ན༽ ཤེར་ཕྱིན་གདན་དྲངས་ཡུལ་གྱི་ཀླུ་ཡུལ་སྐོར།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་གསལ[1]། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ནི་མདོ་སྔགས་གང་ཐད་ནས་ཁུངས་བཅོལ་ས་ཞིག་ཡིན་པར་མ་ཟད། དེ་དག་གི་རྣམ་གཞག་གསུང་སྐབས་ལུང་ཙམ་ལ་སྐྱབས་སུ་མི་འཛིན་པར་རིགས་པའི་ལམ་ནས་གཏན་ལ་ཕབ་པ་གནང་ཡོད། མགོན་པོ་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་ཀླུ་ཡུལ་ནས་གདན་དྲངས་པར་གསུངས་པ་ནི།
གང་འདྲ་ཞིག་ཡིན་ནམ་སྙམ་པ་དྲན་གྱི་ཡོད། ཀླུ་ཡུལ་ནི་སློབ་དཔོན་དབྱིག་གཉེན་ (310-390) གྱིས་མཛད་པའི་མངོན་པ་མཛོད་ལས[2]།
འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །
སྤོས་ངད་ལྡང་བའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །
ཞེས་གསུངས་པ་ལྟར་ཀླུ་ཡུལ་དེའི་ཕྱོགས་སུ་ཡོད་དམ། ཡང་ན་རི་རབ་ཀྱི་བྱང་དུ་ཡོད་མེད་ཚོད་མི་ཐིག་པ་ལྟ་བུ་འདུག་ཅིང་། རི་རབ་ལ་ཁུངས་བཅོལ་དགོས་བྱུང་ན། མངོན་པ་མཛོད་ནས་གསུངས་པའི་རི་རབ་ནི་མངོན་སུམ་ལ་བསྙོན་པ་ཆགས་ཡོད། དེས་ན་མཛོད་གནས་གསུམ་པའི་སྐབས་སུ་འཇིག་རྟེན་ཁམས་ཀྱི་རྣམ་གཞག་གསུངས་པ་ནི། དེའི་ཚེ་དེའི་དུས་ཀྱི་རྒྱ་གར་དུ་གྲགས་ཚོད་ཙམ་ཞིག་ཡིན། མུ་སྟེགས་པའི་གཞུང་ཞིག་ཏུའང་འཇིག་རྟེན་གྱི་ཁམས་ཀྱི་རྣམ་གཞག་གསུངས་པ་ལ། མངོན་པ་མཛོད་ལས[3]།
ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །
ཞེས་ལས་ཀྱི་དབང་གིས་གྲུབ་པར་གསུངས་ཡོད། མུ་སྟེགས་པའི་གཞུང་དེའི་ནང་དུ། ཚངས་པས་འཇིག་རྟེན་སྣ་ཚོགས་བཀོད། །ཅེས་ཡོད་པ་ལས། དེ་མིན་རི་རབ་དང་གླིང་བཞི་གླིང་ཕྲན་དང་བཅས་པ་མངོན་པ་མཛོད་ནང་གསལ་བ་ཇི་མ་ཇི་བཞིན་གསལ་ཡོད་རབས་ངོས་ལ་གཞན་ཞིག་གིས་གསུངས་བྱུང་། དེ་ནི་དེའི་ཚེ་དེའི་དུས་ཀྱི་གྲགས་ཚོད་ལྟར་དུ་གསུངས་པ་ཞིག་ལས། རི་རབ་གླིང་བཞི་གླིང་ཕྲན་ཁས་ལེན་དགོས་བྱུང་ཚེ་མངོན་སུམ་ལ་བསྙོན་པ་ཞིག་ཡིན་པས་ཡོང་ཐབས་མེད། ངོས་ཀྱིས་སྔར་ནས་མང་དུ་བཤད་མྱོང་། དེ་ཡང་སྟོན་པ་བཅོམ་ལྡན་འདས་ནི་བདེན་གཉིས་ལས་བརྩམས་པའི་ཐར་པ་དང་ཐམས་ཅད་མཁྱེན་པ་དང་། མངོན་མཐོ་དང་ངེས་ལེགས་སྒྲུབ་རྒྱུ་ཞིག་གསུངས་པ་ལས། བཅོམ་ལྡན་འདས་འཇིག་རྟེན་འདིའི་ཐོག་བྱོན་པ་ནི་འཛམ་གླིང་གི་ས་ཁྲ་འགོད་སླད་ཕེབས་པ་ཞིག་མིན། ཞེས་རྗོད་ཀྱི་ཡོད། དེ་བཞིན་ཤེར་ཕྱིན་ཀླུ་ཡུལ་ནས་གདན་དྲངས་པར་གསུངས་པ་ནི་གྲགས་ཚོད་དེ་ལྟ་བུ་ཞིག་ཡོད་པ་རེད་སྙམ།
ལོ་མང་སྔོན་ནས་ངོས་ཀྱི་ངོ་ཤེས་དཔེ་ཆ་ཞིག་ཡོད་པ་ཁོང་གིས་ངོས་ལ། རྒྱ་གར་གྱི་ས་གནས་ཤིག་ནས་ཤེར་ཕྱིན་གྱི་གཞུང་ཞིག་རྙེད་སོན་བྱུང་ཚུལ་བརྗོད་བྱུང་། ལྷ་རབས་བྱུང་ན་དེའི་ཐོག་ཞིབ་འཇུག་ཕྲན་བུ་བྱེད་ཐུབ་ན་ཡག་པོ་ཡོང་ངེས། དེ་ལ་ལོ་རྒྱུས་ངེས་གསལ་ཞིག་བྱུང་ཚེ་གལ་གནད་ཆེན་པོ་འདུག །འོན་ཀྱང་དཔེ་ཆ་ཁོ་ནར་ཆ་འཇོག་བྱ་རྒྱུ་མེད་པར་དོན་ལ་བསམ་བློ་གཏོང་དགོས། ཞེས་ཞིབ་གསལ་བཀའ་ཕེབས་པ་ལྟར་ཤེར་ཕྱིན་གདན་དྲངས་ཡུལ་ཀླུ་ཡུལ་སྐོར་དཔྱད་པ་ལ། གཉན་དགོན་སྤྲུལ་སྐུ་གསུང་རབ་པས་ (1903-1957) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[4]།
དེ་སྲས་རྒྱལ་བ་རང་གི་གསུང་གསང་གིས། །ཡོད་མེད་མཐར་འཛིན་གཞིག་ལ་ལུང་བསྟན་བཞིན། །
ཟབ་བཤད་བདུད་རྩིའི་འོད་ཀྱི་མགྲིན་པ་ཅན། །དངོས་མེད་སྨྲ་བའི་ཟླ་བ་ཀླུ་ཡི་དབང་། །
ཞེས་དང་། བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྔགས་པ་ལས[5]།
ཐེག་མཆོག་བསྟན་པ་རྒྱ་མཚོའི་མཐར་སོན་ཏེ། །ཤེར་ཕྱིན་སྤྱན་དྲངས་དབུ་མའི་སྲོལ་ཕྱེ་ཤིང་། །
ཆོས་གྲྭ་ཆེན་པོའི་རྒོལ་བ་ཀུན་འཇོམས་པ། །ཀླུ་སྒྲུབ་ཀླུ་ཡི་དབང་པོར་ཕྱག་འཚལ་ལོ། །
ཞེས་བསྔགས་པ་མཛད་ཡུལ་གྱི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཞབས་ཀླུ་ཡུལ་དུ་བྱོན་ནས་ཤེར་ཕྱིན་གདན་དྲངས་ཚུལ་ནི། ཡར་རྗེ་ཨོ་རྒྱན་གླིང་པས་ (1323-) གཏེར་ནས་བཞེས་པའི་པདྨ་བཀའ་ཐང་ལས[6]། བརྒྱད་སྟོང་པ་ཡི་དཀར་ཆག་ལ༔ ཤླཽ་ཀ་ནི་སྟོང་ཕྲག་བརྒྱད༔ ལེའུ་སུམ་ཅུ་ཐམ་པ་ཡོད༔ བམ་པོ་སྟོང་ཕྲག་བརྒྱ་པ་ནི༔ དང་པོ་གང་ནས་བྱུང་བ་ཡིན༔ བར་དུ་གང་ན་གནས་པ་ཡིན༔ ཐ་མ་གང་དུ་དར་བ་ཡིན༔ བླངས་མི་སུ་ཡིས་བྱས་པ་ཡིན༔ ཕྱིས་སུ་དེ་ཡིས་ལན་བཏབ་པ༔ དང་པོ་སྟོན་པའི་ཐུགས་ལ་གནས༔ རྒྱ་ཤོག་ལ་བྲིས་ཀླུས་ཐོབ་སྟེ༔ ཀླུ་ཡི་ཡུལ་ན་གནས་པ་ཡིན༔ དེ་ནས་ཀླུ་སྒྲུབ་སྙིང་པོས་ཐོབ༔ རྒྱ་གར་ཡུལ་གྱི་དབུས་སུ་ནི༔ རྡོ་རྗེ་གདན་དུ་རྒྱས་པར་བསྟན༔ དེ་ནས་ལྷོ་ཕྱོགས་སིངྒ་ལར༔ ཀླུ་སྒྲུབ་ཀྱིས་ནི་རྒྱས་པར་བསྟན༔ དེ་ནས་གླེགས་བམ་རྒྱ་གར་ཡུལ་དུ་ཕྱིན༔ དུས་འཁོར་བཻ་རོ་ཙ་ནས་སྤྱན་དྲངས་ནས༔ རྒྱལ་མོ་ཚ་བ་རོང་དུ་བཞུགས་སོ་སྐད༔ དེ་ནས་བོད་ཀྱི་ཡུལ་དུ་སྤྱན་འདྲེན་མཁན༔ སློབ་དཔོན་ཁམས་པ་གོ་ཆ་ཞེས་བྱ་བ༔ མི་བརྗེད་པ་ཡི་གཟུངས་ཐོབ་ཅེས་པ་དང༔ ཐུགས་ལ་བཟུང་ནས་གླེགས་ཤིང་མདུན་རྒྱབ་སྦྱར༔ བྱོན་པས་གླེགས་བམ་མེད་པ་ཅིས་ཉེས་ཟེར༔ སློབ་དཔོན་ཞལ་ནས་འདི་སྐད་གསུངས༔ ཞེས་ཤེར་ཕྱིན་ཀླུ་ཡུལ་ནས་ཀླུ་སྒྲུབ་ཀྱིས་གདན་དྲངས་པར་གསུངས་སོ།།
དེ་བཞིན་འབུམ་ཀླུ་ཡུལ་དུ་ཇི་ལྟར་འབྱོར་བ་དང་། དེ་ནས་ཀླུ་སྒྲུབ་ཀྱིས་གདན་ཇི་ལྟར་དྲངས་པ་ནི། སྟག་ཚང་དཔལ་འབྱོར་བཟང་པོས་ (དུས་རབས་15པ།) མཛད་པའི་རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ལས[7]། བཀའ་བསྡུ་གསུམ་པའི་དུས་སུ། སྡུད་སོ་སོ་ཞལ་མཐུན་དུ། རྩ་བའི་སྡེ་པ་བཞིའི་ལྟ་སྤྱོད་ཐུན་མོང་དུ་སྟོན་པ། བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་བྱ་བ། བམ་པོ་སུམ་བརྒྱ་ཡོད་པ་གཅིག་བརྩམས། དེ་ནི་རྒྱ་གར་དུ་བསྟན་བཅོས་རྩོམ་པའི་ཐོག་མ་ཡིན་ནོ། །འདི་བོད་དུ་ཚང་མ་མ་འགྱུར་བར་བྱེད། འདི་ནི་ཆོས་འཁོར་དང་པོ་འོ། །བདེན་བཞིའི་ཆོས་རྣམས་གཏན་ལ་དབབ་ཕྱིར་བརྩམས་པའོ། །འཇམ་དཔལ་གྱི་མངོན་པ། བྱམས་པས་འདུལ་བ། ཕྱག་ན་རྡོ་རྗེས་མདོ་སྡེ་རྣམས་བསྡུས་སོ་ཞེས་གྲགས་ཤིང་། གསང་སྔགས་ཀྱི་ཆོས་རྣམས་ནི། སྟོན་པས་ལུང་བསྟན་པ་བཞིན། རྒྱལ་པོ་ཛའི་ཁང་སྟེང་དུ་བྱིན་གྱིས་བརླབས་ལས། ཆར་ལྟར་བབ་པར་བྱེད་དོ། །སྡེ་སྣོད་གསུམ་པོའི་བཀའ་བསྡུ་ཚར་ནས། ཐམས་ཅད་པོ་ཏི། གླེགས་བམ་དུ་བཀོད་ཡོད་པའི་མཚམས་སུ་ལྷ་མ་སྲིན་སྡེ་བརྒྱད་སོགས་གསུང་རབ་ཀྱི་ཞབས་ཐོག་དང་། བདག་འཛིན་ལ་མ་འཆམ་པར་སྐུ་གདུང་བཞིན་དུ་བགོ་ར་ཐོབ་ཁྱེར་བྱས་པས་ཁྲི་བརྒྱད་སྟོང་པ་ལྷས་ཐོབ། ཤེས་རབ་ཁྲི་པ་ལྷ་མིན་གྱིས་ཐོབ། ཉི་ཁྲི་མིས་ཐོབ། ལང་ཀར་གཤེགས་པ་སྲིན་པོས་ཐོབ། ཏོག་བདུད་ཀྱིས་ཐོབ། གཟུངས་མ་མོས་ཐོབ། འབུམ་ཀླུས་ཐོབ་སྟེ། གཟའ་ཁྱབ་འཇུག་གིས་སྐལ་བ་ཆད་པས། གཞན་ཐམས་ཅད་མི་ཡུལ་དུ་འདུས། འབུམ་ཀླུ་ཡུལ་ནས་མ་ལོན་པའི་སྐབས་སུ། ཀླུའི་རྒྱལ་པོ་རཀྵ་ཀ་བྱ་བ། ནད་ཅི་ཇི་ཚ་མས་ཐེབས་པ། སུས་ཀྱང་འཆོས་མ་ཐུབ་སྟེ། སྨན་པ་འཚོ་བྱེད་གཞོན་ནུའི་བུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བཅོས་པའི་གཏང་རག་ལ་འབུམ་ཕུལ་ནས་མི་ཡུལ་རྒྱ་གར་ལྷོ་ཕྱོགས་ནས་རིམ་པས་དར་ཏེ། རྒྱ་བོད་མཚམས་རྒྱལ་མོ་ཚ་བ་རོང་དུ་ཕེབས་པ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་གླངས་ཁམ་པ་གོ་ཆ་གདན་འདྲེན་དུ་བཏང་། བསམ་ཡས་སུ་ཕེབས་ནས། བོད་ཁམས་སྤྱི་ཁྱབ་ཏུ་དར་ཞིང་རྒྱས་པར་གྱུར་པས། རྒྱས་པ་འབུམ་ཞེས་གྲགས་པའོ། །འབུམ་ལ་ཤོ་ལོ་ཀ་འབུམ་ཡོད་པས་འབུམ་ཞེས་ཟེར་ཞིང་། ལེའུ་བདུན་ཅུ་རྩ་གཉིས། བམ་པོ་སུམ་བརྒྱ། ཤད་བཞི་ཁྲི་བཞི་འབུམ། ཚེགས་བྱེ་བ་བཞི་ཁྲི། ཚོགས་བྱེ་བ་བཞི་ཁྲི། གཞན་ཡང་བཀའ་ཐམས་ཅད་ལ་འདི་བཞིན་གྱི་རྒྱས་བཤད་ཡོད་ཅིང་། མདོར་ན་སྐབས་ཆེན་བརྒྱད། སྐབས་བུ་ཆུང་བདུན་ཅུ་ཐམ་པ་ནི། བཀའ་རྒྱས་པ་འབུམ་ནས་བསྡུས་པ། ཡི་གེ་གཅིག་མ་ཡན་ཆད་ལ་ཚང་ངོ་། །འབུམ་བོད་ཡུལ་དུ་སྒྱུར་བ་པོ་སྔོན་མ་ནི། མཁས་པ་བཻ་རོ་ཙཿ་ན་ཡིན་ནོ། །ད་ལྟ་ཤོ་ལོ་ཀ་འབུམ་མ་ཚང་བ་ནི། མཐའ་དུམ་གཅིག་ཀླུའི་ཡུལ་དུ་ལུས་པར་བྱེད་ནའང་། ཆོས་ཉིད་མི་འགྱུར་བའི་ལེའུས་མཇུག་བསྡུས་པས། དོན་ལ་ཚང་བར་ཀ་ཅོག་ཞང་གསུམ་ལ་སོགས་ལོ་པཎ་མཁས་པ་རྣམས་བཞེད་པ་མཐུན་ནོ། །ཞེས་གསལ་བ་ལྟར། ལང་ཀར་གཤེགས་པ་སྲིན་པོས་ཐོབ་ཅེས་པ་ནི། ལངྐར་གཤེགས་པའི་མདོ་གསུང་ཡུལ་དེང་གི་ཤྲཱི་ལངྐར་ཐོབ་པ་དང་། དེ་བཞིན་འབུམ་ཀླུས་ཐོབ་པ་ཡང་རྒྱ་གར་ལྷོ་ཕྱོགས་ཀྱི་ཀླུ་ཡི་གྲོང་ཁྱེར་རམ་ཀླུ་ཡུལ་ཞེས་མིང་ཐོགས་པའི་ཡུལ་གྲུར་ཐོབ་པ་དེ་ལྟར་དེ་ནས་གདན་དྲངས་ཏེ་ཐོག་མར་རྒྱ་གར་ལྷོ་ཕྱོགས་ནས་རིམ་པས་དར་འཕེལ་བྱུང་བ་ཞིག་ཡིན་འདུག།
དེ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་སྟོང་ཕྲག་བརྒྱ་པ་ཀླུ་ཡུལ་ནས་གདན་འདྲེན་རྒྱུ་སོགས་དགོས་པ་དུ་མར་གཟིགས་ཏེ་ཀླུ་ཡུལ་དུ་བྱོན། ཀླུ་རྣམས་ཀྱིས་མཆོད་པ་རྒྱ་ཆེ་དང་བཅས་ཆོས་སྟོན་པར་གསོལ་བ་བཏབ་པ་ན། དེར་ཆོས་མང་དུ་བསྟན་པས་ཀླུ་རྣམས་ཡིད་མགུ་སྟེ་ཀླུ་ཡུལ་དུ་བཞུགས་པར་ཞུས་ཀྱང༌། ད་ལྟ་འཛམ་གླིང་དུ་མཆོད་རྟེན་བྱེ་བ་བཞེངས་དགོས་པ་སོགས་ཀྱིས་ཁོམ་པ་མེད། ཕྱིས་སུ་འོང་སྲིད་ཅེས་གསུངས་ཏེ་འཛམ་བུའི་གླིང་དུ་བྱོན། ཀླུ་རྣམས་ཀྱིས་སློབ་དཔོན་ཀླུ་ཡུལ་དུ་འབྱོན་རྒྱུའི་གཏའ་མ་ལྟ་བུར་འབུམ་གྱི་གཤམ་ནས་ཅུད་ཟད་མ་བསྐུར་བས། བརྒྱད་སྟོང་པའི་རྟག་ཏུ་ངུ་དང༌། ཆོས་འཕགས་ལེའུ་གཉིས་རྗེས་སུ་འབུམ་རྒྱས་པའི་གཤམ་དུ་སྦྱར་བར་གྲགས། ཞེས་བྱུང་བ་ལྟར། ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་འབུམ་པ་ཀླུ་ཡུལ་ནས་གདན་དྲངས་པ་ལས། བྱམས་ཞུས་ཀྱི་ལེའུ་དང་། ཆོས་འཕགས་ཀྱི་ལེའུ། རྟག་ཏུ་ངུའི་ལེའུ། ཡོངས་གཏད་ཀྱི་ལེའུ་བཞི་པོ་རྣམས་ཀླུས་མ་བསྐུར་བར་ཁ་མ་བསྐངས་པའི་ཤེར་ཕྱིན་འབུམ་པ་དང་། ཕྱིས་སུ་ཉི་ཁྲི་བརྒྱད་སྟོང་པས་ཁ་བསྐངས་པའི་བཞེད་ལུགས་གཉིས་བྱུང་བར་གསུངས་སོ།།
རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ལས[8]། གདེངས་ཅན་དབང་པོས་རང་གི་ཕོ་བྲང་དུ། །སྤྱན་དྲངས་ནོར་བུའི་ཁྲི་ལ་ཞབས་བཀོད་དེ། །སྐལ་ལྡན་ཀླུ་དབང་ཚོགས་ལ་ཆོས་བསྟན་པས། །ཀླུ་རྣམས་བདེན་པར་བཀོད་ལ་གསོལ་བ་འདེབས། །གདེངས་ཅན་ཡུལ་ནས་ཤེར་མདོ་སྤྱན་དྲངས་ཏེ། །བདེན་དངོས་སྨྲ་བའི་རང་གཞན་སྡེ་པ་རྣམས། །ཞིབ་ཏུ་བཀག་སྟེ་རིགས་པའི་ཚོགས་བརྩམས་ནས། །ཆོས་སྒྲ་གཉིས་པ་བསྒྲགས་ལ་གསོལ་བ་འདེབས། །གནོད་སྦྱིན་གྱིས་ཕུལ་ཀླུ་ཡི་འཇིམ་པ་ལས། །ཆོས་སྐུའི་མཆོད་རྟེན་བྱེ་བ་བཞེངས་པའི་མཐུས། །རྒྱ་གར་ཤར་ནུབ་ཡུལ་གྲུ་ཕལ་མོ་ཆེར། །ཆོས་སྐུའི་རྟེན་གྱིས་ཁྱབ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། འཕགས་པ་ཀླུ་སྒྲུབ་ཀླུ་ཡུལ་དུ་བྱོན་པའི་དགོས་དམིགས་ནི། མཁན་པོ་འཇམ་དབྱངས་གྲུབ་པའི་བློ་གྲོས་ (1932-) ཀྱིས་མཛད་པའི་སངས་རྒྱས་གཉིས་པ་དཔལ་ལྡན་ཀླུ་ཡི་དབང་པོ་ལ་བསྟོད་པ་ནོར་བུའི་མགུལ་རྒྱན་སྨོན་པའི་རེ་སྐོང་ལས་[9]ཀྱང་། ཆོས་དབྱིངས་མཁའ་ལ་རྟོགས་པས་གར་སྟབས་བསྒྱུར་བའི་སྒྲ་བརྒྱའི་དབང་པོ་ཁྱེད་ཀྱི་རིག་པའི་ལྕེ་དམར་འཁྱུག་པའི་སྐད་ཅིག་ལ། །ལྟ་ངན་གཡང་ལ་འཕྱན་པའི་བདེ་བྱེད་ལ་སོགས་མུ་སྟེགས་མང་པོས་ཐར་པའི་གྲོང་ལ་བགྲོད་བྱེད་ཤེས་རབ་མིག་རྙེད་ཅིང་། །དམིགས་མེད་བརྩེ་བའི་ཆུ་འཛིན་དང་འགྲོགས་རྒྱ་མཚོར་ཆས་དེ་ཐབས་མཁས་སྨན་གྱི་སྦྱོར་བས་ཀླུ་ཡི་མྱ་ངན་སངས་པར་བྱས། །མཚན་ཉིད་མེད་ཆོས་ཤེར་ཕྱིར་འབུམ་ཞེས་གྲགས་པའི་དགོས་འབྱུང་ནོར་བུའི་གཏེར་ནི་ཕྱག་གི་རྒྱན་དུ་ཐོགས་ནས་སྲིད་འདིར་བརྗིད། །དེ་ཚེ་འཛམ་གླིང་འདིར་ནི་དད་པའི་ཞིང་གྱུར་མཆོད་རྟེན་བྱེ་བ་ས་ཡ་ནི། །ཀླུ་ཡིས་གྲོགས་བྱས་ལྷུན་གྱིས་གྲུབ་ཅིང་ཀླུ་སྒྲུབ་སྙིང་པོའི་སྙན་གྲགས་རོལ་མོ་ལྡིར། །ཞེས་གསུངས་པ་ལྟར། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་བྱུང་ལས[10]། སློབ་དཔོན་ཀླུ་སྒྲུབ་ཞལ་ཏ་བར་གྱུར་པའི་ཚེ་མུ་གེ་བྱུང་སྟེ་དགེ་འདུན་ལ་འཚོ་བ་གོང་བཞིན་སྦྱར་བ་དང་། དེ་ཡང་དབྱར་གནས་གཅིག་གི་དུས་ཡུན་ལྟ་བུ་གསུངས། དབྱར་གནས་ཐོན་པ་དང་དགེ་འདུན་ལ་བྱུང་བ་ཞུས་པས། དགེ་འདུན་ལ་ལོག་འཚོ་སྦྱར་བས་གནས་ནས་དབྱུང་ལ་གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་བགྱི་བར་བསྒོས་སོ་ཞེས་བྱུང་། བཀའ་བཞིན་བགྱི་བ་ལ་གཅིག་པུས་འགྲུབ་དཀའ་བར་གཟིགས་ནས་གནོད་སྦྱིན་ཛམ་བྷ་ལ་ནས་ནོར་བླངས། ཀླུ་རྣམས་གྲོགས་སུ་འཚོལ་དགོས་པར་དགོངས་ཏེ། ཀླུ་རྣམས་དད་པའི་ཕྱིར་ཆོས་གསུངས་ཏེ་ཀུ་རུ་ཀུལླེའི་སྔགས་ཀྱིས་ཀླུ་རྒྱལ་འཇོག་པོའི་བུ་མོ་འཁོར་བཅས་བཀུག །དེ་དག་ལས་རོགས་བྱེད་དགོས་པར་གསུངས་པས། ཕ་ལ་དྲིས་ནས་འོངས་ཞུས་ཏེ་ཕས་སློབ་དཔོན་ཀླུ་ཡུལ་དུ་ཕེབས་ན་བཀའ་བཞིན་དུ་བྱ་བར་ཞུས་པ་ལྟར་འགྲོ་དོན་རྒྱ་ཆེ་འགྲུབ་པར་གཟིགས་ནས་ཀླུ་ཡུལ་དུ་བྱོན་ཅེས་རྗེ་བཙུན་ཏཱ་ར་ནཱ་ཐས་ཀྱང་གསུངས། བུ་སྟོན་ཐམས་ཅད་མཁྱེན་པ་ལྟར་ན། བཀའ་བསྒོས་པའི་རྗེས་སུ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྒྲུབས་པ་ལྟར་ཐོབ། བདེ་བྱེད་ཀྱིས་ཐེག་ཆེན་སུན་འབྱིན་པའི་གཞུང་བརྩམས་པ་དེ་འདུལ་བའི་དོན་དུ་ཆོས་གསུངས་པའི་ཚེ་ན། བྱིས་པ་གཉིས་ཆོས་ཉན་པར་འོངས་ནས་ཕྱིར་ས་འོག་ཏུ་སོང་བ་ལ་དྲིས་པར་ཀླུ་ཡིན་ཞུས། གནོད་སྦྱིན་གྱི་འདམ་ལོང་བར་གསུངས་པས་རྒྱལ་པོར་ཞུས། དེས་གསོལ་བ་བཏབ་སྟེ་ཀླུ་ཡུལ་དུ་སྤྱན་དྲངས་པ་ཡིན་ནོ། །ཞེས་གསལ་ལོ།།
དེ་ཡང་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས་ལས[11]། ཀུན་ཏུ་གཏོང་བ་ཡངས་པའི་ཕྱག་བརྐྱངས་ནས། །རྫོགས་ལྡན་བཞིན་དུ་འགྲོ་ཀུན་ཚིམ་མཛད་པས། །སྐྱེངས་པས་སྟོབས་ལྡན་ས་འོག་ཏུ་ཞུགས་ཤིང་། །ཟླ་བའི་མ་མ་ཀུན་ཏུ་འདར་བ་སྙམ། །གདེངས་ཅན་འདྲེན་པས་རང་གི་ཕོ་བྲང་དུ། །སྤྱན་དྲངས་ནོར་བུའི་ཁྲི་ལ་ཞབས་བཀོད་དེ། །སྐལ་ལྡན་ལྟོ་འགྲོའི་ཚོགས་རྣམས་མ་ལུས་པ། །ཐེག་མཆོག་བདུད་རྩིས་ཚིམ་མཛད་ཁྱོད་ཕྱག་འཚལ། །རྒྱལ་བ་ཀུན་ཡུམ་སྟོང་ཕྲག་བརྒྱ་པ་དང་། །རྡོ་རྗེའི་འཇིམ་པ་མང་པོ་ལེགས་བསྣམས་ཏེ། །འཛམ་གླིང་མཆོད་རྟེན་བྱེ་བས་མཛེས་བྱས་ཤིང་། །བགྲང་ཡས་མཁས་ལ་ཆོས་སྟོན་མཛད་ཕྱག་འཚལ། །ཞེས་གསུངས་ཤིང་། འཕགས་པ་ཀླུའི་ཞབས་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པ་ཤེར་ཕྱིན་འབུམ་པ་ཡིན་མིན་ནི། ཀླུ་ཡུལ་དུ་ཆོས་གསུངས་པའི་ཚེ་ཀླུའི་རྒྱལ་པོས་བཞུགས་པར་གསོལ་བ་བཏབ་ཀྱང་མཆོད་རྟེན་བཞེངས་དགོས་པར་གསུངས་ཏེ་འདམ་བསྣམས་ནས་འབུམ་དང་། གཟུངས་དང་རྟོག་པའི་རིགས་དུ་མ་སྤྱན་དྲངས་ཏེ་ཕྱིར་ཕེབས། འབུམ་གྱི་ཞབས་ནས་བག་ཙམ་ཀླུས་མ་བསྐུར་བ་ཡིན་ཡང་ཟེར། དམ་པའི་ཆོས་ལ་དགྲ་ལན་གསུམ་བྱུང་བའི་ཚེ་ཚང་བ་ཡིན་ཡང་ཟེར་ཏེ་ཕྱི་མ་དག་[12] ཅེས་ཏཱ་ར་ནཱ་ཐས་གསུངས། ཀླུ་རྣམས་ཀྱིས་གྲོགས་བྱས་ཏེ་ཡུལ་གྲུ་དུ་མར་མཆོད་རྟེན་བྱེ་བ་བཞེངས་པས་མཚན་ལ་ཀླུ་སྒྲུབ་ཐོགས་པ་དང་། ཀླུ་ཡུལ་ནས་ཤེར་ཕྱིན་འབུམ་པ་སོགས་གདན་དྲངས་པར་གསུངས་ཀྱང་། པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་རྟོགས་རྒྱན་འགྲེལ་ལས[13]། གླེགས་བམ་གྱི་གྲངས་ལས། དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོའི་དཀར་ཆག་ཏུ། ཤིན་ཏུ་རྒྱས་པ་ཤེར་ཕྱིན་བྱེ་བ་ཕྲག་བརྒྱ་པ་དྲི་ཟའི་གནས་ན་བཞུགས་པ་དང༌། འབུམ་ཕྲག་བརྒྱ་པ་ལྷའི་གནས་ན་བཞུགས་པ་དང༌། སྟོང་ཕྲག་བརྒྱ་པ་ཀླུའི་གནས་ན་བཞུགས་པ་མགོན་པོ་ཀླུ་སྒྲུབ་ཀྱིས་མིའི་ཡུལ་དུ་སྤྱན་དྲངས་པ་ལས་ལྷག་མ་ཅུང་ཞིག་ལུས་སོ། །ཞེས་བྲིས་ཤིང་འདི་ལ་བརྟེན་ནས་ཨར་གྱིས། རྒྱས་འབྲིང་བསྡུས་པ་དགུའི་རྣམ་གཞག་ཀྱང་མཛད། ཤེར་ཕྱིན་གྱི་གླེགས་བམ་ཇི་སྙེད་པ་བོད་དུ་འགྱུར་བ་ལས། ཡུམ་རྒྱས་པ་བམ་པོ་སུམ་བརྒྱ་པ་ལ། ཁམ་པ་གོ་ཆའི་ཐུགས་འགྱུར་དུ་གྲགས་པ་དང༌། ཉང་ཨིནྟ་ཨ་རོ་དང༌། སྦས་མཉྫུ་ཤྲཱི་གཉིས་ཀྱི་བཅའ་འབུམ་དུ་གྲགས་པ་དང༌། བཻ་རོ་ཙ་ནའི་ལྕགས་ཐུར་ཅན་དུ་གྲགས་པ་དང༌། ཀ་ཅོག་གི་བླ་འགྱུར་རྒྱས་པར་གྲགས་པ་དང༌། ལྕེ་ཁྱི་འབྲུག་དང༌། ཞང་བནྡྷེ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་དྲུག་ཙམ་ཡོད་པར་གྲགས་ཤིང༌། ལོ་ཆེན་གྱིས་ཀྱང་མ་མྱ་ད་དྲག་དབྱི་བ་ལ་སོགས་པའི་ཞུས་དག་ཆེ་ལོང་ཙམ་མཛད་དོ། །ཞེས་བྱུང་བ་ལྟར་ཡོངས་གྲགས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པ་ནི་ཤེར་ཕྱིན་ཡིན་པར་གསལ་ནའང་། གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[14]། ས་བཅུ་པའི་མདོ་བམ་པོ་དགུ་པ་སློབ་དཔོན་གོང་གསལ་གཉིས་ཀྱི་འགྱུར་ཆོས་ཀྱི་དབྱིངས་ལ་འཇུག་པ་ལས་ཡི་གེའི་སྒོ་ཞེ་གཉིས་པ་ཁོལ་དུ་ཕྱུང་བ་རྣལ་འབྱོར་གྱི་དབང་ཕྱུག་ཨ་མོ་གྷ་བཛྲའི་འགྱུར་རྣམས་བཞུགས། (རྒྱ་ནག་གི་ལུགས་ལ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་སྤྱན་དྲངས་ཟེར་བའི་ཆོས་དེ་ཤེར་ཕྱིན་ལ་མི་ཟེར་བར་ཕལ་ཆེར་ལ་ངོས་འཛིན་ནོ།།) ཞེས་གསལ་བ་ལྟར་ཡོངས་གྲགས་སུ་འཁོད་པའི་ཤེར་ཕྱིན་མིན་པར་ཕལ་ཆེན་ཡིན་པར་གསུངས་སོ།།
ཀླུ་ཡུལ་ཞེས་པ་འཇིག་རྟེན་གཞན་དུ་ཡོད་པའི་ཚུལ་ནི། དེ་ལྟར་སློབ་དཔོན་ཀླུ་སྒྲུབ་བྱོན་ཡུལ་གྱི་ཀླུ་ཡུལ་དེ་གང་དུ་ཡོད་མེད་ཐད་འཇིག་རྟེན་གཞན་ནམ་ས་འོག་ཏུ་ཡོད་པ་དང་། རྒྱ་ནག་ཏུ་ཡོད་པ། བལ་ཡུལ་དུ་ཡོད་པ། རྒྱ་གར་འཕགས་ཡུལ་དུ་ཡོད་པ། དེ་ལའང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་དང་། ཨ་སམ་ཁུལ་དུ་ཡོད་པ་སོགས་བཞེད་ལུགས་མང་དུ་ཡོད་པ་ལས། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་སློབ་སྤྲིངས་ལས[15]།
བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ།།
རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོ་གདེངས་ཀ་ཅན།།
ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས།།
ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད།།
ཅེས་གསུངས་པ་ལྟར་ཀླུ་ཡུལ་ནི་ས་ཡི་གཏིང་ན་གནས་པར་གསུངས་ལ། དེ་ལྟ་བུའི་ས་འོག་ཀླུའི་འཇིག་རྟེན་དེ་ཇི་ལྟ་བུ་ཞིག་ཡོད་པ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་མདོའི་འབུམ་འགྲེལ་ལས[16]། འོག་ཀླུའི་ཡུལ་ནི་འཛམ་བུའི་གླིང་ཇི་བཞིན་དུ། མཚོ་ཆེན་པོ་ཡོད་དེ། ཀླུ་རྣམས་ལོངས་སྤྱོད་བྱེད་པ། མཚོ་དེའི་ཁ་ནས་ཆུ་ཀླུང་ཆེན་པོ་བཞི་འབབ་པ། དེ་ཡང་ཤར་དང་ལྷོ་དང་ནུབ་དང་བྱང་དུ་འབབ་སྟེ། ཆུ་དེ་ཡང་རིགས་བཞིའི་ཀླུའི་མཚོའི་ནང་དུ་འབབ་བོ། །ཞེས་གསུངས་ལ། ལར་ནས་ཀླུའི་འཇིག་རྟེན་ཞེས་པ་ནི་ས་འོག་གི་ཚིག་བླ་དྭགས་ཡིན་པ་མངོན་བརྗོད་ཀྱི་གཞུང་དུ་གསལ་ཞིང་། དེ་བཞིན་རྗེ་བཙུན་རེད་མདའ་བ་ཆེན་པོས་ (1349-1412) མཛད་པའི་ཐུབ་དགོངས་བཙལ་ཚུལ་ལས་[17]ཀྱང་།
ཀླུ་ཡི་ཡུལ་སོགས་འཇིག་རྟེན་གཞན་དག་ནས། །ཟབ་ཅིང་རྒྱ་ཆེའི་མདོ་སྡེ་རྣམ་མང་བླངས། །
རྟག་ཆད་མཐར་ལྟའི་མུན་པ་མཐུག་པོ་བཅོམ། །མཐའ་བྲལ་དབུ་མའི་སྒྲོན་མེ་དེ་ཡིས་སྦར། །
ཞེས་བསྔགས་པ་མཛད་པ་ལྟར། ཀླུ་ཡུལ་ནི་འཇིག་རྟེན་གཞན་དུ་ཡིན་པར་གསུངས་ལ། ཡང་ལ་ལས་ཀླུ་ཡུལ་ནི་ས་འོག་ཏུ་ཡོད་པར་འདོད་ཀྱང་། མགོན་པོ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་ཤེར་ཕྱིན་གྱི་མདོ་གདན་དྲངས་ཞེས་པའི་དོན་ནི། འཕགས་ཡུལ་དུ་ཐེག་ཆེན་དུ་བསྟན་པ་ཆེས་ཆེར་ཉམས་ཏེ་དེ་དག་ཀླུ་རྣམས་ཀྱིས་ཀླུའི་ཡུལ་དུ་གདན་དྲངས་ཞེས་པ་ནི། ལོ་རྒྱུས་སྨྲ་བ་དག་གི་བརྗོད་བབ་གཅིག་མཚུངས་ཡིན་ནའང་། དེ་ནི་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་གྱི་གཞུང་ལུགས་ས་འོག་ནས་བཏོན་པའི་སྐད་ཆ་ཞིག་ལས། ཀླུ་ཡི་ཡུལ་ཞེས་ས་ཆ་ག་གེ་མོར་ཕེབས་ནས་བསྣམས་ཕེབས་པའི་དོན་མིན་པར་སེམས། རྒྱ་གར་ལྷོ་ཕྱོགས་ཀྱི་ཀླུ་གནས་མཚོ་དང་མཚེའུ་ཞིག་ནས་ཤེར་ཕྱིན་གདན་དྲངས་པ་དང་། དེ་ཡང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སྐུ་ཚེ་སྨད་ཀྱི་བཞུགས་གནས་གཙོ་བོ་ལྷོ་ཕྱོགས་དཔལ་གྱི་རིར་སློབ་དཔོན་ཀླུ་སྒྲུབ་ཀླུ་ཡུལ་དུ་བྱོན་ཡུལ་ཡིན་པར་གྲགས་པའི་བྲག་ཀོང་ཁྲོན་པ་འདྲ་བ་ཞིག་ཡོད་པ་དེ་ཡིན་པའི་གནས་བཤད་བྱེད་སྲོལ་འདུག་པ་ལྟར་ཀླུ་ཡུལ་ས་འོག་ཏུ་ཡིན་པ་དང་། དེ་ཡང་རྒྱ་གར་ལྷོ་ཕྱོགས་དཔལ་རིའི་ས་འོག་ཏུ་ཡིན་པའི་བརྗོད་སྲོལ་ལྟར་ནའང་། ཁྲོན་པ་འདྲ་བའི་བྲག་ཀོང་འདི་ལྟའི་ས་འོག་ནས་གདན་དྲངས་པ་ཞིག་ལས། ས་འོག་གི་འཇིག་རྟེན་གཞན་ཞིག་ཨེ་ཡིན་སྙམ།

