ཏ༽ བྱ་རོག་མ་བསྟན་བསྲུང་གི་སྐོར་གྱི་ཆོས་ཚན་མ་རྙེད་པ།
དེ་ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་བྱ་རོག་མ་བསྟན་བསྲུང་གི་སྐོར་གྱི་ཆོས་ཚན་ཐོ་ཡིག་གསེར་གྱི་ཐུར་མ་ལས[1]། ༡) ནག་པོ་ཆེན་པོ་བྱ་རོག་ཅན་གྱི་ཕྱག་བཞི་པའི་སྒྲུབ་ཐབས་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་འདི་མགོན་པོའི་མན་ངག་ཐམས་ཅད་ཀྱི་ཐོག་མར་བྱུང་བའི་ཡི་གེ་ཡིན། ཞེས་དང་། དེ་ཉིད་ལས[2]། ༢) སྒྲོལ་བྱེད་མ་གསུམ་གྱི་སྒེར་སྒྲུབ་ཀྱི་གཞུང་གསུམ་ཀླུ་སྒྲུབ་ཀྱིས་མཛད་པ།
དུག་གསུམ་མགོན་པོའི་སྒྲུབ་ཐབས་ཁྲག་ཏིག་གསང་བ་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པས་མཛད་པ། ༣) སྲོག་ཏིག་བཤན་པ་བྱ་གདོང་གི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་དང་། ཡང་དེ་ཉིད་ལས[3]། ༤) བྱ་ཁྱུང་གི་བསྒྲུབ་པ་བྱ་རོག་ཅན་གྱི་རྒྱུད་ལེའུ་བཅུ་བདུན་པ་ལ་བརྟེན་ནས་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་དང་། དེ་ཉིད་ལས[4]། ༥) ནང་གནད་མགོན་པོ་ཞིང་སྐྱོང་དུ་སྒྲུབ་པ་ལ་ཞིང་སྐྱོང་མགོན་པོ་བྱ་རོག་གདོང་ཅན་བཞིས་སྐོར་ཀླུ་སྒྲུབ་ཀྱིས་ན་ལེནྡའི་རྡོ་སྐུའི་རྩར་མཛད་པ། འདི་ལ་བཀའ་གཏེར་གཉིས་ཡོད་པའི་འདི་བཀའ་མ་ཡིན། ཞེས་དང་། ཡང་དེ་ཉིད་ལས[5]། ༦) སྟོང་མཐུ་རྙིང་པ་རྣམས་ཀླུ་སྒྲུབ་ཀྱིས་མཛད་པ་མགོན་པོ་ལེགས་ལྡན་ཆེན་པོ་བདུན་ཅུ་རྩ་གསུམ་གྱི་སྐོར་བ་ཡོད་ཟེར། ཞེས་དང་། ཡང་དེ་ཉིད་ལས[6]། སེང་གདོང་གི་སྒྲུབ་ཐབས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ཞབས་འོག་ནས་རྒ་ལོས་བཏོན་པ་དང༌། དེའི་ཡུམ་སྒྲུབ་ཚངས་པ་ལྷའི་མེ་ཏོག་གིས་ཀླུ་སྒྲུབ་ཕྱི་མ་ལ་ཕུལ་བ་སོགས་དེའི་སྐོར་ཤོག་དྲིལ་བརྒྱད། ནག་པོ་སྟོང་གི་གཙོ་བོ་བདུད་ལྕམ་དྲལ། གནོད་སྦྱིན་ཁྲིའི་གཙོ་བོ་ནག་པོ་གནོད་སྦྱིན་མིང་སྲིང༌། ཤ་ཟ་འབུམ་གྱི་གཙོ་བོ་མུ་སྟེགས་ཨ་སེ་ནག་པོ་རྣམས་ཀྱི་སྒེར་སྒྲུབ་རྣམས་ཙ་མིས་ཤོག་དྲིལ་གཉིས་གཉིས། ༧) སེར་བ། ཇག་ཆིངས། ཐོག་གི་བཙན་དུག །རྟེན་གཏོར་གྱི་བཅས་རྒྱས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་དང་། ཡང་དེ་ཉིད་ལས[7]། ཀླུ་མེ་སྦལ་གྱི་ལས་ལ། ༨) ཁྱེའུ་མཐའ་ཡས་སྔགས་ཀྱི་སྒྲུབ་པ་ཞེས་བྱ་བ་ཀླུ་སྒྲུབ་ཀྱིས་མཛད་པ། ༩) ཀླུ་མེ་སྦལ་ནག་པོ་གསང་བ་ས་གསོར་གྱི་གདམས་ངག་ཀླུ་སྒྲུབ་ཀྱིས་མཛད་པ། ཞེས་དང་། ཡང་དེ་ཉིད་ལས[8]། བརྒྱད་ཀྱི་བསད་པ་ལ། ༡༠) ནག་པོ་ཆེན་པོའི་ཕྱག་བརྙན་གཟའ་བདུད་དམག་དཔོན་བརྒྱད་དུ་བསྒྲུབ་པ་ཀླུ་སྒྲུབ་ཀྱིས་མཛད་པ། ༡༡) དུས་ཚོད་ངེས་པར་གཟུང་བ་ཞེས་བྱ་བ་ཀླུ་སྒྲུབ་ཀྱིས་མཛད་པ། ༡༢) གཟའ་ཤོར་བའི་མན་ངག་ཀླུ་སྒྲུབ་ཀྱིས། མོན་པོ་རོག་ཏི་ནག་པོའི་སྒྲུབ་ཐབས་ཙ་མིས། དོན་བརྒྱད་གསལ་བའི་སྒྲོན་མེ་ཙ་མིས། སྟེང་ལོ་རང་གི་མཛད་པའི་སྒྲུབ་ཐབས་གཅིག །༡༣) བར་ཆད་སེལ་བ་ཀླུ་སྒྲུབ། རྫས་སེར་ཙ་མིས། རྟགས། ནོར་སྒྲུབ་ཀླུ་སྒྲུབ་ཀྱིས་འགྱུར་དུས་ཀྱི་ཡིག་ཆུང་བཞི་ཕྱིར་རབས་པས་མཛད་པ། ཞེས་གསལ་བའི་ཆོས་ཚན་རྣམས་ཀྱི་མ་ཡིག་མ་རྙེད་ལ། ཆོས་ཚན་འདི་དག་ནི། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་བྱ་རོག་མ་བསྟན་བསྲུང་གི་སྐོར་གྱི་ཆོས་ཚན་ཐོ་ཡིག་གསེར་གྱི་ཐུར་མ་ལས[9]། འདིར་བཀོད་པའི་དཔེ་རྣམས་ (བར་གྱི་གཞུང་ཚིག་ཕལ་ཆེར་མཐུན་ཡང་ལྷད་བཅུག་པས་ལྷག་པ། ཆད་པ་དུ་མས་དེ་ལ་བློ་ཁ་མ་རྫོགས་ནས།) སྔོན་གྱི་དཔེ་ཁང་རྙིང་པ་ཀུན་ནས་དག་པ་དག་པ་བཙལ་ནས་ (བྲིས་བྲིས་པ་རྗེ་ནུས་པར་བྱས་པས།) ཡིད་ཆེས་པར་བྱའོ་ཞེས་པདྨ་དཀར་པོས་སོ། །ཞེས་བྱུང་བས། གོང་གསལ་བསྟན་བཅོས་ ༡༣ ཙམ་ཡོད་པ་འདི་དག་གི་མ་ཡིག་ཀྱང་མ་རྙེད་པས་འོངས་པར་ཐབས་འཚོལ་གྱིས་ཞལ་སྐོང་ཞུ་དགོས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༢བ༤
[2] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༣བ༡
[3] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༤བ༣
[4] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༤བ༦
[5] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༦ན༥
[6] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༥བ༥
[7] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༧བ༢
[8] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༨ན༡
[9] པདྨ་དཀར་པོའི་གསུང་འབུམ། པོད། ༼ཚ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༩ན༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨༡ ནས་ ༢༩༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།