པ༽ སློབ་དཔོན་གྱིས་གསེར་འགྱུར་གྱི་རྩི་སྒྲུབ་ཚུལ།
དེ་ཡང་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་ (1762-1835/1837) གྱིས་མཛད་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་ལས[1]། འཕགས་ཡུལ་ཤར་ཕྱོགས་ལི་ཁར་ཤིང་འཕེལ་དུ། །གསེར་འགྱུར་མཛད་དེ་དབུལ་ཕོངས་མཐའ་དག་ལ། །སྦྱིན་གཏོང་རྒྱ་ཆེར་གནང་བས་མགོན་མེད་རྣམས། །དབུལ་བའི་སྡུག་བསྔལ་བསལ་ལ་གསོལ་བ་འདེབས། །དེ་ཚེ་བྲམ་ཟེ་དབུལ་པོ་རྒན་ཁོག་ལ། །
གསེར་མང་གནང་ནས་གདམས་ངག་བྱིན་པའི་མཐུས། །བྲམ་ཟེ་ཤི་འཕོས་ཀླུ་ཡི་བྱང་ཆུབ་ཅེས། །སྲས་ཀྱི་ཐུ་བོར་གྱུར་ལ་གསོལ་བ་འདེབས། །དྲིལ་བུའི་དབྱིབས་ལྡན་བྲག་རི་ཆེན་པོ་ཞིག །གསེར་དུ་བསྒྱུར་ནས་སྦྱིན་པ་བྱེད་དགོངས་པས། །སྲེད་ལྡན་མི་རྣམས་རྩོད་པའི་རྒྱུར་འགྱུར་ཞེས། །ལྷ་ཡིས་ལུང་བསྟན་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། སློབ་དཔོན་ཀླུ་སྒྲུབ་ཀྱིས་གསེར་འགྱུར་གྱི་རྩི་ཇི་ལྟར་སྒྲུབ་ཚུལ་ནི། སློབ་དཔོན་གྱིས་ཙན་དན་གྱི་ལོ་མ་གཉིས་ལ་རྐང་མགྱོགས་ཀྱི་རྫས་བསྒྲུབས་ཏེ་གཅིག་ཕྱག་ཏུ་བསྣམས། གཅིག་ལྷམ་མཐིལ་དུ་སྦས་ནས་རྒྱ་མཚོའི་གླིང་སིངྒ་ལར་བྲམ་ཟེ་གསེར་འགྱུར་མཁན་བྱལི་ཞེས་བྱའི་དྲུང་དུ་ཕེབས་ཏེ་གསེར་འགྱུར་གྱི་རྩིའི་གདམས་ངག་གནང་བར་ཞུས་པས། དེས་སློབ་དཔོན་གྱིས་གླིང་དེར་འོང་བའི་ཐབས་སུ་རྫས་ཤིག་ཡོད་བསམས་ནས་དེ་ལེན་འདོད་ཀྱིས།
ཡང་ན་རིག་པས་རིག་པ་བརྗེ། །ཡང་ན་རིག་པ་ནོར་གྱིས་བླུ། །
ཞེས་སྨྲས་པས། འོ་ན་རིག་པ་བརྗེ་དགོས་ཞེས་ཟེར་བ་ལྟར། སློབ་དཔོན་གྱིས་ཕྱག་ཏུ་བསྣམས་པའི་རྫས་དེ་གསེར་འགྱུར་མཁན་ལ་ཕུལ། དེས་སློབ་དཔོན་ཀླུ་སྒྲུབ་ལ་ཡུལ་གཞན་དུ་མི་བསྐྱོད་པར་བསམས་ནས་གསེར་འགྱུར་གྱི་རྩིའི་གདམས་ངག་བྱིན། དེ་ནས་སློབ་དཔོན་གྱིས་ལྷམ་མཐིལ་དུ་སྦས་ཡོད་པའི་ལོ་མ་ལ་བརྟེན་ནས་སླར་ཡང་དབུས་སུ་ཕེབས། གསེར་འགྱུར་གྱི་རྩིས་ལྕགས་ཟངས་མང་པོ་གསེར་དུ་བསྒྱུར་ཏེ་དགེ་འདུན་རྣམས་འཚོ་བས་ཕོངས་པ་མེད་པར་མཛད།
བདག་ཉིད་ཆེན་པོ་དེས་ལི་ཁ་ར་ཤིང་འཕེལ་ཞེས་བྱ་བའི་ཡུལ་དུ་གསེར་འགྱུར་བྱས་ནས་སྦྱིན་པ་རྒྱ་ཆེན་པོ་བྱས་ཏེ། བྲམ་ཟེ་རྒན་རྒོན་གཉིས་ལ་གསེར་མང་པོ་གནང་བས་དད་དེ། རྒན་པོས་ཉེ་གནས་བྱས་ཤིང་ཆོས་མཉན་ཏེ་རང་གི་བུ་སློབ་མར་ཕུལ། ཕྱིས་སློབ་མ་དེ་ཉིད་སློབ་དཔོན་ཀླུའི་བྱང་ཆུབ་ཏུ་གྱུར་ཏོ། །དེ་ནས་དྲིལ་བུ་ལྟ་བུའི་བྲག་དང་བྱང་ཕྱོགས་ཀོ་ཊ་སོགས་གསེར་དུ་བསྒྱུར་བར་རྩོམ་པ་ན་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་རྒན་མོའི་རྣམ་པ་ཞིག་གིས། དེ་བས་མཆོག་བསྒྲུབས་ན་དོན་ཆེ་བས་དཔལ་གྱི་རི་ལ་སྒྲུབ་པ་གྱིས་ཤིག་གསུངས་ཏེ། དེར་སྒྲོལ་མའི་སྒྲུབ་ཐབས་ཀྱང་མཛད།