སློབ་དཔོན་ཀླུ་སྒྲུབ་ཀླུ་ཡུལ་དུ་ཕེབས་སའི་རྒྱ་གར་ལྷོ་ཕྱོགས་དཔལ་རི་བོའི་བྲག་གི་ཁྲོན་པ།
ཡང་ཀླུ་ཡུལ་རྒྱ་ནག་ཏུ་ཡོད་པར་འདོད་པའི་ལུགས་ནི། ཀཿཐོག་སི་ཏུ་ (1698-1755) མདོ་ཁམས་དང་རྒྱ་ནག་ཡུན་ནན་རི་བོ་བྱ་རྐང་སོགས་གནས་སྐོར་འགའ་ཞིག་ལ་ཕྱིན་པའི་ལམ་ཡིག་འཁྲུལ་སྣང་ལས་སྦྱོང་གསལ་བའི་ཨ་དར་ཤ་ལས[18]། ཐོགས་མེད་གནས་ནས་ལེ་དབར་ལྔ་ན། རི་རྩྭ་ཡོད་ཀྱི་ངོས་དོང་འདྲ་བའི་ཕུག་པ་ནས། ཐུར་དུ་ཕྱིན་པས་ཕུག་པ་ནང་ཡངས་པའི་སྒོ་ཞིག་ན། མཚོ་འདོམ་བཞི་ཙམ། འདི་ལ་ཤིའི་དུང་སྟེ་འཕགས་པ་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་དང་། ཀླུ་ཡུལ་དུ་བྱོན་པ་དང་། ཤེར་ཕྱིན་གདན་དྲངས་པའི་གནས་སུ་གྲགས། ཞེས་གསལ་བ་ལྟར་རྒྱ་ནག་ཡུལ་དུ་ཡོད་ཚུལ་གསལ་ལོ།།
ཤེར་ཕྱིན་འབུམ་ནི་སྟོན་པ་བཞུགས་དུས་ནས་ཡོད་པར་འདོད་པ་དང་། དུས་ཕྱིས་མགོན་པོ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པའི་འདོད་ཚུལ་གཉིས་ལས་འདོད་ཚུལ་ཕྱི་མ་འདི་ཉིད་གྲགས་ཆེ་ལ། འདི་ལའང་ནུབ་ཕྱོགས་ཀྱི་མཁས་དབང་ལ་ལས་ཤེར་ཕྱིན་ནི། ཀླུ་སྒྲུབ་རང་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཡིན་ཀྱང་། དུས་བསྟུན་དགོས་དབང་གིས་ཀླུ་ཡུལ་ནས་གདན་དྲངས་ཚུལ་བསྒྲགས་པར་འདོད་མོད། ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་གཞན་གྱི་རྩོམ་འགྲོས་དང་། རྩ་འགྲེལ་སོགས་དང་ཤིན་ཏུ་ཐ་དད་ལ། འབྲི་གུང་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི་ནང་རིག་གཞུང་གསལ་ནང་བཅུད་ལྷ་སོགས་ཀྱི་འགྲོ་བའི་རིགས་རྣམས་གང་དང་གང་དུ་ངོས་འཛིན་དགོས་ཞེས་པ་ལས[19]། ཀླུ་ཡི་ཡི་གེ་ཞེས་པ་ནི། རྒྱ་གར་ཤར་ཕྱོགས་ཨ་སམ་ཁུལ་གྱི་ནཱ་གའམ་ཀླུའི་མི་རིགས་ཀྱི་ཡི་གེ་ལ་གོ་དགོས་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཡུམ་གདན་དྲངས་པར་བཤད་པའང་ཡུལ་འདི་ནས་གདན་དྲངས་པར་གོ་དགོས་པ་ཡིན་འདུག་སྙམ། རང་རེའི་ཡིག་ཆ་འགར་ཀླུའི་ཁྲག་ལྗང་ཁུར་བཤད་ཡོད་པས། ཨ་སམ་རྒྱུད་དུ་གནས་པའི་ནཱ་ག་རིགས་ཀྱི་མི་ཡི་ཟུངས་ཁྲག་ལྗང་ཁུ་ཡིན་པ་[20]འདིས་མཚོན་པ་ཡིན། ཞེས་གསལ་བ་ལྟར་ཀླུ་ཡུལ་རྒྱ་གར་ཨ་སམ་ཁུལ་དུ་ཡིན་པར་གསུངས་པ་ལྟར། ཀླུ་ཡུལ་ཞེས་པ་ནི་དེང་རབས་མཁས་པའམ་ལོ་རྒྱུས་སྨྲ་བ་ཁག་གཅིག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་ཁུལ་དུ་ཡོད་པ་དང་། དེ་ཡང་གནའ་དུས་སུ་ཀླུ་ལ་མཆོད་ཅིང་རྒྱལ་པོ་དུ་མའི་མིང་གི་ཆ་ཤས་སུ་ནཱག་ (ཀླུ) ཞེས་ཡོད་པའི་ཡུལ་གྲུ་ཞིག་ལ་ངོས་འཛིན་བྱེད་པ་དང་། མགོན་པོ་ཀླུ་སྒྲུབ་ཀླུ་ཡུལ་ལ་ཕེབས་སའི་མིང་ལ་ནཱ་ག་པུར་ཟེར་བའི་ལྷོ་ཕྱོགས་མཚོ་འགྲམ་ཞིག་ཏུ་ཡིན་པ་དང་། དེ་ཡང་ཀླུ་སྒྲུབ་ཀྱི་འཁྲུངས་ཡུལ་གྱི་གྲོང་གསེབ་དང་ཐག་མི་རིང་བའི་ས་ཞིག་ཏུ་ཡིན་པར་འདོད་པ་དང་། འགའ་ཞིག་གིས་རྒྱ་གར་ནུབ་ཕྱོགས་ཀྱི་ (Maharashtra) མངའ་སྡེའི་ (Nagpur) ནཱག་པུར་ཞེས་པའི་གྲོང་སྡེ་སྟེ། ནཱག་ཅེས་པ་ཀླུ་དང་པུར་ཞེས་པ་ནི་གྲོང་ཁྱེར་རམ་ཡུལ་གྲུ་ཡིན་པས་ནཱག་པུར་ལ་ཀླུ་ཡུལ་དུ་ངོས་འཛིན་པ་ལས། ས་འོག་གི་འཇིག་རྟེན་ལ་ངོས་འཛིན་མི་བྱེད། འོན་ཀྱང་ཀླུ་རྣམས་ཀྱིས་གྲོགས་བྱས་པས་སློབ་དཔོན་གྱི་མཚན་ལ་ཀླུ་སྒྲུབ་ཐོགས་པར་གསུངས་པ་ནི་ཡོངས་གྲགས་ཡིན།
ཡང་མཧཱ་ར་ཤེ་ཊའི་མངའ་སྡེའི་ཁོངས་ཀྱི་ནཱག་པུར་ཞེས་པ་འདི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀླུ་ཡུལ་དུ་བྱོན་ཚུལ་དང་། ཀླུ་སྒྲུབ་ཅེས་པའི་མཚན་ཐོགས་ཚུལ་བཅས་དང་འབྲེལ་བ་ཡོད་མེད་སོགས་ལ་ཞིབ་ཏུ་དཔྱད་དགོས་ཤིང་། དེ་བཞིན་ཆ་དྷི་སི་གྷར་གྱི་མངའ་སྡེའི་ར་ཡེ་པུར་ནས་རྒྱང་ཐག་སྤྱི་ལེ་ ༧༨ བརྒལ་བའི་སར་ཡོད་པའི་སིར་པུར་ (Sirpur) ས་གནས་སུ་ཆགས་པའི་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སྒྲུབ་གནས་ཁྱད་པར་ཅན་དུ་ཕྱི་ལོ་ ༢༠༡༤ ལོའི་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ཁུལ་དེར་ཡོད་པའི་མགོན་པོ་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཏུ་གནས་གཟིགས་དང་། ཐུགས་སྨོན་ཞལ་འདོན་རྒྱ་ཆེ་མཛད་པ་སོགས་ལྷོ་ཕྱོགས་སུ་ཀླུ་སྒྲུབ་ཀྱི་སྒྲུབ་གནས་ཀྱང་མང་ངོ་།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་གསལ།[21] ཐང་སན་བླ་མ་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཆགས་ཡོད། དེ་སྔོན་ངོས་ལ་དཔེ་གསར་ལྟ་བུ་ཞིག་བྱུང་བ་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་ནག་པུར་གྲོང་ཁྱེར་ཁུལ་དུ་རྒྱ་གར་ཤར་ཕྱོགས་སུ་རྒྱུགས་བཞིན་པའི་ཆུ་བོའི་གཞུང་མཚམས་དེ་ནས་ཐང་སན་བླ་མ་རྒྱ་ནག་ཏུ་གྲུ་གཟིངས་ཐོག་ཕེབས་པ་རེད་ཅེས་བརྗོད་རྒྱུ་འདུག་ལ། དེའི་རྒྱབ་རིར་མགོན་པོ་ཀླུ་སྒྲུབ་ཀྱིས་སྒྲུབ་པ་མཛད་ནས་བཞུགས་མྱོང་བའི་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཏུ་ཕྱིན་ནས་རྩ་བ་ཤེས་རབ་འདོན་པ་དང་། བསམ་བློ་ཅུང་ཟད་བཏང་བ་བཅས་བྱེད་སྐབས་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་དེའི་སྟེང་ཕྱོགས་སུ་སྦྲུལ་དཀར་པོ་ཞིག་ཡོད་པ་རོགས་པ་འགའ་ཞིག་གིས་མཐོང་འདུག་ལ། བྲག་ཕུག་ནས་ངོས་རང་ཕྱི་ལ་ཐོན་ཏེ་གཙང་པོའི་ཕྱོགས་སུ་བསྐྱོད་སྐབས་ངོས་ལ་དུང་དཀར་ཞིག་ཀྱང་རྙེད་བྱུང་། དེ་ནི་ངོས་ནས་རྟེན་འབྲེལ་བཟང་པོ་ཞིག་ལ་བརྩིས་ཤིང་། དེ་ཡང་སྒྲུབ་ཕུག་གི་གཤམ་ངོས་སུ་རྩིག་པ་ཞིག་གི་སྟེང་དུ་རྒྱུ་མཚན་གང་ཡང་མེད་པར་གློ་བུར་དུ་དུང་དཀར་ཞིག་འདུག་ཅིང་། མི་ཡོད་ན་དུང་དཀར་དེ་ཉིད་སློང་དགོས་སྙམ་པ་ཞིག་བྱུང་ཡང་། དེའི་གཡས་གཡོན་དུ་མི་གཞན་སུ་གཅིག་ཀྱང་མི་འདུག།
དེ་ལྟར་ཐང་སན་བླ་མ་ཀླུ་སྒྲུབ་ཀྱི་སློབ་མའམ་རྗེས་འབྲང་པ་ཆགས་ཡོད། ཁོང་གིས་རྒྱ་ནག་ཏུ་བསྟན་པ་སྤེལ་སྐབས་དང་། ལྷག་པར་དབུ་མ་རྩ་བ་ཤེས་རབ་སློབ་ཁྲིད་གནང་སྐབས་རྟགས་གསལ་གྱི་འགྲོ་ལུགས་ཤེས་དགོས་པ་ཞིག་ཡིན་ནའང་། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་། དཔལ་ལྡན་ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་སོགས་ཚད་མའི་གཞུང་རྣམས་རྒྱ་སྐད་དུ་བསྒྱུར་མི་འདུག །མདོར་ན་ཚད་མའི་ཐོག་ལ་དམིགས་བསལ་ཐུགས་སྣང་གནང་མི་འདུག །ཅེས་གསུངས་སོ།།

Images His Holiness the DaLai Lama reciting a Buddhist text at the Chaanda Devi Caves where the Indian philosopher Nagarjuna meditated in Sirpur, Chattisgarh on January 14, 2014.
དེ་ཡང་ཕྱི་ལོའི་གོང་གི་དུས་རབས་གཉིས་པའི་ནང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་མཧཱ་ས་མུན་ཌི་ Mahasamund རྫོང་གི་སིར་པཱུར་ Sirpur ནས་སྤྱི་ལེ་ ༡༥ ཡི་མཚམས་སུ་ཡོད་པའི་གཙང་པོ་ཆེན་པོ་མཧཱ་ན་དྷི་ Mahanadi ཡི་རྒྱུད་དུ་ཕེབས་ཤིང་། གཙང་འགྲམ་གྱི་བྲག་ཕུག་དེར་སྒོམ་སྒྲུབ་མཛད་པས། ཡུལ་མི་དག་གིས་བྲག་ཕུག་དེར་ཀླུ་སྒྲུབ་ཀྱི་བྲག་ཕུག་ཅེས་བཏགས་ཤིང་། དེང་སྐབས་ཀྱང་ Nagarjuna caves ཞེས་འབོད། རྒྱ་གར་གྱི་ཡིག་ཚགས་འགའ་ཞིག་ཏུ་གསལ་བ་ལྟར་ན། ཕྱི་ལོའི་གོང་གི་དུས་རབས་ ༦ པའི་ནང་སངས་རྒྱས་བཅོམ་ལྡན་འདས་ཀྱང་ས་གནས་འདིར་ཞབས་ཀྱིས་བཅགས་ནས་བྲག་ཕུག་ཅིག་ཏུ་སྒོམ་སྒྲུབ་མཛད་རབས་བཀོད་འདུག་ཅིང་། རྒྱ་གར་འཕགས་ཡུལ་གྱི་བྱུང་རབས་ལོ་རྒྱུས་ནང་བྲག་ཕུག་འདིར་ནང་པའི་སྐྱེས་ཆེན་མང་པོ་ཞིག་དངོས་སུ་ཞབས་ཀྱིས་བཅགས་ཡོད་ཀྱང་། རྒྱ་གར་གྱི་ཉེ་བའི་ལོ་རྒྱུས་ནང་བྲག་ཕུག་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་གཟིགས་ལ་ཕེབས་པ་ནི་ནང་པའི་སྐྱེས་ཆེན་ཞིག་ཕེབས་པ་ཐེངས་དང་པོ་ཡིན་འདུག
ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་པར[22]། རྒྱ་ནག་ལ་ནང་ཆོས་ཐོག་མར་སྤེལ་མཁན་གྱི་ཐང་སན་བླ་མ་ནཱ་ལེནྡྲར་ཕེབས་ནས་སློབ་གཉེར་གནང་སྟེ་མཐར་རྒྱ་ནག་ཏུ་ཕེབས་ཡུལ་གྱི་མཚོ་ཁར་ངོས་རང་སླེབས་ཤིང་། རྒྱབ་ངོས་རི་སྟེང་དུ་ཀླུ་སྒྲུབ་བཞུགས་མྱོང་བའི་བྲག་ཕུག་ཅིག་འདུག་པར་ངོས་རང་ཧ་ཅང་དགའ་པོ་བྱུང་། ཀླུ་སྒྲུབ་བཞུགས་ཡུལ་གྱི་བྲག་ཕུག་ཆུང་ངུའི་ནང་དུ་ཕྱིན་ནས་ཀླུ་སྒྲུབ་ཀྱི་བཀའ་དྲིན་དྲན་བཞིན་པའི་ངང་ནས་རྩ་བ་ཤེས་རབ་བཏོན་ནས་སྨོན་ལམ་བརྒྱབ་པ་སོགས་བྱས་ཤིང་། སྐབས་དེར་ཁྱད་མཚར་པོ་ཞིག་བྱུང་བ་ལ། ངོས་ནས་མཐོང་མ་བྱུང་ཡང་གཞན་གྱིས་མཐོང་བར། ཀླུ་སྒྲུབ་ཀྱི་བྲག་ཕུག་དེའི་ཐོག་སྟེང་དུ་སྦྲུལ་དཀར་པོ་ཞིག་བསྡད་འདུག་ཅེས་བརྗོད་བྱུང་། དེ་ནི་དཔེ་གསར་ཞིག་ཡིན་པ་དང་། དེ་ལས་ཁྱད་མཚར་བ་ཞིག་ལ། བྲག་ཕུག་ནས་ཐོན་ཏེ་རྒྱ་གར་ཤར་ཕྱོགས་སུ་རྒྱུགས་པའི་གཙང་པོ་ཆེན་པོའི་ཆུ་ལམ་ཐོག་ཐང་སན་བླ་མ་རྒྱ་ནག་ཏུ་ཕེབས་ཡུལ་གྱི་གཙང་པོའི་ཆུ་རགས་ཀྱི་སྟེང་དུ་དུང་དཀར་ཞིག་འདུག །མི་ཡོད་ན་ཆོག་མཆན་ཞུ་བ་སོགས་བྱེད་དགོས་སྙམ་བྱུང་། དེ་མིན་མ་བྱིན་ལེན་པའི་ཐོག་ཏུ་འགྲོ་སྲིད་པ་ཡིན། དེའི་གཡས་གཡོན་ཉེ་འཁྲིས་སུ་མི་གཅིག་ཀྱང་མི་འདུག་པས། དེ་ནི་རྟེན་འབྲེལ་ཞིག་རེད་སྙམ་པ་ཞིག་བྱུང་། དུང་དཀར་དེར་སྨོན་ལམ་ཞིག་བརྒྱབ་ནས་ཨམ་ཕྲག་ཏུ་བླུགས་ནས་ཡོང་བ་ཡིན། དེ་རིང་ཆོས་གྲོགས་རྣམ་པར་དུང་དཀར་དེ་སྟོན་འདོད་བྱུང་། དུང་དཀར་འདི་རེད། སྐབས་དེར་ངོས་ནས་རྟེན་འབྲེལ་ཞིག་ལ་བརྩིས་པ་ཡིན། ངོས་རང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལ་སློབ་གཉེར་བྱས་ཤིང་། ཆུང་ངུའི་སྐབས་ནས་དབུ་མ་འཇུག་པ་བློ་འཛིན་དང་། དེང་སྐབས་སུའང་འཇུག་པ་རང་འགྲེལ་ངོས་ཀྱི་ལྕོག་ཙེའི་ཐོག་རྟག་ཏུ་འཇོག་མུས་ཐོག་དུས་ནས་དུས་སུ་ཀློག་བཞིན་ཡོད། དེར་བརྟེན་ངོས་རང་ཀླུ་སྒྲུབ་ཀྱི་རྗེས་འབྲང་ཞིག་དང་། དེའི་ནང་ཚན་ནས་དཔལ་ལྡན་ཟླ་བ་གྲགས་པའི་རྗེས་འབྲང་ཞིག་ལ་ངོས་རང་གིས་ངོས་འཛིན་བྱེད་བཞིན་ཡོད་ལ། རྗེས་འབྲང་ཙམ་ཞིག་མིན་པར་ཉིན་ཞག་ཕྲུགས་གཅིག་གི་ནང་དུ་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་ཐེངས་མང་གཏོང་བཞིན་ཡོད། དེས་ན་དུང་དཀར་འདི་སྐབས་དེར་རྟེན་འབྲེལ་ཞིག་ལ་བརྩིས་པ་ཡིན། ཞེས་ཀྱང་བཀའ་ཕེབས་པའོ།།
ཀླུ་ཡུལ་བལ་ཡུལ་དུ་ཡོད་པའི་ཚུལ་ཡང་། ངག་དབང་རྡོ་རྗེས་མཛད་པའི་བལ་ཡུལ་མཆོད་རྟེན་འཕགས་པ་ཤིང་ཀུན་དང་དེའི་གནས་གཞན་རྣམས་ཀྱི་དཀར་ཆག་མདོར་བསྡུས་ལས[23]། ཤནྟ་པུ་རི་འདི་ཀླུ་སྒྲུབ་ཀྱི་སྒྲུབ་ཁང་ཡིན། དེ་ནས་འོད་སྲུང་མྱ་ངན་ལས་འདས་ནས་ཤིང་ཀུན་གྱི་ནུབ་འོད་སྲུང་མཆོད་རྟེན་དང་། དབྱིག་གཉེན་མཆོད་རྟེན་རེ་ཡོད། དེའི་དུས་ཀླུ་སྒྲུབ་ཀྱིས་དཀོན་གཉེར་མཛད། རྒྱལ་པོ་འོད་ཟེར་གོ་ཆས་སྦྱིན་བདག་མཛད། ཤནྟ་ཏ་པུ་རིའི་སྒོ་ཤིང་ཀུན་ལ་འགྲོ་བའི་ལམ་དང་། ཀླུ་ཡུལ་ལ་འགྲོ་བའི་ལམ། འཕགས་ཡུལ་འགྲོ་བའི་ལམ་གསུམ་ཡོད། ད་ལྟ་རྡོ་འདོམ་གང་གྲུ་བཞི་གཅིག་གི་ཁ་དཔྱང་ཡོད། ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་གདན་དྲངས་པའི་པོ་ཏི་བཅུ་དྲུག་བཻ་ཌཱུརྱའི་ཤོག་བུ་ལ་འཛམྦུ་ཆུ་བོའི་གསེར་ལས་བྲིས་པ་ཡུམ་བུའི་ཐང་བཻ་དྷ་རི་ན་བཞུགས། ཞེས་གསལ་ལ། དེ་བཞིན་བྲག་དཀར་སྤྲུལ་སྐུ་མི་ཕམ་ཆོས་ཀྱི་དབང་ཕྱུག་ (1775-1837) མཆོག་གིས་མཛད་པའི་ནེ་པཱལ་ཡུལ་གྱི་གནས་དང་རྟེན་ལས[24]། རི་བོ་འཇིགས་བྱེད་ནི། འཛམ་བུའི་གླིང་འདིར་དཔལ་གྱི་རི་བཅུ་གསུམ་ཡོད་པའི་ནང་ཚན་གྱི་འབིགས་བྱེད་ནི་མ་ཡིན་ཏེ། འབིགས་བྱེད་དངོས་རྒྱ་གར་འཕགས་ཡུལ་གྱི་ཆར་ཡོད་ལ། འདི་ཡང་བོད་རྣམས་ཀྱི་བཏགས་མིང་ཁོ་ནར་ངེས་ཏེ། བལ་པོ་རྣམས་འཛང་མ་འཛུ་ཞེས་ཟེར་བའི་རི་དེའི་སྐེད་པར་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཏུ་གྲགས་པ་ནི། ལོ་རྒྱུས་ཀྱིས་མདོར་བཤད་པའི་ཞི་བྱེད་ལྷའམ། ཡང་ན་ཀླུ་སྒྲུབ་ཀྱི་སྒྲུབ་ཕུག་ཡིན་པ་དོན་ལ་གནས་ཏེ་བལ་སྐད་དུ་ན་ག་འཛོང་ཞེས་འབོད། འཕགས་མཆོག་ཀླུ་སྒྲུབ་ཉིད་བལ་ཡུལ་དུ་བྱོན་པ་ནི་གྲགས་ཆེ་ལ། ཐང་ཝི་ཧ་རའི་གཙུག་ལག་ཁང་དུ་བཞུགས་པའི་འབུམ་པོ་ཏི་རྣམས་ཀྱང་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་སྤྱན་དྲངས་པ་དེ་ཡིན་པར་འདོད་པ་དང་། བལ་པོ་རྣམས་ཀླུ་ཡུལ་དུ་བྱོན་པ་ཡང་བལ་ཡུལ་ནས་མཛད་པ་ཡིན་ཟེར། ཤིང་ཀུན་གྱི་མཆོད་རྟེན་ལ་སྲི་ཞུ་རྒྱ་ཆེར་མཛད་ཅིང་། ཡིག་རྙིང་འགའ་ཞིག་ཏུ། ཕྱག་ན་རྡོ་རྗེ་ཨཱ་ཙཱརྱའི་རྒྱུད་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་བལ་ཡུལ་འཕགས་པ་ཤིང་ཀུན་[25]ནས་གཏེར་ནས་བཏོན། ཞེས་གསལ་བ་ལྟར་ཀླུ་སྒྲུབ་བལ་ཡུལ་དུ་བྱོན་པ་དང་། བལ་ཡུལ་གྱི་གནས་ཡུལ་གང་སར་ཀླུས་ཁྱབ་པ་གཉིས་ཀ་གྲགས་ཆེ་ཞིང་། ཀླུ་སྒྲུབ་ཀླུ་ཡུལ་དུ་བྱོན་སའང་བལ་ཡུལ་དུ་ཡིན་པ་དང་། དེ་ཡང་འཕགས་པ་ཤིང་ཀུན་གྱི་སྟེང་དུ་ཀླུ་སྒྲུབ་ཀྱིས་ཡུམ་འབུམ་པ་དེ་ནས་སྤྱན་དྲངས་པར་གྲགས་པའི་རྟེན་ཞིག་ཀྱང་འདུག་པ་བཅས་བལ་པོ་བ་དག་གིས་ཀླུ་སྒྲུབ་ཀླུ་ཡུལ་དུ་བྱོན་པ་ནི་བལ་ཡུལ་རང་དུ་ངོས་འཛིན་པར་བྱེད་དོ།།
དེ་བཞིན་ཀུན་མཁྱེན་པད་དཀར་གྱིས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[26]། སློབ་དཔོན་ཆོས་འཆད་རེས་ཀྱིས་ཁྱེའུ་གཉིས་འོང་བ་གར་སོང་གཟིགས་པས་ས་ལོག་ཏུ་ལོག་གོ །དེ་གཉིས་ལ་དྲིས་པས། ཀླུའོ། །ཀླུའི་འདམ་ཁྱེར་ཤོག་བསྒོས་པས་ཁས་བླངས། དེ་གཉིས་ཀྱིས་ཀླུའི་རྒྱལ་པོ་འཇོག་པོ་ལ་ཞུས་པས། དེ་ན་བའི་སྨན་པར་ཀླུ་སྒྲུབ་སྤྱན་དྲངས། དགོས་པ་ཁྱད་པར་ཅན་གཟིགས་ནས་དེར་གཤེགས་སོ། །ཀླུའི་རྒྱལ་པོ་ནད་དྲག་པའི་གཏང་རག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྡེ་རྣམས་བླངས་ཏེ་ཕྱིས་བྱོན་པར་གསོལ་བ་ལ་མཆོད་རྟེན་བྱེ་བ་ཚར་ནས་བྱོན་པར་ཞལ་གྱིས་བཞེས་པས་འབུམ་གྱི་ཞབས་ནས་དུམ་ཅིག་ཀླུས་མ་སྐུར་གཏའ་མར་བཟུང་། ཀླུའི་འཇིམ་པ་ལ་མཆོད་རྟེན་ཕལ་ཆེར་བཞེངས། ཅུང་ཟད་ཀླུ་ཡུལ་མི་འདབ་པའི་ཕྱིར་མ་བཞེངས་སོ། །རྡོ་རྗེ་གདན་ལའང་རྡོ་རྗེའི་དྲ་མིག་བསྐོར་བ་ལ་སོགས་པ་མཛད་ཅིང་། བལ་ཡུལ་འཕགས་པ་ཤིང་ཀུན་ལ་སོགས་པ་དེས་ཕྱག་བྲིས་སུ་མཛད་པའི་གྲངས་སུ་གཏོགས་ལ། བལ་པོ་དག་ཀླུ་ཡུལ་དུ་དེ་ནས་བྱོན་ཟེར་རོ། །ཞེས་མགོན་པོ་ཀླུ་སྒྲུབ་བལ་ཡུལ་གྱི་འཕགས་པ་ཤིང་ཀུན་ནས་ཀླུ་ཡུལ་དུ་བྱོན་པར་གསུངས་ལ། སྒོ་མང་མཁན་ཟུར་ངག་དབང་ཉི་མ་ (1907-1990) མཆོག་གི་གསུང་འབུམ་ལས[27]། ཀླུ་ཡུལ་ནས་གདན་དྲངས་པའི་ཡུམ་འབུམ་པའི་མཇུག་ནས་ལེའུ་བཞི་མ་ཚང་བ་རྒྱ་ནག་ནས་བསྒྱུར་བའི་འབུམ་ལ་ཡོད་ཟེར་རྒྱུན་ཡོད་སྔར་བཤད་ཟིན། བལ་ཡུལ་ལ་ཀླུ་ཡུལ་ནས་གདན་དྲངས་པའི་ཡུམ་འབུམ་པའི་གླེགས་བམ་པོ་ཏི་མཇལ་རྒྱུ་ཡོད། གོར་ཊཾ་ཉེར་དྲུག་ཕུལ་ན་མཇལ་ཁ་འཐོབ་ཀྱི་འདུག །ཅེས་གསལ་བ་ལྟར་ཀླུ་ཡུལ་ནས་གདན་དྲངས་པར་གྲགས་པའི་གླེགས་བམ་འདི་ཉིད་དེང་སྐབས་བལ་ཡུལ་དུ་མཇལ་རྒྱུ་ཡོད་པ་ནི་འདིའོ།།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༡༣ དང་ ༡༤ ཉིན་མ་ན་ལིའི་ཡུལ་མི་གཙོར་གྱུར་ལ་ནང་ཆོས་ངོ་སྤྲོད་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། བྱང་ཆུབ་སེམས་འགྲེལ་བཅས་ཀྱི་བཀའ་ཆོས་སྩལ་བ་ལས་ཟུར་འདོན་ཞུས་པའོ།།
[2] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པ། ༢༠༠༨ ལོ། ཤོག་གྲངས་ ༢༠
[3] བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་ ༧༩ པ། ༢༠༠༨ ལོ། ཤོག་གྲངས་ ༢༤
[4] གཉན་དགོན་སྤྲུལ་སྐུ་གསུང་རབ་པའི་གསུང་རྩོམ། ༼༣༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༦ ལོ། ཤོག་ ༤༡༢
[5] དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ ཐོར་བུ། དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༢བ༤ བར།
[6] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། དེབ་གཟུགས། ཤོག་གྲངས་ ༢༧༧
[7] རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། སྟོད་ཆ། དཔེ་གཟུགས། ཤོག་གྲངས་ ༤༩བ༣
[8] དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་། ཤིང་དཔར་དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[9] འཇམ་དབྱངས་གྲུབ་པའི་བློ་གྲོས་ཀྱི་གསུང་འབུམ། པོད། ༼༣༽ ལྔ་རིག་ནང་བསྟན་སློབ་གླིང་། ༢༠༠༢ ལོ། ཤོག་ ༡༧༧
[10] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༤༨
[11] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༤
[12] ད་ལྟའི་འབུམ་གྱི་རྟག་ངུའི་ལེའུ་དང་ཆོས་འཕགས་ཀྱི་ལེའུ་གཉིས་པོ་བརྒྱད་སྟོང་ནས་བླངས་ཏེ་སྦྱར་བས་འདི་གཉིས་ལ་རྒྱས་བསྡུས་ཀྱི་ཁྱད་པར་མེད་དོ།།
[13] པཎ་ཆེན་ཤཱཀྱ་མཆོག་བཀའ་འབུམ། པོད། ༼ད༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༤ན༢
[14] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༩༦
[15] བསྟན་འགྱུར་དཔེ་བསྡུར་མ། སྤྲིང་ཡིག ༼ངེ༽ དེབ་ ༩༦ པ། ༡༩༩༤ ལོ། ཤོག་གྲངས་ ༦༨༨
[16] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼དུ༽ དེབ་ཨང་ ༣༦ པ། ༡༩༩༤ ལོ། ཤོག་གྲངས་ ༡༤༣༧
[17] རེད་མདའ་བའི་བསྟོད་ཚོགས། ༼ང༽ ཐོར་བུ། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༥བ༥ ནས་ ༡༩བ༥
[18] གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༥༨༠
[19] ནང་བསྟན་ལ་བཅངས་པའི་ལྷག་བསམ། བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་། ༢༠༡༣ ལོ། ཤོག་ ༡༥༣
[20] ཤེས་བྱའི་ཟེགས་མ། དེབ་ཕྲེང་། ༼༣༽ མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༧༦
[21] ཕྱི་ལོ་ ༢༠༢༠ ཟླ་བ་ ༨ ཚེས་ ༥ ཉིན་དྲ་ཐོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་རྟེན་འབྲེལ་བསྟོད་པའི་བཀའ་ཆོས་སྐབས་བཀའ་སྩལ་ཏོ།།
[22] ཕྱི་ལོ་ ༢༠༢༠ ཟླ་བ་ ༡༠ ཚེས་ ༢ ཉིན་ཐའེ་ཝན་ཆོས་ཞུ་བར་དྲང་ངེས་ལེགས་བཤད་སྙིང་པོའི་བཀའ་ཆོས་སྐབས་བཀའ་སྩལ་བ་ལས་ཟུར་འདོན་ཞུས་པའོ།།
[23] བལ་ཡུལ་མཆོད་རྟེན་འཕགས་པ་ཤིང་ཀུན་གྱི་དཀར་ཆག་མདོར་བསྡུས། ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢ན༧
[24] བྲག་དཀར་ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ། པོད། ༼ན༽༼ཉ༽ དཔེ་རིང་། ཤོག་གྲངསས་ ༣༡ན༤
[25] ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པའི་དཀར་ཆག་ལྷ་མདོངས་ལོ་ཙཱའི་འགྱུར། (བྲག་དཀར་ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ། པོད། ༼ན༽ དཔེ་རིང་། ཤོག་ ༨ན༢) ཞེས་ཀླུ་སྒྲུབ་ཀྱིས་མཛད་པའི་འཕགས་པ་ཤིང་ཀུན་གྱི་དཀར་ཆག་ཅིག་ཡོད་པར་གསལ་ཡང་མ་མཇལ་ལོ།།
[26] ཀུན་མཁྱེན་བཀའ་འབུམ། པོད། ༼༢༽ ཁཀ ཆོས་འབྱུང་། བྲིས་མ་དཔེ་གཟུགས། ཤོག་གྲངས་ ༣༣བ༢
[27] ངག་དབང་ཉི་མའི་གསུང་འབུམ། པོད། ༼༣༽ སྒོ་མང་དཔེ་མཛོད། ༢༠༠༣ ལོ། ཤོག་གྲངས་ ༦༩༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༡ ནས་ ༢༣༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།