རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་རྣམ་ཐར།

རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་རྣམ་ཐར[1]།

 

(མཛད་པ་པོ། འབོ་དཀར་མཁན་པོ་བློ་གྲོས་དོན་ཡོད་མཆོག)

 

དུས་འཁོར་ཆོས་འབྱུང་ཨིནྡྲ་ནཱི་ལའི་ཕྲ་ཚོམ་གྱི་ཐུབ་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་འཕགས་ཡུལ་དུ་ཇི་ལྟར་དར་ཚུལ། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་རྣམ་ཐར་ནི། དེ་ཡང་ལྷོ་ཕྱོགས་སུ་སོ་རཉྫར་ཏེ་ཡུལ་འཁོར་བཟང་པོ་ཞེས་བྱ་བར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ཆུང་ངུ་ཉིད་ནས་ཀྱང་ཕ་མ་དང་དགེ་སྦྱོང་དང༌། བྲམ་ཟེ་ལ་སོགས་པ་བཀུར་བར་འོས་པ་ཐམས་ཅད་ལ་གུས་ཤིང་།

ཕོངས་པ་དང་མགོན་མེད་པ་རྣམས་ལ་སྙིང་བརྩེ་བ་དང་ལྡན་པ། ཆེར་སྐྱེས་ནས་བསྟན་བཅོས་རྣམས་དང་སྒྱུ་རྩལ་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྱུར་ནས། རྒྱལ་སྲིད་ལ་དབང་བསྐུར་བར་ཉེ་བ་ན། རྨི་ལམ་དུ་རང་གི་ཁྲིའི་སྟེང་ན་ལྷག་པའི་ལྷ་འཕགས་པ་འཇམ་པའི་དབྱངས་བཞུགས་ནས།

བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱེད་ཀྱི་དགེ་བའི་བཤེས་གཉེན་ཡིན། །

ཁྱོད་དང་ང་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །

ཞེས་གསུངས་པ་དང༌། ཡང་འཕགས་མ་སྒྲོལ་མས་རང་གི་མའི་ཚུལ་བཟུང་ནས་ཆུ་ཚན་སྤྱི་བོ་ནས་བླུགས་པས། དེའི་ཚ་བའི་རེག་པས་མ་བཟོད་པར་ཅི་ཡིན་དྲིས་པས། རྒྱལ་སྲིད་ནི་དམྱལ་བའི་ཆུ་ཚན་མི་བཟད་པ་ཡིན་ཏེ། དེས་ཁྱེད་ལ་དབང་བསྐུར་བ་ཡིན་ནོ་གསུངས་པས། སློབ་དཔོན་གྱིས་རྒྱལ་སྲིད་བཟུང་དུ་མི་རུང་བར་མཁྱེན་ནས་རྒྱལ་སྲིད་བསྐོ་བའི་ནུབ་མོར་བྲོས་ཏེ། ཞག་ཉི་ཤུ་རྩ་གཅིག་གི་རིང་ཕེབས་པའི་མཐར། ནགས་གསེབ་ཅིག་ཏུ་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་རྣལ་འབྱོར་པ་ཞིག་མཇལ་བ་ན། རྗེས་སུ་འཛིན་པར་ཞུས་པ་ལྟར་དེས་ཀྱང་དབང་བསྐུར་ཞིང་གདམས་པ་སྩལ་པས། ཏིང་ངེ་འཛིན་གྱི་སྒོ་དཔག་ཏུ་མེད་པ་བརྙེས་ཤིང་། དེ་ནས་བཟུང་རྟག་ཏུ་འཇམ་དཔལ་གྱི་ཞལ་གཟིགས། དུས་དེར་ལྷག་པའི་ལྷ་འཇམ་དཔལ་གྱི་ཕྱག་མཚན་ཤིང་གི་རལ་གྲི་ཤུབས་དང་བཅས་པ་ཞིག་བཅངས་ཏེ། ཤར་ཕྱོགས་སུ་རྟུལ་ཞུགས་ཀྱི་སྤྱོད་པར་གཤེགས་པ་ལས། རྒྱལ་པོ་སེངྒེ་ལྔ་པ་ཞེས་པའི་འཁོར་གྱི་ནང་དུ་ཞུགས་པས། སྒྱུ་རྩལ་གྱི་གནས་ཐམས་ཅད་ལ་ཤིན་ཏུ་མཁས་ཤིང་། བློ་གྲོས་རྨད་དུ་བྱུང་བར་རིག་ནས་བློན་པོར་བསྐོས། དེར་སྔོན་མེད་པའི་བཟོའི་གནས་རྣམས་དར་བར་མཛད་ཅིང་རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བཅུག་པས་བློན་པོ་གཞན་རྣམས་ཀྱིས་ཕྲག་དོག་བྱས་ཏེ། རྒྱལ་པོ་ལ་འདི་ནི་གཡོ་ཅན་ཞིག་སྟེ། རལ་གྲི་ཡང་ཤིང་ལས་མེད་དོ་བྱས་པས། བརྟག་པའི་ཕྱིར་རང་རང་གི་མཚོན་ཆ་རྣམས་རྒྱལ་པོར་བསྟན་ཅིང་། སློབ་དཔོན་གྱིས་བདག་གི་རལ་གྲི་ནི་ལྷས་གཟིགས་པར་མི་བཟོད་དོ་གསུངས་པས་ལྷག་པར་ཐེ་ཚོམ་སྐྱེས་ཏེ། རྒྱལ་པོས་བདག་ལ་གནོད་ཀྱང་སླ་ཡི་ངེས་པར་སྟོན་ཅིག་གསུངས། འོ་ན་སྤྱན་གཡས་པ་ཁོབ་ལ་གཡོན་པས་གཟིགས་ཤིག་གསུངས། དེ་ལྟར་བྱས་ནས་བསྟན་པས་རལ་གྲིའི་འོད་ཀྱིས་རྒྱལ་པོའི་སྤྱན་གཡོན་པ་སར་ལྷུངས་སོ།།