དེ་ནས་བྱང་ཕྱོགས་ཀྱི་རི་ཨུ་ཥི་རར་འཁོར་སྟོང་ཕྲག་དང་བཅས་པ་བཞུགས་ཏེ། ཟླ་བ་དྲུག་གི་རིང་དངུལ་ཆུའི་བཅུད་ལེན་བསྒྲུབས་ནས། དེའི་རིལ་བུ་ཉིན་བཞིན་སྩལ་ཏེ་འཚོ་བར་མཛད་པ་ན། ཉིན་གཅིག་གྲུབ་ཐོབ་ཤིང་ཁཱི་པས་རིལ་བུར་དབུ་གཏུགས་ཏེ་མ་བཞེས། སློབ་དཔོན་གྱིས་དེའི་རྒྱུ་མཚན་དྲིས་པ་ན། བདག་ལ་འདིས་དགོས་པ་མ་མཆིས་ཏེ། གལ་ཏེ་སློབ་དཔོན་ཉིད་བཞེད་ན། སྣོད་ཆུས་བཀང་བ་དག་སྟ་གོན་མཛོད་ཅིག་ཅེས་ཞུས་པ་བཞིན། དེར་ཆང་གི་སྣོད་ཆེན་པོ་སྟོང་ཕྲག་གཅིག་ཆུས་བཀང་སྟེ་ནགས་ཚལ་དེར་བཞུགས་པའི་གྲུབ་ཐོབ་དེས་དྲི་ཆུ་ཐིགས་པ་རེ་སྣོད་དེ་དག་ཏུ་བླུགས་པས་དེ་ཐམས་ཅད་གྲུབ་པའི་བཅུད་ལེན་གསེར་འགྱུར་གྱི་རྩིར་གྱུར། སློབ་དཔོན་གྱིས་དེ་ཐམས་ཅད་རི་དེའི་ཕྱོགས་གཅིག་གི་བྲག་ཕུག་བགྲོད་དཀའ་བ་ཞིག་ཏུ་གཏེར་དུ་སྦས། མ་འོངས་པའི་སེམས་ཅན་གྱི་དོན་དུ་འགྱུར་བའི་ཐུགས་སྨོན་མཛད།
གྲུབ་ཐོབ་ཤིང་ཁཱ་པ་འདི་ནི་སློབ་དཔོན་གྱི་དྲུང་དུ་ཐོག་མར་བཅར་སྐབས་དབང་པོ་ཤིན་ཏུ་རྟུལ་བས་ཚིགས་བཅད་གཅིག་ཙམ་ཡང་ཉིན་ཞག་མང་པོར་འཛིན་མ་ཐུབ་པ་ན། སློབ་དཔོན་གྱིས་ཀྱལ་ཀའི་ཚུལ་དུ་མགོ་ལ་རྭ་སྐྱེས་པ་ཞིག་སྒོམས་ཤིག་ཅེས་གསུངས་པས་དེས་ཀྱང་བསྒོམས་ཏེ། དམིགས་པ་ཤིན་ཏུ་རྣོ་བས། དེ་མ་ཐག་རེག་མཐོང་གི་མཚན་མ་གྲུབ་ནས་རྡོ་བའི་ཕུག་པ་ལ་རྭ་ཐོགས་ནས་ཕྱིར་ཐོན་མ་ཐུབ་པ་ན། ཡང་རྭ་དེ་མེད་པར་བསྒོམ་ཏུ་བཅུག་པས་མེད་པར་སོང་། དེ་ནས་སློབ་དཔོན་གྱིས་དབང་པོ་རྣོ་བར་མཁྱེན་ཏེ་གསང་སྔགས་ཀྱི་ཟབ་གནད་ཁྱད་པར་འགའ་ཞིག་བསྟན་ནས་བསྒོམ་ཏུ་བཅུག་པས་མི་རིང་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་དེར་ཤིང་ཁཱ་པའམ་རྭ་ཅན་པ་ཞེས་གྲགས་སོ།།[2]
དེ་ལ་བརྟེན་ནས་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོས་ (1143-1217) མཛད་པའི་ཆོས་ཚུལ་བཞིན་ཉམས་སུ་ལེན་དགོས་པའི་གདམས་ངག་གྲོས་མདུན་ཆེན་མོ་ལས[3]། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། །རི་བོ་གསེར་དུ་བསྒྱུར་ནས་ཀྱང༌། །འགྲོ་ལ་ཕན་པར་བྱེད་པ་ཡི། །ཐུགས་ཀྱི་དགོངས་པ་བྱུང་ནས་ཀྱང༌། ། གསེར་འགྱུར་རྩི་ཡི་སྦྱོར་བ་ཡིས། །ལྷོ་ཕྱོགས་དྲིལ་བུའི་རི་ཞེས་པ། །གསེར་དུ་འགྱུར་ལ་ཁད་པ་དང༌། །ཐུགས་དམ་རྗེ་བཙུན་སྒྲོལ་མ་ཡིས། །སྡིག་པ་འདི་འདྲ་བྱེད་དམ་ཞེས། །བཀའ་བཀྱོན་གསུངས་ནས་བཞག་པ་ལ། །ངེད་ཀྱི་ཟང་ཟིང་བག་ཙམ་གྱིས། །ཕན་དུ་རེ་བ་ཅོལ་ཆུང་ཡིན། །ཞེས་ཀྱང་གསུངས་སོ།།
