ཐ༽ པཱ་ལའི་རྒྱལ་རྒྱུད་དང་སེང་བཟང་གི་བྱུང་བ།
དེ་ཡང་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་སེངྒེ་བཟང་པོ་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ལས[1]།
ཏྲི་ཀ་ཏུ་ཀའི་གཙུག་ལག་ཁང་བཟང་དུ། །
བཞུགས་ནས་སྐལ་ལྡན་སྟོང་ཕྲག་མང་པོ་ལ། །
དུས་གསུམ་རྒྱལ་བའི་གཤེགས་ཤུལ་ཡུམ་དོན་འཆད། །
ཐུབ་བསྟན་ཉིན་མོར་བྱེད་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་ལས་[2]ཀྱང་། ཁྱད་པར་དུ་སློབ་དཔོན་སེང་གེ་བཟང་པོའི་ལོ་རྒྱུས་ནི། སྔོན་ཤར་ཕྱོགས་སེང་ལྡེང་གི་ནགས་ཞེས་བྱ་བ་ན། སྡོང་པོ་ཆེན་པོ་ཞིག་ལ་ཤིང་གི་ལྷ་ཞིག་ཡོད་པ་ལས་ཡུལ་དེའི་ཕྱུགས་རྫི་ཞིག་དུས་ལས་འདས་ཏེ། དེའི་ཆུང་མ་གཟུགས་བྱད་བཟང་མོ་ཞིག་ཡོད་པས་ཕྱུགས་འཚོར་སོང་བ་དང་། ཤིང་གི་ལྷ་དེས་འདོད་པ་སྤྱད་པས། སྲས་ཁྱད་པར་ཅན་ཞིག་འཁྲུངས་ཏེ། གཽ་པཱ་ལ་ཞེས་བཏགས་སོ། །དེ་ལ་ཕས་ནོར་བུ་རིན་པོ་ཆེ་བྱིན་པས་དེའི་ཡོན་ཏན་གྱིས་ས་ཐམས་ཅད་ལ་ཁ་ལོ་སྒྱུར་བ་ཞིག་བྱུང་སྟེ། དེས་ནཱ་ལེན་དྲ་བརྩིགས་སོ། །དེའི་བཙུན་མོ་དབང་ཆུང་བ་ཞིག་གིས། རྒྱལ་པོ་དབང་དུ་བྱ་བའི་ཕྱིར་སློབ་དཔོན་བྲམ་ཟེ་ཞིག་ལ་རིག་པ་ཞུས་པས་དེས་རི་བོ་གངས་ཅན་ལས་སྨན་བླངས་ཏེ། རྒྱ་བཏབ་སྟེ་བྲན་མོ་ལ་བསྐུར་བས། དེ་སྟེགས་འདྲེད་པ་ལ་ལྷུང་བས་ཆུས་ཁྱེར་ཏེ། རིམ་གྱིས་རྒྱ་མཚོར་ཞུགས་པ་དང་། ཀླུའི་རྒྱལ་པོས་བླངས་ཏེ་ཟོས་པས་ཀླུའི་རྒྱལ་པོ་རྒྱ་མཚོ་སྐྱོང་དབང་དུ་གྱུར་ནས། བཙུན་མོ་དང་ཕྲད་པས་སྲས་དཔལ་ལྡན་ཆོས་སྐྱོང་བལྟམས་ཏེ། དུས་བཟང་ལ་མཆོད་པ་བྱས་པའི་ཚེ་སྦྲུལ་མགོ་རོང་ངེ་བྱུང་བས་རྒྱལ་པོ་ཁྲོས་ཏེ། ཆད་པ་བཅད་པར་བརྩམས་པ་ལས། སོར་གདུབ་བསྟན་པས་ཀླུའི་ཡི་གེ་མཐོང་བས་སླར་བཀུར་སྟི་བྱས་ཏེ་སྐྱེད་བསྲིངས་སོ།།
དེས་ལྷ་ཁང་གཞན་ལས་ཁྱད་པར་དུ་འཕགས་པ་ཞིག་རྩིག་པར་འདོད་པས་ལྟས་མཁན་ལ་དྲིས་པས། དགེ་སྦྱོང་དང་བྲམ་ཟེའི་རས་ལ་སྡོང་བུ་བྱས་ཏེ། རྒྱལ་པོ་དང་ཚོང་དཔོན་གྱི་ཁྱིམ་ནས་མར་བླངས་ཤིང་། དཀའ་ཐུབ་པའི་ལྷ་གནས་ནས་ཀོང་བུ་བླངས་ཏེ། མར་མེ་སྤར་བ་ཡི་དམ་གྱི་མདུན་དུ་བཞག་སྟེ། གསོལ་བ་བཏབ་ན། ཆོས་སྐྱོང་གི་སྤྲུལ་པས་ཀོང་བུ་བསྐྱུར་བར་འགྱུར་བས་དེར་རྩིགས་ཤིག་ཟེར་ནས། དེ་ལྟར་བྱས་པས་བྱ་རོག་ཅིག་བྱུང་ནས། ཀོང་བུ་མཚོར་བསྐྱུར་བས་ཡི་ཆད་པ་ན། མཚན་མོ་ཀླུའི་རྒྱལ་པོ་སྦྲུལ་མགོ་ལྔ་པ་ཞིག་བྱུང་སྟེ། ང་ཁྱོད་ཀྱི་ཕ་ཡིན་པས་མཚོ་བསྐམས་ལ་རྩིག་ཏུ་གཞུག་གོ །ཞག་བདུན་བདུན་ན་མཆོད་པ་ཆེན་པོ་གྱིས་ཤིག་ཟེར་ཏེ། དེ་བཞིན་བྱས་པས་ཞག་ཉེར་གཅིག་ན་མཚོ་བསྐམས་ཏེ། ཨོ་ཏྱནྟ་པུ་རིའི་གཙུག་ལག་ཁང་བཞེངས་སོ།།
རྒྱལ་པོ་དེ་ལ་སྲས་རྒྱལ་པོ་དང་པཎྜི་ཏ་དང་གྲུབ་ཐོབ་དང་སྡིག་སྤྱོད་ཀྱི་རྒྱལ་པོ་ཞིག་སྟེ་བཞི་ཡོད་པ་ལ། ཐ་མ་ནོར་གྱིས་བྲེལ་དོགས་ནས། ནོར་བུ་བྱིན་ནོ། །དེ་ལ་སྲས་དེ་བ་པཱ་ལ་ཞེས་བྱ་བ་སྨོན་ལམ་གྱི་སྟོབས་ཅན་ཡུམ་ལ་དད་པ་ཐོབ་པ་ཞིག་བྱུང་སྟེ། དེས་ཕ་ལ་ནོར་བུ་བརྐུས་ཏེ་དགེ་སློང་ཡུམ་འཆད་པ་ཞིག་ལ་ཕུལ་བས། ཡབ་ཀྱིས་རིག་སྟེ། ནོར་བུ་ནི་རྒྱལ་པོ་དབང་བ་ཡིན་གྱིས། དགེ་སྦྱོང་འདོད་པ་ཆུང་ཞིང་ཆོག་ཤེས་པར་རིགས་པ་ལ། ཁྱོད་དེ་ལྟ་མ་ཡིན་ནོ་ཞེས་མགུལ་པ་བགགས་ཏེ་རིན་པོ་ཆེ་འཕྲོགས་སོ། །དགེ་སློང་གིས་ཤི་མ་ཐག་རང་གི་སློབ་མ་རྒྱལ་བུའི་སྲས་སུ་སྐྱེ་བར་སྨོན་ལམ་བཏབ་པས། དེ་ལྟར་གྱུར་ནས། རྒྱལ་པོ་ས་སྐྱོང་ཞེས་བྱ་བ་ཡུམ་ལ་དད་པ་ཐོབ་པ་ཞིག་ཏུ་གྱུར་ཏེ། ཕྱོགས་ཀུན་ཏུ་ཡུམ་འཆད་པ་ཚོལ་བ་ལ་ཞུགས་པ་ན། དེའི་ཚེ་སློབ་དཔོན་སེང་གེ་བཟང་པོ་ཞེས་བྱ་བ་རྒྱལ་རིགས་ལས་རབ་ཏུ་བྱུང་བ། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ་ཁྱད་པར་དུ་ཡུམ་གྱི་དོན་ལ་རིང་དུ་གོམས་པ་ཞིག་བྱུང་སྟེ། དེས་རང་གི་མཁན་པོ་རྣམ་སྣང་བཟང་པོ་ལ་བྱམས་པའི་སྒྲུབ་ཐབས་ཞུས་ནས་བསྒྲུབས་པས། རྨི་ལམ་དུ་དགེ་སློང་གུར་ཀུམ་གྱི་མདོག་ཅན་སྤྱོད་ལམ་མཛེས་པ་ཞིག་རྨིས་ཏེ། ཤར་ཕྱོགས་ཁ་སར་པཱ་ཎིར་སོང་ཞིག །ཅེས་ལུང་བསྟན་ནོ།།
སད་དེ་དེར་སོང་ནས་ཞག་གསུམ་དུ་སྨྱུང་གནས་བྱས་ཏེ། རྨི་ལམ་བརྟགས་པས་ཐོ་རངས་རྨི་ལམ་ན། ཨོ་ཏྱནྟ་པུ་རི་བི་ཧ་རིའི་གནྡྷོ་ལའི་སྟེང་གི་ནམ་མཁའ་ལ་སྤྲིན་ཕུང་འཐུག་པོ་ཞིག་གི་གསེབ་ན། ལྷའི་ལུས་སྟོད་སྤྲིན་གྱི་གསེབ་ནས་ཕྱུང་ནས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་མཐོང་སྟེ། ཅི་བྱེད་དྲིས་པས། རྗེ་བཙུན་བྱམས་པ་བརྒྱད་སྟོང་པ་གསུང་བ་ལ་མཆོད་པ་བྱེད་པ་ཡིན་ཟེར་ཏེ། རིང་དུ་བལྟས་པས་རྗེ་བཙུན་ཞལ་གསེར་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱིས་སྤྲས་པ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཙམ་ཞིག་མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ། ཉིད་ཀྱི་བསྟན་བཅོས་ལ་དིང་སང་འགྲེལ་པ་མང་དུ་མཆིས་ན། གང་གི་རྗེས་སུ་འཇུག་པར་བགྱི་ཞེས་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་རྟོགས་ལ། འཐད་པ་བསྡུས་ཏེ། ཁྱོད་ཀྱིས་ཕྱོགས་གཅིག་ཏུ་རྩོམས་ཤིག །ཅེས་གནང་བ་ཐོབ་བོ། །སད་དེ་མཆོད་པ་བྱས་ཏེ། བསྟན་བཅོས་རྩོམ་པའི་སྦྱིན་བདག་བཙལ་བའི་ཕྱིར། ཤར་ནས་ནུབ་ཏུ་བྱོན་པ་ན། རྒྱལ་པོ་ས་སྐྱོང་གིས་ཡུམ་མཆོད་པ་ལ། སློབ་དཔོན་སེང་གེ་བཟང་པོ་མཁས་པར་ཐོས་ནས། གདན་འདྲེན་དུ་བཏང་བའི་ཕོ་ཉ་དང་ཕྲད་ནས་གདན་དྲངས་ཏེ། འཕགས་པའི་འགྲེལ་པ་དང་མཐུན་པར་ཉི་ཁྲིའི་བསྡུས་དོན་ལེ་བརྒྱད་མ་དང་། བརྒྱད་སྟོང་འགྲེལ་ཆེན་དང་། དོན་གསལ་འགྲེལ་པ་དང་། སྡུད་འགྲེལ་རྟོགས་པར་སླ་བ་དང་། ཤེར་ཕྱིན་སྒོམ་པ་ལ་སོགས་པ་མཛད་དོ། །ཞེས་གྲག་གོ །བརྒྱད་སྟོང་འགྲེལ་ཆེན་དུ་དཔལ་ལྡན་ཆོས་སྐྱོང་གིས་སྦྱིན་བདག་བྱས་ནས། ཏྲི་ཀ་ཏུ་ཀ་ཞེས་པ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་བྱས་པར་བཤད་དོ། །
སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས། སློབ་དཔོན་སེང་གེ་བཟང་པོ་སྐྱེས་བུའི་དོན་ལ་མངོན་དུ་ཕྱོགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ན། པོ་ཏི་དུ་མ་དག་ན་འདོད་པ་དུ་མ་དང་། འཆད་པ་པོ་རྣམས་ཀྱིས། བཤད་པ་ཡང་ཕན་ཚུན་འགལ་བ་མཐོང་བས་སྐྱོ་བ་སྐྱེས་ཏེ། མཐའ་གཅིག་ཏུ་གནས་པ་ན། ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་བྱམས་པས་དེའི་སྐྱོ་བ་བསལ་བའི་ཕྱིར་མངོན་པར་རྟོགས་པ་དང་བཅས་པའི་བཅོམ་ལྡན་འདས་མ་ཡང་བཤད་དོ། །ཞེས་ཟེར་བ་རྗེས་སུ་ཐོབ་པ་ཡིན་ནོ། །ཞེས་བཤད་དོ།།
སློབ་དཔོན་ཆོས་ཀྱི་བཤེས་གཉེན་ནི་ལོ་བཅུ་བདུན་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱས་པས། རྨི་ལམ་དུ་བྱམས་པས་རྗེས་སུ་བཟུང་ཞེས་འཆད་ཀྱང་། སློབ་དཔོན་ཉིད་ཀྱི་མཁས་པའི་འགྲེལ་པ་བཞི་ལས་རྙེད་ཅིང་། ཁྱད་པར་འཕགས་པ་གཉིས་ཀྱི་འགྲེལ་པ་ལ་བརྟེན་པར་བཤད་དེ། འགྲེལ་ཆེན་དུ། འདི་ནི་འཕགས་པ་ཐོགས་མེད་ལ་སོགས་པ་རྣམས་ཀྱིས་བཤད་པ་བྲིས་པ་ཡིན་པའི་ཕྱིར་ཚད་མར་བྱའོ་ཞེས་པ་དང་།
འཕགས་པ་རྣམ་པར་གྲོལ་སྡེ་ཡི། །མཐུ་ཡིས་དོན་མཐོང་སྒོ་ནས་ནི། །
ཞེས་སོ། །ཞེས་བྱུང་ལ། དེ་བཞིན་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས[3]། སློབ་དཔོན་སེངྒེ་བཟང་པོ་ནི། རྒྱལ་རིགས་ལས་རབ་ཏུ་བྱུང་སྟེ་ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ལ་མཁས་པ། ཁྱད་པར་དུ་ཡུམ་གྱི་དོན་ལ་རིང་དུ་གོམས་པ་ཞིག་བྱུང་བ་ལས། དེས་རང་གི་མཁན་པོ་རྣམ་སྣང་མཛད་བཟང་པོ་ (མཁན་ཆེན་ཞི་བ་འཚོ།) ལ་བྱམས་པའི་སྒྲུབ་ཐབས་ཞུས་ནས་བསྒྲུབས་པས། རྨི་ལམ་དུ་དགེ་སློང་གུར་གུམ་མདོག་ཅན་སྤྱོད་ལམ་མཛེས་པ་ཞིག་རྨིས་ཏེ། ཤར་ཕྱོགས་ཁ་སར་པཱ་ཎིར་སོངས་ཤིག་ཅེས་ལུང་བསྟན། སང་དེར་སོང་ནས་ཞག་གསུམ་དུ་སྨྱུང་གནས་བྱས་ཏེ་རྨི་ལམ་བརྟགས་པས། ཐོ་རངས་རྨི་ལམ་དུ་ཨོཏྱནྟ་པུ་རི་བི་ཧ་རིའི་གནྡྷོ་ལའི་སྟེང་གི་ནམ་མཁའ་ལ་སྤྲིན་ཕུང་འཐུག་པོ་ཞིག་གི་གསེབ་ན་ལྷའི་བུ། ལུས་སྟོད་སྤྲིན་གྱི་གསེབ་ནས་ཕྱུང་ནས་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་མཐོང་སྟེ་ཅི་བྱེད་དྲིས་པས། རྗེ་བཙུན་བྱམས་པ་བརྒྱད་སྟོང་པ་གསུངས་པ་ལ་མཆོད་པ་བྱེད་པ་ཡིན་ཟེར་ཏེ་རིང་དུ་བལྟས་པས། རྗེ་བཙུན་ཞལ་གསེར་གྱི་མདོག་ཅན་སྤྱི་གཙུག་མཆོད་རྟེན་གྱིས་སྤྲས་པ། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་ཙམ་ཞིག་མཐོང་ནས་ཕྱག་དང་མཆོད་པ་བྱས་ཏེ། ཉིད་ཀྱི་བསྟན་བཅོས་ལ་དིང་སང་འགྲེལ་པ་མང་དུ་མཆིས་ན་གང་དང་གང་གི་རྗེས་སུ་འཇུག་པར་བགྱི་ཞེས་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་རྟོགས་ལ་འཐད་པ་བསྡུས་ཏེ། ཁྱོད་ཀྱིས་ཕྱོགས་གཅིག་ཏུ་རྩོམས་ཤིག་ཅེས་གནང་བ་ཐོབ་བོ།།
སད་དེ་མཆོད་པ་བྱས་ནས་བསྟན་བཅོས་བརྩམས་པའི་སྦྱིན་བདག་བཙལ་བའི་ཕྱིར་ཤར་ནས་ནུབ་ཏུ་བྱོན་པ་དང་། རྒྱལ་པོ་ས་སྐྱོང་ཞེས་པ་ཡུམ་ལ་ལྷག་པར་དད་པ་ཞིག་བྱུང་སྟེ། ཕྱོགས་ཀུན་ཏུ་ཡུམ་འཆད་པ་འཚོལ་བ་ལ་ཞུགས་པ་ན། དེའི་ཚེ་ཡུམ་འཆད་པ་ལ་སློབ་དཔོན་སེངྒེ་བཟང་པོ་མཁས་པར་ཐོས་པས་སྤྱན་འདྲེན་དུ་བཏང་བའི་ཕོ་ཉ་དང་ལམ་དུ་འཕྲད་དོ། །ཞེས་དང་། རྒྱལ་པོ་དེ་ལ་སྲས་རྒྱལ་པོ་དང་། པཎྜི་ཏ་དང་། གྲུབ་ཐོབ་དང་། སྡིག་སྤྱོད་ཀྱི་རྒྱལ་པོ་དང་བཞི་ལས། དེའི་སྲས་དེ་བ་པཱ་ལ་ཞེས་པ་བྱུང་། དེའི་སྲས་རྒྱལ་པོ་ས་སྐྱོང་ཡིན་ཏེ། དེས་གོང་དུ་བཤད་པ་ལྟར། སློབ་དཔོན་སེངྒེ་བཟང་པོ་སྤྱན་དྲངས་ཏེ་སྦྱིན་བདག་མཛད་ནས། འཕགས་པའི་འགྲེལ་པ་དང་མཐུན་པར་ཉི་ཁྲི་ལེའུ་བརྒྱད་དང་། བརྒྱད་སྟོང་པ་དང་སྦྱར་བ་བརྒྱད་སྟོང་འགྲེལ་ཆེན་དང་། ཡུམ་སུམ་ཆར་གྱི་རྒྱན་དུ་གྱུར་པ་འགྲེལ་པ་དོན་གསལ་དང་། གཞན་ཡང་བསྡུས་འགྲེལ་རྟོགས་པར་སླ་བ་དང་། ཤེར་ཕྱིན་སྒོམ་པ་ལ་འཇུག་པ་ལ་སོགས་པ་མཛད་དེ་བསྟན་པ་ཆེས་གསལ་བར་མཛད་དོ། །དེའི་སློབ་མ་ཀུ་ས་ལི་[4]ཆེ་བ་ཡིན། ཞེས་གསུངས་སོ།།
གཞན་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས[5]། སློབ་དཔོན་སེང་གེ་བཟང་པོ་ནི། རྒྱལ་རིགས་ལས་རབ་ཏུ་བྱུང་ཞིང་། རྒྱལ་བའི་གསུང་རབ་སྤྱི་དང་། ཁྱད་པར་དུ་ཤེར་ཕྱིན་ཀྱི་མདོ་འགྲེལ་པ་དང་བཅས་པ་ལ་ཐོས་བསམ་མཐར་ཕྱིན་པར་མཛད། མཁན་ཆེན་ཞི་བ་འཚོ་འམ། མཚན་གཞན་ཡང་དག་རྣམ་སྣང་མཛད་དཔལ་བཟང་པོ་ཞེས་བྱ་བའི་བླ་མ་ཡུན་རིང་དུ་བསྟེན་ཅིང་། ཤེར་ཕྱིན་ཀྱི་གཞུང་ལ་སྦྱངས་པ་མཛད་པས་དཀའ་བའི་གནད་འགའ་ཞིག་རྟོགས་དཀའ་ཞིང་། ཁྱད་པར་དུ་ཐོགས་མེད་སྐུ་མཆེད་དང་། འཕགས་བཙུན་སོགས་ཀྱི་འགྲེལ་པ་སྔ་མ་རྣམས་སུའང་བཞེད་ཚུལ་མི་མཐུན་པ་དུ་མ་ཞིག་བྱུང་བ་ལས། གང་འཐད་ཕྱོགས་སུ་བཟུང་དགོས་མ་རྟོགས་པས། འཕགས་པ་བྱམས་པ་ཉིད་ལས་དངོས་སུ་གདམས་ངག་གསན་པར་བཞེད་དེ་མཁན་ཆེན་ཞི་བ་འཚོ་ལས་བྱམས་པའི་སྒྲུབ་ཐབས་ཞུས་ཏེ་བསྒྲུབས་པས་རྨི་ལམ་དུ་ཤར་ཕྱོགས་ཁ་སཱར་པ་ཎིར་སོང་ཞིག །ཅེས་པའི་ལུང་བསྟན་བྱུང་བ་དང་། དེར་བྱོན་ནས་ཞག་གསུམ་སྨྱུང་གནས་བྱས་ཏེ་རྗེ་བཙུན་ལ་གསོལ་བ་ཤུགས་དྲག་པོ་དང་བཅས་ཏེ་རྨི་ལམ་བརྟགས་པས། ཐོ་རེངས་ཀྱི་རྨི་ལམ་དུ་ཨོ་ཏཱནྟ་པུ་རིའི་གཙུག་ལག་ཁང་ཆེན་པོའི་སྟེང་གི་ནམ་མཁར་བྱམས་མགོན་བཞུགས་པ་མཇལ་ཏེ་ཕྱག་མཆོད་བྱས་ནས། ཉིད་ཀྱི་བསྟན་བཅོས་ལ་འགྲེལ་པ་མང་དུ་མཆིས་ན། གང་གི་རྗེས་སུ་འབྲང་ཞེས་ཞུས་པས། ཐམས་ཅད་ཀྱི་གཞུང་ལེགས་པར་རྟོགས་ལ་འཐད་པ་བསྡུས་ཏེ་ཁྱོད་ཉིད་ཀྱིས་འགྲེལ་པ་རྩོམས་ཤིག་ཅེས་གནང་བ་ཐོབ་བོ། །དེ་ལྟར་བྱམས་མགོན་མནལ་ལམ་དུ་མཇལ་བ་ཆོས་བཤེས་ཀྱིས་བཤད་ཅིང་། དངོས་སུ་མཇལ་བར་ཤེར་འབྱུང་བློ་གྲོས་ཀྱིས་བཤད་དོ། །དེ་ནས་བསྟན་བཅོས་བརྩམ་པའི་སྦྱིན་བདག་བཙལ་བའི་ཕྱིར་ནུབ་ཏུ་བྱོན་པ་དང་། སྐབས་དེའི་རྒྱལ་པོ་པཱ་ལ་རྒྱལ་རྒྱུད་ཀྱི་ནང་ཚན་དྷརྨ་པཱ་ལས་ཡུམ་འཆད་པ་ལ་སེང་བཟང་མཁས་པར་ཐོས་ནས། གདན་འདྲེན་དུ་བཏང་བའི་ཕོ་ཉ་དང་འཕྲད་དེ་གདན་དྲངས་པར་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་ཕེབས། དགེ་འདུན་སྟོང་ཕྲག་མང་པོ་ལ་ཤེར་ཕྱིན་འདོམས་པར་མཛད། ཅེས་གསུངས་པ་ལྟར་རོ།།
གོང་གསལ་གྱི་སྙིང་པོ་ནི། པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་རྒྱལ་རབས་འཕྲུལ་གྱི་ལྡེ་མིག་གམ་དེབ་ཐེར་དམར་པོ་གསར་མ་ལས[6]། དེ་བཞིན་དུ་སངས་རྒྱས་ཀྱིས་ལུང་བསྟན་པའི་ཆོས་རྒྱལ་མྱ་ངན་མེད་ཡབ་སྲས་ནས་བརྒྱུད་པའི་གདུང་རབས་འདི་བྱོན་གྱི་ཡི་གེའང་མ་མཐོང་། སྐབས་ཤིག་ཏུ་བྲན་མོ་ཞིག་ལ་ཤིང་གི་ལྷ་ཞིག་གི་བུ་བྱུང་བ་ཕས་ནོར་བུ་བྱིན་པས་ས་ལ་དབང་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་གོ་པ་ལ་ཞེས་གྲགས་སོ། །འདིས་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས། དེའི་བཙུན་མོ་ལ་ཀླུའི་རྒྱལ་པོ་ཞིག་གི་བུ་བྱུང་བ་ལ། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་དུ་གྲགས་ཏེ། འདིས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དང་། བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་བཞེངས། དེ་ལ་སྲས་རྒྱལ་པོ་དང་པཎྜི་ཏ་དང་གྲུབ་ཐོབ་དང་སྡིག་སྤྱོད་ཀྱི་རྒྱལ་པོ་སྟེ་བཞི་བྱུང་བའི་ཕྱི་མ་ལ་བུ་དཱི་ཝ་པཱ་ལ། དེའི་སྲས་རྒྱལ་པོ་ས་སྐྱོང་། འདིས་སློབ་དཔོན་སེངྒེ་བཟང་པོས་ཤེར་ཕྱོགས་ཀྱི་འགྲེལ་པ་རྣམས་བརྩམས་པའི་སྦྱིན་བདག་མཛད་པར་གྲགས་ནའང་བརྒྱད་སྟོང་འགྲེལ་ཆེན་རང་དུ་ནི་དཔལ་ལྡན་ཆོས་སྐྱོང་གིས་མཛད་པར་བཤད་དོ། །ཞེས་གསུངས་པ་ལྟར་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་བརྒྱད་སྟོང་འགྲེལ་ཆེན་ལས[7]། གང་ཞིག་ས་སྟེང་བསོད་ནམས་གྲངས་ཚོགས་ལྡན་པར་རབ་གྲགས་མཁས་པའི་སྐྱེ་བོས་བརྒྱན། །ཡོན་ཏན་ཀུན་གྱི་འབྱུང་གནས་དཔལ་ལྡན་ཊཱིཀ་ཏུ་ཀའི་གཙུག་ལག་ཁང་བཟང་དེར། །སྦྱིན་ལས་འབྱོར་པ་ཆེན་པོ་ཐོབ་འགྱུར་ཆོས་ཀྱི་བདག་ཉིད་སྙིང་རྗེ་ལྷ་ཡི་ནི། །མགོན་བཅས་བདེ་བའི་རྐྱེན་གཞི་མཁས་པའི་གནས་གྱུར་ཁང་པ་དག་ཏུ་གནས་བཅས་ནས། །གླང་ཆེན་ཁྲོས་པའི་ཀླད་པ་རྣམ་པར་འགེམས་བྱེད་ནུས་པ་དང་ལྡན་བདག་ཉིད་ཅན། །བསོད་ནམས་ལ་སྦྱངས་བརྩོན་པ་ལས་བྱུང་ཕུན་ཚོགས་རྣམས་ནི་ཀུན་ཏུ་སྦྱོར་གྱུར་པ། །རྒྱལ་པོ་མཆོག་བརྒྱུད་རྒྱལ་རིགས་ནས་འཁྲུངས་རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་རིང་ལ་ནི། །དཀའ་འགྲེལ་བཟང་པོ་དེ་ཉིད་སྣང་བ་ཞེས་བྱ་འདི་ནི་བདག་གིས་རྣམ་པར་བརྩམས། །ཞེས་གསུངས་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དབྱངས་ཅན་དགའ་བློའི་གསུང་འབུམ། པོད། ༼ཁ༽ སེང་བསྟོད། དཔེ་རིང་། ཤོག་གྲངས་ ༢བ༡
[2] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༦༣
[3] བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༢༣
[4] ཀུ་ས་ལི་ནི་བོད་སྐད་དུ་དགེ་བ་ཅན་ཞེས་པ་སྟེ། མཚན་དངོས་ནི། ཆེ་བ་ལ་རིན་ཆེན་བཟང་པོ། ཆུང་བ་ལ་རིན་ཆེན་མདོ་ཟེར།
[5] མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དོན་གསལ་གྱི་གླེང་བརྗོད། ཝཱཪ་ཎཱ་ཆེས་མཐོའི་སློབ་ཁང་། ཤོག་ ཀ ནས་ ལ་བར།
[6] དེབ་ཐེར་དམར་པོ་གསར་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༥
[7] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཆ༽ དེབ་ཨང་། ༥༡ པ། ཤོག་གྲངས་ ༡༧༢༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣༣ ནས་ ༡༤༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།