དེ་ནས་རྒྱལ་པོ་འཁོར་དང་བཅས་པས་ཤིན་ཏུ་སྐྲག་སྟེ་སྐྱབས་སུ་སོང་ཞིང་རྙེད་བཀུར་མང་དུ་ཞུས། སླར་རྒྱལ་པོའི་སྤྱན་སྔར་བཞིན་གྱུར་པར་བྱིན་གྱིས་བརླབས་པས་ཤིན་ཏུ་དད། རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ཏེ་ནང་པའི་ཆོས་གཞི་ཉི་ཤུ་འཇུག་པར་བསྒོས་ནས་ཡུལ་དབུས་སུ་བྱོན་ཏེ། ནཱ་ལེནྡྲར་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་ཞིང་། མཚན་ཞི་བ་ལྷར་གསོལ། འཕགས་པ་འཇམ་པའི་དབྱངས་ལས་ཆོས་གསན་ཅིང་ནང་དུ་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་དབང་འབྱོར། བསླབ་པ་ཀུན་ལས་བཏུས་པ་དང་མདོ་ཀུན་ལས་བཏུས་པ་ལེགས་པར་བརྩམས། འོན་ཏེ་གཞན་གྱི་སྣང་ངོར་ཉིན་རེར་ཁ་ཟས་བྲེ་བོ་ཆེ་ལྔ་ལྔ་གསོལ། ཉིན་མཚན་ཀུན་ཏུ་མནལ་ཞིང་ཟ་ཉལ་འགྲོ་བ་ཙམ་ལས་གཞན་ཐོས་བསམ་སྒོམ་གསུམ་གང་ཡང་མི་བྱེད་པར་བསྟན་པས་བྷུ་སུ་ཀུ་སྟེ་འདུ་ཤེས་གསུམ་པ་ཞེས་གྲགས། དགེ་འདུན་རྣམས་ཀྱིས་དད་རྫས་ཆུད་འཛའ་བར་བྱེད་པ་འདི་བསྐྲད་དགོས་པ་ལས། མདོ་འདོན་རེས་བྱས་ན་འདི་རང་འབུད་ལ་འགྲོ་ཞེས་བགྲོས་ནས། སྐབས་ཤིག་ན་ཞི་བ་ལྷ་ལ་མདོ་འདོན་པར་བསྐུལ་བས། ཁོ་བོས་ཅི་ཡང་མི་ཤེས་གསུངས། ཐམས་ཅད་ཀྱིས་ནན་གྱིས་ཞུས་པ་ན་མཐར་ཞལ་གྱིས་བཞེས་ཏེ། སེང་གེའི་ཁྲི་ཆེན་པོའི་སྟེང་དུ་བག་ཚ་བ་མེད་པར་བཞུགས་ནས། སྔར་གྲགས་པའི་མདོ་ཞིག་འདོན་ནམ་མ་གྲགས་པ་ཞིག་འདོན་གསུངས་པས། ཐམས་ཅད་ཀྱིས་ཚོད་བགམ་པའི་ཕྱིར་སྔར་མ་གྲགས་པ་ཞིག་འདོན་པར་ཞུ་ཟེར་བ་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ཏེ།

གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །

ཞེས་པའི་ཚིག་མཚམས་ནས་ནམ་མཁར་ཇེ་མཐོར་འཕགས་ཏེ། མཐར་སྐུ་ལུས་མི་སྣང་ཡང་གསུང་ཚངས་པའི་དབྱངས་དང་བཅས་པའི་སྒྲ་ནི་རྒྱུན་མ་ཆད་པར་སྤྱོད་འཇུག་རྫོགས་པར་གསུངས་སོ། །དེའི་ཚེ་ཐམས་ཅད་ཤིན་ཏུ་དད་པར་གྱུར་ཏེ། པཎྜི་ཏ་གཟུངས་ཐོབ་པ་རྣམས་ཀྱིས་བློར་བཟུང་བ་ལས། ཁ་ཆེ་བ་རྣམས་ལ་ཤླཽ་ཀ་སྟོང་ལྷག་པ་བྱུང་། ཤར་པ་རྣམས་ལ་ཤླཽ་ཀ་བདུན་བརྒྱ་ལས་མ་བྱུང་། དབུས་པ་རྣམས་ལ་ཤླཽ་ཀ་སྟོང་ཡོད་པ་ཞིག་བྱུང་བས་ཐམས་ཅད་ཐེ་ཚོམ་དུ་གྱུར་ཅིང་། སློབ་དཔོན་ཡུལ་ཀ་ལིངྐར་བཞུགས་པ་ཐོས་ཏེ་པཎྜི་ཏ་གསུམ་སོང་ནས་ནཱ་ལེནྡྲར་འབྱོན་པར་ཞུས་པས་མ་གནང་། འོ་ན་བསླབ་པ་ཀུན་ལས་བཏུས་པ་དང༌། མདོ་ཀུན་ལས་བཏུས་པ་བལྟ་བར་གསུངས་པ་གང་ཡིན། སྤྱོད་འཇུག་དཔེ་གསུམ་པོ་འདིའང་གང་དག་ཅེས་ཞུས་པས། བསླབ་མདོ་གཉིས་ནི་ཁོ་བོའི་བྲང་ཁང་གི་གདུང་གསེབ་ན་ཤིང་ཤུན་ལ་པཎྜི་ཏའི་ཡི་གེ་ཕྲ་མོས་བྲིས་པའི་གླེགས་བམ་ཡོད་པས་དེ་ལོངས། སྤྱོད་འཇུག་ནི་ཡུལ་དབུས་པ་རྣམས་ཀྱིས་བཟུང་བ་ལྟར་ཡིན་གསུངས་སོ།།

དེ་ནས་ཨུཙྪ་སྨའི་སྤྱོད་པས་ཡུལ་ཐ་དད་དུ་གཤེགས་ནས། ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་ལྔ་བརྒྱ་འཚོ་བ་ཆད་པ་ལ་རྫུ་འཕྲུལ་གྱིས་བཟའ་བཏུང་བླངས་ཏེ་བྱིན་ནས་ཆོས་ལ་བཀོད་པ་དང༌། ཡང་མུ་གེ་ཆེན་པོ་ཞིག་བྱུང་བའི་ཚེ། སྤྲང་པོ་སྟོང་ཙམ་ཞིག་བྲུ་བ་ཚ་བས་ཉེན་ཏེ་འཆི་ལ་ཁད་པ་ན་སློབ་དཔོན་གྱིས་འཚོ་བ་སྦྱར་ཞིང་ཆོས་བསྟན་ཏེ་བདེ་བ་ལ་བཀོད། དེ་བཞིན་དུ་རྩོད་པ་ཆེན་པོ་ཞིག་གི་འཐབ་ཟླར་ཞུགས་ནས་རྫུ་འཕྲུལ་གྱིས་ཐམས་ཅད་འདུམས་པར་གྱུར་ཏེ་བདེ་བའི་དཔལ་ལ་བཀོད་པར་མཛད། སྐབས་ཤིག་ན་ལྷོ་ཕྱོགས་སུ་མུ་སྟེགས་ཀྱི་པཎྜི་ཏ་བདེ་བྱེད་ཅེས་པས་ཕྱི་ནང་གི་གྲུབ་མཐའ་དང་རྫུ་འཕྲུལ་འགྲན་ནུས་པ་སུ་ཡོད་བསྒྲགས་པ་ན། སློབ་དཔོན་གྱིས་ཞལ་གྱིས་བཞེས། དེར་མུ་སྟེགས་ཀྱིས་ནམ་མཁའ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་བྲིས་པས། སློབ་དཔོན་གྱིས་སྐད་ཅིག་ཏུ་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། དཀྱིལ་འཁོར་དང་མུ་སྟེགས་ཐམས་ཅད་འཐོར་རླུང་དྲག་པོས་ཆུ་བོ་ཆེན་པོ་ཞིག་ཡོད་པ་དེའི་ཕ་རོལ་ཏུ་བསྐྲད་པས་ཐམས་ཅད་ཤིན་ཏུ་དད་ཅིང་ཡུལ་དེའི་སྐྱེ་བོ་མཐའ་དག་ནང་པའི་བསྟན་པ་ལ་བཀོད་པ་སོགས་ངོ་མཚར་བའི་མཛད་པ་མཐའ་ཀླས་པ་ཞིག་བསྐྱངས་སོ།།

དེ་ལྟར་འཕགས་པ་ཡབ་སྲས་ཀྱི་རྗེས་སུ་འབྲངས་ཤིང་རིམ་པར་བརྒྱུད་པའི་སྐྱེས་མཆོག་གྲངས་མེད་པ་ཞིག་བྱོན་ཞིང་། དེ་དག་ཐམས་ཅད་ཀྱིས་ཀྱང་བཤད་སྒྲུབ་གཉིས་སོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཡོངས་སུ་བསྐྱངས་ཤིང་། ཁྱད་པར་མུ་སྟེགས་ཀྱི་རྒོལ་བ་ངན་པ་ཐམས་ཅད་ཚར་བཅད་པ་དང་། རང་སྡེ་དངོས་སྨྲ་བ་རྣམས་ཀྱི་རྩོད་པ་བཟློག་ཅིང་ཐེག་ཆེན་བཀའ་རུ་བསྒྲུབས་ཏེསྟེ་མཐའ་བྲལ་དབུ་མའི་ལྟ་བ་གཏན་ལ་དབབ་པར་མཛད་པའི་སེང་གེའི་ང་རོ་ཡོངས་སུ་བསྒྲགས་པ་སོགས་ཕྲིན་ལས་གཞལ་བར་མི་ནུས་པ་ཤ་སྟག་གོ།  །།

འབྱུང་ཁུངས། [1] དུས་འཁོར་ཆོས་འབྱུང་ཨིནྡྲ་ནཱི་ལའི་ཕྲ་ཚོམ། འབོ་དཀར་ངེས་དོན་ཆོས་འཁོར་གླིང་། ༢༠༠༦ ལོ། ཤོག་ ༡༠༠ ནས་ ༡༠༤ བར་གསལ་ལོ།།

Leave a Reply

Your email address will not be published. Required fields are marked *