མཁན་པོ་འཇམ་དབྱངས་གྲུབ་པའི་བློ་གྲོས་ (1932-?) ཀྱིས་མཛད་པའི་སངས་རྒྱས་གཉིས་པ་དཔལ་ལྡན་ཀླུ་ཡི་དབང་པོ་ལ་བསྟོད་པ་ནོར་བུའི་མགུལ་རྒྱན་སྨོན་པའི་རེ་སྐོང་ལས[4]། ལྕགས་ཁམས་གསེར་དུ་བསྒྱུར་བའི་འཕྲུལ་ཐབས་ཀྱིས་ནི་ན་ལེནྡྲ་རུ་དགེ་འདུན་སྡེ། །ལོ་གྲངས་བཅུ་ཡི་བར་དུ་མུ་གེའི་འཇིགས་སེལ་ཞལ་ཏ་པ་ཁྱོད་མི་ཡིན་ནམ། །འདོད་དོན་མ་ལུས་འབྱུང་བའི་ནོར་བུ་ཡིན་ནམ་འོན་ཏེ་དཔག་བསམ་ཤིང་ཡིན་ནམ། །འདི་དེ་ཇི་ཞིག་སྙམ་ནས་སྐྱེ་བོའི་ཚོགས་ཀུན་སོམ་ཉིའི་གནས་སུ་ཅིས་མ་གྱུར། །ཆོས་ཀྱི་འབྱུང་གནས་ན་ལེནྡྲ་ཡི་གཙུག་ལག་ཁང་དུ་བསྟན་རྩ་འདུལ་བའི་ཕྱག་བཞེས་ལ། །བྱི་དོར་བྱས་ནས་ཁྲིམས་འཆལ་བསྐྲད་སོགས་བསྟན་པ་རིན་ཆེན་དེ་ནི་ཐུགས་ཀྱི་ཁུར་དུ་བཞེས། །སྙིང་སྟོབས་ཆེན་པོས་སྡེ་སྣོད་གསུམ་གྱི་ཆོས་ཀྱི་རྔ་ཆེན་དང་པོ་ལྡིར་བའི་སྙན་གྲགས་ལ། །བརྒྱ་བྱིན་ལྷ་ཡི་རྔ་ཡང་ཕྲག་དོག་སྟབས་ཀྱིས་མཐོ་རིས་གྲོང་ན་མྱུར་བས་རྒྱུ་ལ་ལྟོས། །ཞེས་གསུངས་པ་ལྟར། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ (1002/1012-1097/1100) མཆོག་གིས་མཛད་པའི་བཀའ་བབས་བྱིན་བརྒྱུད་ལས[5]། དེའི་ཚེ་མཁན་པོས་ལོ་བཅུ་གཉིས་སུ་མུ་གེ་འོང་བས། གཙུག་ལག་ཁང་ཉམས་དམས་པར་གཟིགས་ནས། དགེ་འདུན་གྱི་ཞལ་ཏ་བར་དགེ་སློང་དཔལ་ལྡན་བསྐོས་ཏེ་དཔལ་གྱི་རི་ལ་གཤེགས་སོ། །དེར་སློབ་དཔོན་གྱི་ཐུགས་དགོངས་ལ་གསེར་འགྱུར་གྱི་རྩི་བྱས་ལ་དཀོན་མཆོག་དང་དགེ་འདུན་གྱི་ཞབས་ཏོག་བྱའོ་དགོངས་ལ། སློབ་དཔོན་བྷ་ལི་པ་ཞེས་བྱ་བ་ལ་གསེར་འགྱུར་གྱི་གདམས་པ་ཞུས། གླིང་བར་ནས་གསེར་འགྱུར་གྱི་རྫས་རྣམས་བླངས་ཏེ་གསེར་འགྱུར་བྱས་པས་མ་གྲུབ། ཆང་ཚོང་མ་ཞིག་གི་སྐྱ་བ་གསེར་དུ་འདུག་པ་མཐོང་ནས། དེ་ལ་ཞུས་པས་གསེར་འགྱུར་གྲུབ། ཟངས་རྣམས་གསེར་དུ་བསྒྱུར། མུ་གེ་མ་བྱུང་བའི་ས་ནས་འབྲུ་མང་པོ་དྲངས་ཏེ་དགེ་འདུན་གྱི་གདུགས་ཚོད་སྦྱར། དེའི་ཚེ་ཡུལ་ཕྱོགས་ཀྱི་མི་སྟོབས་མེད་པ་རྣམས་ཤི །སྟོབས་ཅན་རྣམས་གཞན་དུ་དེངས་ཏེ་ཡུལ་སྟོངས་པར་གྱུར་ཏོ། །དེ་ལྟར་གྱུར་པ་པཎྜི་ཏ་རྣམས་ཀྱིས་རིག་ནས། ཁྱེད་ཀྱིས་དགེ་འདུན་ལ་མ་ཞུས་པར་གསེར་འགྱུར་བྱས། དགེ་འདུན་ལོག་འཚོ་ལ་བཀོད་འདུག་པས། གནས་ནས་དབྱུང་ལ་གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་གྱིས་ཤིག་ཅེས་བསྒོ་འོ། །ཞེས་བྱུང་བ་ལྟར་ཀླུ་སྒྲུབ་ཀྱི་རྣམ་ཐར་གྱི་ཆ་ཤས་དེ་དག་ལས། མ་ག་དྷའི་ཡུལ་དུ་ལོ་བཅུ་གཉིས་ཙམ་གྱི་རིང་མུ་གེའི་ཉམས་ཉེས་ཇི་ལྟར་བྱུང་ཚུལ་གྱི་སྐོར་ལ། སྐབས་དེར་སློབ་དཔོན་གྱིས་མཁན་པོར་མ་ཞུས་པ་དང་། ཕྱིས་སུ་སྒྲུབ་པ་ཐོན་རྗེས་མཁན་པོས་བཀའ་བཀྱོན་ཕེབས་པ་དང་། སྡིག་སྦྱོང་གི་ཆེད་དུ་གཙུག་ལག་ཁང་སོགས་བཞེངས་དགོས་པའི་བཀའ་ཆད་ཕེབས་སྐོར་གསལ་བ་དེ་དག་ནི། ཕྱོགས་གཅིག་ནས་བལྟས་ན་སྣང་གནས་མཐུན་པའི་རང་བཞིན་གྱི་གནས་སྟངས་ལྟར་དུ་མངོན་ཡང་། བརྟག་པའི་རྣམ་པ་གཅིག་ཏུ་ན། སྐབས་དེར་མུ་གེ་སེལ་བའི་ནུས་མཐུ་མཁན་པོར་མ་ཟད། སློབ་དཔོན་སྐུ་ཉིད་ཀྱང་ཐུན་མོང་གི་དངོས་གྲུབ་ཆེན་པོ་མང་པོ་འདོད་དགུར་དབང་འབྱོར་བའི་གྲུབ་པ་ཐོབ་པའི་སྐྱེས་ཆེན་ཡིན་པས། ཇི་ལྟར་གསེར་འགྱུར་གྱི་རྩིའི་སྦྱོར་བས་དགེ་འདུན་རྣམས་འཚོ་བས་ཕོངས་པ་ལས་གྲོལ་བར་མཛད་པ་བཞིན་དུ། སློབ་དཔོན་གྱིས་སྐབས་དེའི་ཡུལ་མི་སྤྱི་བྱིངས་ཀྱི་དབུལ་བ་ཡང་ཡོངས་སུ་སེལ་མི་ནུས་པ་ག་ལ་ཡིན།
འོན་ཀྱང་གཙོ་བོ་ནི་ཡུལ་དུས་དེའི་སེམས་ཅན་དེ་དག་གི་དཀར་མིན་གྱི་ལས་མཐུ་བཙན་པོའི་དབང་གིས་དེ་ལྟར་སྐྱོབ་པའི་སྐལ་བ་མ་བྱུང་བ་ལས། སློབ་དཔོན་ལ་ཐུགས་བརྩེ་དང་ནུས་པ་མེད་པ་དེ་འདྲ་གཏན་མིན་པས་སེམས་སོ། །འོན་ཀྱང་ཐུགས་བསྐྱེད་སྨོན་ལམ་གྱི་འཕེན་པའི་སྟོབས་ལས། རང་གཞན་འབྲེལ་ཐོགས་དཔག་ཏུ་མེད་པ་ཞིག་ལ་གཙུག་ལག་ཁང་དང་མཆོད་རྟེན་བཞེངས་པ་སོགས་ཀྱི་སྒོ་ནས་དགེ་ཚོགས་རླབས་པོ་ཆེ་འགྲུབ་ཏུ་ཡོད་པ་དེ་དག་གི་འཕྲལ་རྐྱེན་ཙམ་ཚང་བའི་རྐྱེན་དུ་འགྱུར་བ་དང་། ལྷག་པར་དུ་ཀླུ་ཡུལ་དུ་བྱོན་ནས་བསྟན་དོན་རླབས་པོ་ཆེ་འགྲུབ་ཏུ་ཡོད་པའི་དགོས་དམིགས་རྣམས་ལ་གཟིགས་ནས་མཁྱེན་བཞིན་དུ་དང་དགོངས་བཞིན་དུ་མཁན་པོར་མ་གསོལ་བ་དང་། བཀའ་བཀྱོན་སོགས་ཕེབས་དགོས་པའི་ཚུལ་བཞེས་པ་ཞིག་ལས་དགེ་འདུན་དང་ཡུལ་མི་སྤྱི་བྱིངས་གཉིས་ཀ་མུ་གེའི་འཇིགས་པ་ལས་ཡོངས་སུ་སྐྱོབ་པའི་ནུས་པ་སློབ་དཔོན་འདི་ལ་མེད་པ་ཅི་ལ་སྲིད་དེ་མི་སྲོད་དོ། །དོན་འདི་འདྲ་བ་ལ་དགོངས་ནས་༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས་ལས[6]།
མགོན་ཁྱོད་དབང་བཅུ་བརྙེས་ཀྱང་གསེར་འགྱུར་གྱི། །རྩི་ཡི་ཟོལ་ལས་ཟླ་བའི་སྤུན་ཟླ་བཞིན། །
འདོད་དགུའི་ཆར་ཕབ་དགེ་འདུན་འདུས་པའི་སྡེ། །ཕོངས་པའི་དགྲ་ལས་སྲུང་མཛད་ཁྱོད་ཕྱག་འཚལ། །
ཞེས་ཇི་སྐད་གསུངས་པ་བཞིན་ནོ།།
ཞིབ་ཏུ་བརྟག་དགོས་པའི་གནད་དོན་གལ་ཆེན་གཞན་ཞིག་ནི། མུ་གེའི་འཇིགས་པ་ལ་བརྟེན་ནས་ཡུལ་ཕྱོགས་དེར། ཡུལ་མི་སྟོབས་མེད་རྣམས་ཤི །སྟོབས་ཅན་རྣམས་གནས་གཞན་དུ་དེངས་ཏེ་ཡུལ་སྟོངས་པར་འགྱུར་དགོས་པ་སོགས་ཀྱི་ཆེས་གཉན་འཕྲང་ཅན་གྱི་དུས་སྐབས་དེར། སློབ་དཔོན་འདིའི་ཐུགས་བསྐྱེད་ནུས་པ་དང་ཐབས་མཁས་ཀྱི་སྦྱོར་བ་ལ་བརྟེན་ནས། གསེར་འགྱུར་གྱི་རྩིའི་སྦྱོར་བའི་ཐབས་ལ་བརྟེན་ནས་ཆེས་ཡུན་རིང་གི་བར་དགེ་འདུན་རྣམས་འཚོ་བས་ཕོངས་པ་ལས་ཡོངས་སུ་བསྐྱབས་པར་མཛད་པ་དེ་ནི་གཞལ་དུ་མེད་པའི་བཀའ་དྲིན་ཆེ་བའི་མཛད་རྗེས་རྨད་དུ་བྱུང་བ་ཞིག་ཡིན་པས། ལྷག་ཏུ་བཀའ་དྲིན་རྗེས་དྲན་ཞུ་དགོས་པའི་གནས་ཤིག་ཡིན་ཀྱང་། དེ་ལས་ཡོངས་སུ་བཟློག་སྟེ། རྣམ་ཐར་གྱི་ཡིག་འཇོག་འགའ་རེའི་ནང་། སྐབས་དེར་མུ་གེའི་རྐྱེན་གྱིས་ཡུལ་སྟོངས་པ་ལ་བརྟེན་ནས་[7]དེ་ལྟར་གྱུར་པ་པཎྜི་ཏ་རྣམས་ཀྱིས་རིག་ནས། ཁྱེད་ཀྱིས་དགེ་འདུན་ལ་མ་ཞུས་པར་གསེར་འགྱུར་བྱས་པས། དགེ་འདུན་ལོག་འཚོ་ལ་བཀོད་འདུག་པས། གནས་ནས་ཕྱུང་ལ། གཙུག་ལག་ཁང་དང་མཆོད་རྟེན་བྱེ་བ་གྱིས་ཤིག་བསྒོ་འོ། །ཞེས་གསལ་བ་འདི་ནི། ཕྱོགས་གཅིག་ནས་རྣམ་ཐར་གྱི་ཡིག་ཆ་ཕལ་ཆེ་བར་གསལ་མེད་ལ། གཉིས་ནས་གླེང་ཕྱོགས་དེ་འདྲ་སྐབས་དེར་དངོས་དོན་ལ་བྱུང་ཡོད་མེད་ཐེ་ཚོམ་གྱི་གཞི་དང་། གསུམ་ནས་བརྟག་པ་མཐའ་བཟུང་གིས་དེ་ལྟར་བརྗོད་པ་བྱུང་ཡོད་པའི་དབང་དུ་བཏང་ན་ཡང་། དེ་འདྲའི་གླེང་ཕྱོགས་དེ་ནི་བློ་ཡུལ་དུ་ཆུད་དཀའ་ཞིང་། ཆེས་རྣམ་པར་མི་འཚམ་པའི་སྐུར་འདེབས་དང་། དྲིན་ལན་ལོག་འཇལ་གོང་ན་མེད་པ་ཞིག་ཏུ་སྣང་ཞིང་། དེ་ནི་ཕལ་ཆེར་སྐབས་དེ་དག་གི་ཚེ། སློབ་དཔོན་དགེ་འདུན་གྱི་ཞལ་ཏ་བ་མཛད་པའི་ཚེ་ན། དགེ་ཚུལ་སློང་རང་ཤེད་ཆེ་ལ། བསླབ་ཁྲིམས་འཆལ་བ་མང་པོ་གནས་དབྱུང་བཏང་བའི་སྐོར་རྣམ་ཐར་མང་པོར་གསལ་བ་ལྟར། དེ་དག་གི་ཁྲོད་ནས་སློབ་དཔོན་ལ་སྡང་ཟུག་དང་། སེམས་ནད་མ་ཐེག་པ་ཉུང་ཤས་ཀྱིས་ཆེད་བཟོས་བྱས་པའི་བསྐུར་འདེབས་ཀྱི་གཏམ་འཆལ་ཞིག་རྣམ་ཐར་གྱི་ཡིག་འཇོག་འགའ་རེའི་ནང་འདྲེས་ལྷད་ཕྱིན་པ་ཞིག་ལས། དངོས་དོན་ལ་གནས་པའི་བྱུང་བ་ཞིག་ཏུ་འཇོག་པར་ཆེས་དཀའ་སྟེ། མི་ལོ་བཅུ་གཉིས་ཀྱི་དུས་རིང་ལ་དགེ་འདུན་རྣམས་འཚོ་བས་ཕོངས་པ་ལས་ཡོངས་སུ་བསྐྱབས་པར་མཛད་པའི་ཚེ། ཡུལ་མི་སྤྱི་བྱིངས་ཀྱིས་ཐབས་འཚོལ་གཏན་ནས་མ་ཐུབ་པ་ཞིག་སློབ་དཔོན་གྱིས་ཐབས་ཁྱད་པར་ཅན་ཇི་འདྲ་བ་ཞིག་ལ་བརྟེན་ནས་དགེ་འདུན་གྱི་འཚོ་བ་སྦྱར་ཡོད་མེད་ཀྱི་སྐོར་དེ། ཟླ་བ་རེ་གཉིས་ཀྱི་ནང་བྱུང་བའི་གནས་དོན་དེ་འདྲ་གཏན་ནས་མིན་པས། མི་ལོ་མང་པོ་དེ་དག་གི་རིང་འཚོ་བ་ཇི་ལྟར་སྦྱོར་ཚུལ་སྐོར་སྐབས་དེའི་འདུས་མང་གིས་མཁྱེན་མི་ཐུབ་པ་དེ་འདྲ་ཅི་ལ་སྲིད་དེ་མི་སྲིད་དོ།།
ཡང་ཅི་སྟེ་ངེས་མེད་སྐབས་དེར་ཡུལ་ནང་མུ་གེའི་འཇིགས་པ་སོགས་གཏན་ནས་མེད་པར། དུས་བདེ་ཞི་འཇགས་ཁྱད་དུ་འཕགས་པ་ཞིག་ཡོད་ན། དགེ་འདུན་རྣམས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་ལ་རྩེ་གཅིག་ཏུ་བརྩོན་ཆེས་པའི་དབང་གིས་མ་མཁྱེན་པ་ཡིན་སྲིད་པའི་དབང་དུ་བཏང་ན་ཡང་། དེ་འདྲ་གཏན་ནས་མིན་པར་མུ་གེའི་རྐྱེན་གྱིས་གྲོང་ཡོངས་རྫོགས་སྟོངས་དགོས་པ་བྱུང་ཡང་། དགེ་འདུན་རྣམས་སྔར་རྒྱུན་བཞིན་འཚོ་བས་ཕོངས་པ་མེད་པར་ལོ་མང་རིང་གནས་ཐུབ་པ་དེ་སུའི་དྲིན་ལས་བྱུང་མིན་དང་། འཚོ་བའི་ཐབས་ལམ་ཇི་ལྟ་བུ་ཞིག་ལ་བརྟེན་ཡོད་མེད་དེ་དབྱར་གནས་གྲོལ་མཚམས་ཙམ་ལ་མ་གཏོགས་མི་མཁྱེན་པ་དེ་འདྲ་ཅི་ལ་སྲིད་དེ་མི་སྲིད་དོ།།
ཡང་ན་སྐབས་དེར་དགེ་འདུན་ཡོངས་རྫོགས་མཁན་པོ་སྒྲ་གཅན་འཛིན་བཟང་པོ་དང་ལྷན་དུ་ཉན་ཐོས་འཇོག་པ་ལྟར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བའི་དབང་གིས་ཡིན་ནམ། དེ་འདྲ་ནི་ཅིས་ཀྱང་མིན་ཚོད་འདུག་སྟེ། དེ་ལྟར་ཡིན་ན་སྐབས་དེ་དག་གི་ཚེ་བསླབ་ཁྲིམས་འཆལ་བ་མང་པོ་གནས་དབྱུང་གཏོང་དགོས་པའི་མཛད་དཀའ་དེ་འདྲ་གནང་དགོས་དོན་གཏན་ནས་མེད་དོ།།
ཡིག་འཇོག་འགའ་རེའི་ནང་། མུ་གེ་བྱུང་བའི་དུས་ཡུན་དེ་ཕལ་ཆེར་དབྱར་གནས་གཅིག་ཙམ་གྱི་རིང་ཡིན་ཚུལ་ལྟ་བུ་བརྗོད་འདུག་པ་དེ་ནི། རྣམ་ཐར་ཕལ་ཆེ་བའི་ནང་ལོ་བཅུ་གཉིས་རིང་བྱུང་བར་གསུངས་པ་དང་ཡོངས་སུ་འགལ་ལ། ལར་ནས་ཟླ་བ་གཉིས་གསུམ་གྱི་ནང་ཡུལ་དང་གྲོང་ཡོངས་རྫོགས་སྟོངས་འགྲོ་བ་དེ་འདྲ་འབྱུང་དཀའ་བས། དེ་ནི་བློ་རྣལ་དུ་མ་ཕབ་པའི་གཏམ་ལས་མ་འདས་སོ།།
ཡང་སློབ་དཔོན་གྱིས་གསེར་འགྱུར་གྱི་རྩིའི་སྦྱོར་བ་ལ་བརྟེན་ནས་གསེར་རྣམས་མུ་གེ་མེད་པའི་ཡུལ་ཐག་རིང་གི་འབྲུ་དང་བརྗེས་ནས་དགེ་འདུན་གྱི་འཚོ་བ་སྦྱོར་བ་དེ་ལོག་འཚོར་འགྱུར་ཚུལ་ཇི་ལྟར་ཡིན། དེ་ལོག་འཚོ་ལྔ་ལས་གང་གི་ཁོངས་སུ་གཏོགས་སམ། དང་པོ་བཞིར་འགྱུར་རྒྱུའི་དོགས་པ་སྤུ་ཙམ་མེད་ཀྱང་། གལ་ཏེ་ལོག་འཚོ་ལྔ་པ་རྙེད་པས་རྙེད་པ་འཚོལ་བ་ཞེས་པ་དེ་ཡིན་ཞེས་བརྗོད་ན། དེ་ཡང་གཏན་ནས་མི་འཐད་དེ། ལོག་འཚོ་དེའི་ངོ་བོ་ནི། རྙེད་པ་ཆུང་བ་ཕར་སྤྲད་ནས་ཆེན་པོ་ཚུར་ཡོང་ཐབས་བྱེད་པ་དེ་ཡིན་པས། འདིར་སློབ་དཔོན་གྱིས་དེ་ལས་ཡོངས་སུ་ལྡོག་སྟེ། ཕར་རྙེད་པ་གནས་པ་ཆེན་པོ་གསེར་ཕུལ་ནས། ཚུར་དེ་ལས་གནས་པ་ཆུང་བ་འབྲུ་དང་ནས་སོགས་བཞེས་པ་ཡིན་པས། ལོག་འཚོ་དེར་འགྱུར་བའི་སྐྱོན་གཏན་ནས་མེད་དོ།།
ལར་ནས་ཕྲ་ཞིང་མཛངས་ལ་རྒྱ་ཆེ་བའི་ཟབ་གསལ་མྱུར་བའི་རྣམ་དཔྱོད་ཀྱི་རྩལ་གཞན་ལས་ཁྱད་ཞུགས་པ་དང་ལྡན་པའི་མཁས་གྲུབ་ཆེན་པོ་དེ་འདྲ་བས། དགེ་འདུན་གྱི་འཚོ་བ་སྦྱོར་བའི་ཚེ་ན། འདུས་མང་ལ་སྙན་གསན་ཞུ་དགོས་མ་དགོས་དང་། ཇི་ལྟར་བྱས་ནས་ལོག་འཚོར་འགྱུར་མ་འགྱུར་སོགས་ཀྱི་རགས་པའི་གནད་དོན་འདི་འདྲ་བ་ཡང་མི་མཁྱེན་པ་དེ་འདྲ་གཏན་ནས་མི་སྲིད་དོ། །གཞི་རྩ་འདི་འདྲ་བའི་གནད་དོན་གྱི་སྐོར་ལ་འདུལ་བའི་ལས་ཆོག་རྣམས་སུ་དགེ་འདུན་ལ་གནང་བ་ཞུ་དགོས་མ་དགོས་སོགས་ཀྱི་ལས་ཆོག་གི་རིམ་པ་མང་པོ་ཡོད་པ་དང་ཕྱོགས་འདྲ་བར། ཡུལ་ལ་མུ་གེའི་འཇིགས་པ་བྱུང་བ་སོགས་ཀྱི་གཉན་འཕྲང་ཅན་གྱི་དུས་སྐབས་སུ་དམིགས་བསལ་གྱི་གནང་བ་སྩལ་བའི་སྐབས་ཡོད་པ་དེ་ཡང་མཁྱེན་པར་མཛད་འཚལ་ལོ།།
ལྷག་པར་དུ་སྤྲིན་ཆེན་པོའི་མདོ་ལས[8]། མ་འོངས་པའི་དུས་ན་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ནུབ་པ་ལ་ཉེ་བའི་ཚེ། དེར་བདག་རབ་ཏུ་བྱུང་ནས་ཆོས་ཀྱི་འཇུག་པ་ལ་བབས་པ་ན་སྒྲ་ཆེན་པོ་ལན་གསུམ་བསྒྲགས་ལ། ཆོས་གོས་གྱོན་པ་ཙམ་དང་སྐྲ་བྲེགས་པ་ཙམ་ཡུལ་ནས་བསྐྲད་ལ། དམ་པའི་ཆོས་ཕྱུང་(སྟོན་)སྟེ། དམ་པའི་ཆོས་ཀྱི་ཕྱིར་བདག་གི་སྲོག་གཏོང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །ཞེས་དང་། དེ་བཞིན་དུ་རྔ་བོ་ཆེའི་མདོར་ཡང་གསལ་ཡོད་པས། རྒྱལ་བས་ཆོས་སྒྲ་ཆེན་པོ་ལན་གསུམ་བསྒྲགས་པར་ལུང་བསྟན་པ་བཞིན། ཆོས་སྒྲ་དང་པོའི་སྐབས་སུ་སློབ་དཔོན་དགེ་འདུན་གྱི་མཁན་པོ་མཛད་པའི་སྒོ་ནས། དམ་ཆོས་འདུལ་བ་ལ་གཅེས་སྤྲས་དང་དག་ཐེར་བླ་ན་མེད་པ་མཛད་པའི་སྐབས་དེ་འཁེལ་ཡོད་པས། དེ་ལྟ་བུའི་མཛད་པ་བསྐྱངས་པའི་སྐབས་ལ། ཁྱེད་ཅག་ལྟར་ན་སྐབས་དེའི་མཛད་པ་སྐྱོང་ཚུལ་དེ་མ་འཚམ་པ་ཞིག་ཏུ་མངོན་གྱི་ཡོད་ན། རྒྱལ་བས་མདོ་དེ་དག་ཏུ་ལུང་བསྟན་པ་དེ་མི་འཐད་པར་སྨྲ་ནུས་སམ། ཡང་ན་རྒྱལ་བས་ལུང་བསྟན་པ་དེ་ནོར་བར་བརྗོད་རྒྱུ་ཡིན་ནམ། དེ་ནི་གཏན་ནས་མི་འཐད་དོ།།
ཁྱད་པར་དུ་ཡིག་འཇོག་དེར་སློབ་དཔོན་གནས་ནས་དབྱུང་དགོས་པའི་བཀའ་བསྒོས་ཡོད་ཚུལ་བཀོད་པ་དེ་ནི་ཤིན་ཏུ་མི་འཐད་དེ། དོན་དེ་ལ་དགོངས་ནས་ཀུན་མཁྱེན་པད་དཀར་གྱིས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས།[9] དེའི་ཚེ་སློབ་དཔོན་གནས་ནས་ཕྱུང་ཞེས་ཕལ་ཆེར་ཟེར། མཁན་པོ་དེ་ནས་རིང་པར་མ་ལོན་པར་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཞུགས་པ་ས་ར་ཧའོ། །དེས་ནཱ་ལནྡྲ་སློབ་དཔོན་ལ་གཏད་དེ། དེས་དེར་ཡུན་རིང་དུ་བསྟན་པ་བསྐྱངས་པ་དང་འགལ་བས་མི་འཐད་དོ། །ཞེས་ཤིན་ཏུ་གསལ་བར་གསུངས་པ་ལྟར། སྐབས་དེར་མཁན་པོ་སྒྲ་གཅན་འཛིན་བཟང་པོ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གཤེགས་ཤུལ་དུ་སློབ་དཔོན་གྱིས་དཔལ་ནཱ་ལེནྡཱའི་མཁན་པོ་རྒྱུན་རིང་དུ་མཛད་པའི་སྒོ་ནས། ཐེག་པ་ཆེན་པོ་དབུ་མའི་ཚུལ་ལུགས་རྒྱ་ཆེར་གསལ་བར་མཛད་པ་ཡིན་པས། གནས་ནས་ཕྱུང་ཚུལ་བརྗོད་པ་དེ་གཏན་ནས་མི་འཐད་དོ། །དེས་ན་སྐབས་དེར་སློབ་དཔོན་གནས་ནས་དབྱུང་རྒྱུ་ལྟ་ཞོག །དེ་ལས་བཟློག་སྟེ་སློབ་དཔོན་གྱིས་བསླབ་ཁྲིམས་འཆལ་བ་དང་། ཐེག་པ་ཆེན་པོ་ལ་བསྐུར་བ་འདེབས་པ་དག་གནས་ནས་ཕྱུང་བར་མཛད་ཡོད་པ་ནི་དངོས་དོན་ལ་གནས་པའི་བྱུང་བ་ཡིན་ནོ།།
ཅི་སྟེ་ངེས་མེད་བརྟག་པ་མཐའ་བཟུང་གིས་དེ་ལྟའི་བསྐུར་འདེབས་དང་། ཆད་པ་འགེལ་དགོས་པ་སོགས་ཀྱི་གླེང་ཕྱོགས་བྱུང་ཡོད་པའི་དབང་དུ་བཏང་ན་ཡང་། དེ་ནི་ཇི་ལྟར་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་རྣམ་ཐར་ལྟར། སྐྱེ་བོ་མང་པོ་ཞིག་ལ་བཟང་འབྲེལ་འཇོག་མ་ཐུབ་ཀྱང་། ངན་འབྲེལ་བཞག་པའི་སྒོ་ནས་མཐར་གཏན་བདེའི་གོ་འཕང་ལ་དྲང་དགོས་པའི་གདུལ་བྱའི་མོས་ངོ་དང་བསྟུན་ནས། དེ་ལྟའི་ཚུལ་བཞེས་པ་ཞིག་ལས། མཁས་གྲུབ་གཉིས་ལྡན་གྱི་ཚད་མའི་སྐྱེས་བུ་འདི་འདྲ་བ་ལ་འགལ་འཛོལ་ཆེས་རགས་པ་འདི་འདྲ་བ་གཏན་ནས་ཡོང་ཡེ་མི་མངའ་བར་མངོན་ནོ།།
གཞི་རྩའི་ཡུལ་ལ་མུ་གེ་བྱུང་ནས་དགེ་འདུན་གྱི་འཚོ་བ་སྦྱོར་ཚུལ་དང་འབྲེལ་བའི་སྐོར་གྱི་རྣམ་ཐར་འདིའི་ཐད། བུ་སྟོན་ཆོས་འབྱུང་དང་། པད་དཀར་ཆོས་འབྱུང་དང་། ལྷ་ས་བཀའ་འགྱུར་དཀར་ཆག་དང་། ངག་གི་དབང་ཕྱུག་དགེ་ལེགས་རྒྱ་མཚོས་མཛད་པ་དང་། བཀའ་བབས་བདུན་ལྡན་སོགས་སུ་བཀོད་ཚུལ་མ་འདྲ་བའི་ཁྱད་པར་ཤིན་ཏུ་ཆེ་བས། བསྐུར་འདེབས་ཀྱི་སྐོར་ལས་གཞན་པ་རྣམས་གང་ལ་ཡིད་རྟོན་བྱེད་དགོས་སམ། ལར་ནས་གནད་དོན་འདིའི་ཐད་ཀྱི་རྣམ་ཐར་གྱི་ཡིག་འཇོག་རྣམས་སུ་གཞན་དང་ཡེ་མི་འདྲ་བའི་ཁྱད་ཆེན་པོ་དང་། མི་མཐུན་པ་དེ་འདྲ་འབྱུང་དགོས་པའི་གཞི་རྩའི་སྐྱོན་གནད་དེ་གང་ལ་ཐུག་གམ། དེ་ནི་ཕལ་ཆེར་གོང་དུ་དགག་པ་ལྟར་གྱི་རྣམ་ཐར་གྱི་ཡིག་ཆ་འགའ་རེར་བསྲེ་ལྷད་ཀྱི་སྐྱོན་ཆ་ངེས་ཅན་ཞིག་བྱུང་ཡོད་པ་དེའི་དབང་གིས་ཡིན་ཚུལ་བརྗོད་ཀྱང་མི་ཆོག་པ་མེད་པ་ལྟར་དུ་མངོན་ནོ། །དངོས་འབྲེལ་བྱས་ན་འགལ་འདུ་ཤིན་ཏུ་ཆེ་བའི་ཡིག་འཇོག་དེ་དག་ཏུ་ཇི་ལྟར་གསལ་བའི་མ་འདྲ་བའི་ཁྱད་པར་རྣམས་འདིར་རེ་རེ་བཞིན་འགོད་དགོས་པ་ལྟར་དུ་མངོན་ཡང་ཡིག་ཚོགས་མང་བས་འཇིགས་ནས་མ་སྤྲོས་སོ།།[10]
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་བསྟོད་པ་དཔག་བསམ་ལྗོན་ཤིང་། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[2] མདོ་ཀུན་ལས་བཏུས་པ། གླེང་བརྗོད། ཝཱར་ཎཱ་མཐོ་སློབ། ༢༠༡༢ ལོ། ཤོག་གྲངས་ ༤ ནས་ ༧ བར།
[3] འབྲི་གུང་སྐྱོབ་པའི་བཀའ་འབུམ། ༼༢༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་། ༢༠༡༠ ལོ། ཤོག་ ༣༠༢
[4] འཇམ་དབྱངས་གྲུབ་པའི་བློ་གྲོས་ཀྱི་གསུང་འབུམ། པོད། ༼༣༽ ལྔ་རིག་ནང་བསྟན་སློབ་གླིང་། ༢༠༠༢ ལོ། ཤོག་ ༡༧༧
[5] ཆོས་ཀྱི་བློ་གྲོས་ཀྱི་གསུང་འབུམ། ༼༡༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཁང་། ༢༠༠༩ ལོ། ཤོག་ ༡༠
[6] ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༡༣༤
[7] རྒྱུད་འགྲེལ་གྱི་བཤད་ཐབས་ཡན་ལག །བུ་སྟོན། ༼ཏ༽ དེབ་གཟུགས། ཤོག་ ༥༧ ཡང་དེའི་ཆོས་འབྱུང་དུ་ཡང་དེ་དང་ཕྱོགས་འདྲ་བ་གསལ་ཡོད། དེབ་གཟུགས། ཤོག་ ༡༤༦
[8] སྡེ་དགེ་བཀའ་འགྱུར། མདོ། པོད། ༼ཝ༽ ཤོག་གྲངས་ ༡༠༠
[9] ཀུན་མཁྱེན་བཀའ་འབུམ། པོད། ༼༢༽ ཁཀ ཆོས་འབྱུང་། བྲིས་མ་དཔེ་གཟུགས། ཤོག་གྲངས་ ༣༠ན༥
[10] འཕགས་བོད་པོད་ཕྲེང་། ༼༧༠༽ ཝཱར་ཎཱ་མཐོ་སློབ། ༢༠༡༠ ལོ། ཤོག་གྲངས་ ༣༣༧-༣༤༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༣ ནས་ ༢༤༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།