞི་བ་ལྷར་གསོལ་བ་འདེབས་པ་ནི། ༸གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པས་མཛད་པའི་དཔལ་ནཱ་ལེནྡྲའི་པཎ་ཆེན་བཅུ་བདུན་གྱི་གསོལ་འདེབས་དད་གསུམ་གསལ་བྱེད་ལས[1]།

ངོ་མཚར་རྨད་བྱུང་སྙིང་རྗེ་ཆེན་པོའི་ལམ། །ཟབ་དང་རྒྱ་ཆེའི་རིགས་ཚུལ་སྣ་མང་གིས། །

སྐལ་བཟང་གདུལ་བྱའི་ཚོགས་ལ་སྟོན་མཁས་པ། །རྒྱལ་སྲས་ཞི་བ་ལྷ་ལ་གསོལ་བ་འདེབས། །

ཞེས་གསུངས་པའི་དོན་ནི། ཇི་སྐད་དུ། དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ཕྱུང་བ་ཡིན། །ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཀྱི་རྩ་བ་དང་སྙིང་པོ་ལྟ་བུར་གྱུར་པས་ཆེས་ཤིན་ཏུ་ངོ་མཚར་ཞིང་རྨད་དུ་བྱུང་བའི་གཞན་དོན་འཁུར་འཁྱེར་གྱི་བརྩེ་བ་སྟེ། བུ་ཆུང་ངུ་སྙིང་དུ་ཆེས་སྡུག་པ་སྡུག་བསྔལ་བར་གྱུར་པ་ལ་མ་དེ་སྙིང་རྗེ་ཇི་ཙམ་སྐྱེ་བ་དེ་ཙམ་པའི་བློའི་ཚོད་ཅིག་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ངང་གིས་སྐྱེ་བའི་སྙིང་རྗེ་ཆེན་པོའི་ལམ་བཟང་དེ་ཉིད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། བསླབ་པ་ཀུན་ལས་བཏུས་པ། མདོ་ཀུན་ལས་བཏུས་པ་སོགས་གཞུང་རྒྱས་འབྲིང་བསྡུས་གསུམ་མཛད་དེ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་ཟབ་ལ་གཏིང་དཔག་དཀའ་བ་དང་། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས[2]།

སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་ཏེ། །

དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང༌། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །

ཅེས་གསུངས་པ་ལྟར། རྒྱ་ཆེ་བའི་གཏན་ཚིགས་ཀྱི་རིགས་ཚུལ་རྣམ་གྲངས་ཧ་ཅང་མང་པོས་དཔྱོད་ལྡན་ཆེད་དུ་བྱ་བའི་སྐལ་བ་བཟང་པོའི་གདུལ་བྱའི་ཚོགས་ལ་ལེགས་པར་སྟོན་པ་ལ་ཤིན་ཏུ་མཁས་པའི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ཞེས་ཡོངས་སུ་གྲགས་པའི་སློབ་དཔོན་བཀའ་དྲིན་ཅན་དེ་ཡི་ཞབས་ལ་སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས་སོ་ཞེས་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  གསོལ་འདེབས་དད་གསུམ་གསལ་བྱེད་ཀྱི་བཀའ་ཁྲིད། ༼༨༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༦ ལོ། ཤོག་ ༩༧

[2]  བཀའ་འགྱུར་དཔེ་བསྡུར་མ། དཀོན་བརྩེགས། ༼ང༽ དེབ་ཨང་ ༤༢ པ། ཤོག་གྲངས་ ༧༤༣ གསལ་ལ། མདོ་རང་ལ། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མ་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་ཏེ། །ཐུགས་རྗེ་ཐབས་ཚུལ་རིགས་པ་བརྒྱ་དག་གིས། །དེ་དག་རྣམས་ནི་འཛུད་པར་མཛད་པ་ལགས། །ཞེས་ཅུང་ཟད་མི་འདྲ་བ་བྱུང་ངོ་།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༧ ནས་ ༡༤༨ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *