ཉ༽ བསྟན་བཅོས་བརྩམས་པའི་ཕན་ཡོན།
དེ་ལྟ་བུའི་བསྟན་བཅོས་བརྩམས་པའི་ཕན་ཡོན་ནི། ཨ་ལག་ཤ་བསྟན་དར་ལྷ་རམས་པས་ (1759-1831) མཛད་པའི་འཆད་རྩོད་རྩོམ་གསུམ་གྱི་རྣམ་གཞག་ལས[1]། གསུམ་པ་བསྟན་བཅོས་བརྩམས་པའི་ཕན་ཡོན་ནི། ཚེ་འདིར་བསྟན་པ་ལ་བྱ་བ་བྱས་པའི་སྒོ་ནས་མཁས་པ་རྣམས་མགུ་ཞིང་རྗེས་སུ་བཟུང་བ་དང་། ཡ་རབས་རྣམས་དང་ཕྲད་ན་སྐྱེས་ཀྱི་མཆོག་གཉིས་པའི་མཆོད་པར་འགྱུར་བ་དང་།
གཞན་ཡང་། སློབ་དཔོན་དཎྜིས་མཛད་པའི་སྙན་ངག་མེ་ལོང་མ་ལས[2]།
སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །
དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །
ཞེས་གསུངས་པ་ལྟར། དཎྜིའི་དགོངས་རྒྱན་ལས་[3]ཀྱང་། ཇི་ལྟར་སྔོན་གྱི་རྒྱལ་པོ་ང་ལས་ནུ་དང༌། ཟླ་བའི་འོད་དང༌། དཔལ་གྱི་སྡེ་དང༌། ཐམས་ཅད་སྒྲོལ་དང༌། གཙུག་ན་ནོར་བུ་ལ་སོགས་པ་ཆོས་ཀྱི་རྒྱལ་ཐབས་ཆེན་པོ་དེ་དག་གི །རིགས་དང་བསོད་ནམས། སྟོབས་དང་འབྱོར་པ། སྙིང་སྟོབས་དང་བརྩོན་འགྲུས་དཔའ་བ་དང་རྟུལ་ཕོད་པ། ཐོས་པ་དང་གཏོང་བ་ལ་སོགས་པའི་གྲགས་པ་དཀར་པོའི་གཟུགས་བརྙན་གཏམ་དུ་གྲགས་པའི་ངག་གི་རང་བཞིན་མེ་ལོང་དུ་གསལ་ཞིང་རྫོགས་པ་ངེས་པར་ཐོབ་ལ། བསྟོད་ཡུལ་གྱི་རྒྱལ་པོ་དེ་དག་འདས་ནས་ཡུན་རིང་ལོན་པས་ད་ལྟ་ཉེ་བར་མི་གནས་ཀྱང༌། རང་རང་སོ་སོ་ཉིད་ཡོད་པ་ལྟར་སྙན་གྲགས་ཀྱི་གཟུགས་བརྙན་ད་དུང་ཉམས་པ་མེད་པ་འདི་ལྟ་བུ་ལ་ལྟོས་ཤིག་ཅེས་སྒྲུབ་བྱེད་དངོས་སུ་བཀོད་ནས། ཤུགས་ལས་བསྟན་བྱའི་བསྒྲུབ་བྱ། སྙན་ངག་གི་ལུས་རྒྱན་ཕུན་སུམ་ཚོགས་པའི་བསྟན་བཅོས་བརྩམས་ན། དེ་ཉིད་དང་རྩོམ་པ་པོའི་གྲགས་པ་སྲིད་མཐར་ཡང་མི་ཉམས་པ་དཔག་བསམ་འཁྲི་ཤིང་ལྟ་བུའོ་ཞེས་སོགས་ལེགས་པར་བརྩམས་པ་དེ་ཡུན་དུ་གནས་པའི་རྒྱུ་མཚན་མང་དུ་གསུངས་ལ། དེ་བཞིན་ཚེ་འདིའི་འདུ་བྱེད་བཏང་བའི་འོག་ཏུའང་བསྔགས་པར་འོས་པའི་ཡོན་ཏན་དང་བཀའ་དྲིན་གྱི་མིང་ཙམ་ལྷག་མར་ལུས་པའི་ཕྱིར་ཀུན་གྱིས་ཐོས་སྒྲོགས་སུ་གླེང་བའི་མཐའ་མི་མངོན་པའི་ངོས་ནས་མཁས་མིང་གི་གྲགས་པ་མི་ནུབ་པར་འགྱུར་བ་དང་། ཁྱད་པར་དུ་མདོ་ལས[4]།
དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །
བསྐལ་པ་བྱེ་བར་བརྗོད་མཛད་ཀྱང་། །མཐར་ཡང་ཕྱིན་པར་འགྱུར་མ་ལགས། །
ཞེས་གསུངས་པ་ལྟར་དམ་ཆོས་འཛིན་པའི་བསོད་ནམས་ཚད་མེད་པ་ཐོབ་པའི་སྟོབས་ཀྱིས་མ་འོངས་པ་ནའང་བཅུ་ཕྲག་དྲུག་གི་རི་མོས་མཚན་པའི་ཕྱག་རྒྱས་མངོན་པར་བཀྲ་བའི་བཀའ་ཁྲིམས་དྲི་མ་མེད་པས་སྐལ་ལྡན་ཡོངས་ཀྱི་སྲིད་ལ་དབང་བསྒྱུར་ཞིང་། མི་འཇིགས་སེངྒེ་བཞིས་བཏེག་པའི་ཁྲི་འཕང་མཐོན་པོར་སྟོབས་བཅུའི་ཚུལ་ཡོངས་སུ་རྫོགས་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ།།
བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་ (1618-1685) གྱིས་མཛད་པའི་སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་པ་ལས[5]། དང་པོ་རྩོམ་པའི་ཡོན་ཏན་ནི།
འདི་ན་ཀུན་ཏུ་ལྷག་མ་དང༌། །མཆོག་གི་རྗེས་སུ་བསྟན་པ་ཡི། །
ཚིག་རྣམས་ཉིད་ཀྱི་དྲིན་གྱིས་ནི། །འཇིག་རྟེན་ལུགས་ལ་འཇུག་པར་བྱེད། །
འཇིག་རྟེན་འདི་ན་རྣམ་པ་ཀུན་ཏུ་སྐྱོན་ཡོན་འབྱེད་པ་ནི། བསྟན་བཅོས་ཁོ་ན་ལ་རག་ལས་ཏེ་ལེགས་སྦྱར་གྱི་སྐད་ཀྱི་ལྷག་མ་རང་བཞིན་གྱི་སྐད་སོགས་དང༌། མཆོག་བརྡ་སྤྲོད་ཀྱི་བསྟན་བཅོས་བྱེད་པོ་རྣམས་ཀྱིས་བྱིངས་རྐྱེན་ལེགས་པར་སྦྱར་བས་རྗེས་སུ་བསྟན་པའི་སྙན་ཚིག་གི་རིག་པ་རྣམས་ཀྱི་དྲིན་ལས། འཇིག་རྟེན་གྱི་ལུགས་སྡེ་ཆེན་པོ་བཞིའི་སྐྱོན་ཡོན་ཇི་ལྟ་བ་བཞིན་དུ་རྟོགས་ནས། དེ་དང་དེའི་བླང་དོར་གྱི་གནས་མ་འཁྲུལ་བའི་ལུགས་སྲོལ་རྣམ་པར་དག་པ་ལ་འཇུག་པར་བྱེད་ཅེས་པའི་དོན་དང༌། འགྱུར་ཁྱད་ཤོང་སྟོན་ཆེན་པོས། འདི་ན་ཀུན་ཏུ་མཆོག་རྣམས་ཀྱང༌། །ཞེས་པ་ལྟར་ན། འདི་ན་རྣམ་པ་ཀུན་ཏུ་སྙན་ངག་ལ་མཁས་འདོད་ཀྱི་སྐྱེས་བུ་མཆོག་གམ་ཆེན་པོ་རྣམས་ཀྱང༌། གྱ་ཚོམས་སུ་མ་ཡིན་ཏེ་སྔོན་གྱི་སློབ་དཔོན་མཁས་མཆོག་རྣམས་ཀྱིས་རྗེས་སུ་བསྟན་པ། བསྟན་བཅོས་ཁྱད་པར་ཅན་གྱི་ཚིག་གི་དྲིན་གྱིས་བླང་དོར་ཕྱེ་ནས། འཇིག་རྟེན་ལུགས་ཀྱི་འདོད་དོན་ཕུན་སུམ་ཚོགས་པ་ལ་འཇུག་པར་བྱེད་ཅེས་བྱ་བའི་དོན་ཡིན། །ཞེས་གསུངས་པ་ལྟར། འདིར་དཔལ་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱིས་མཛད་པའི་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་བརྒྱ་ཕྲག་བཅུ་ལ་ཉེ་བ་མཛད་པ་རྣམས་ཀྱང་དེ་ཁོ་ན་བཞིན་དུ་གནས་པ་ལགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་དར་ལྷ་རམས་པའི་གསུང་འབུམ། པོད། ༼༢༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༩༣
[2] བསྟན་འགྱུར་དཔེ་བསྡུར་མ། སྒྲ་མདོ། ༼སེ༽ དེབ་ཨང་ ༡༡༠ པ། ཀྲུང་གོའི་བོད་རིག་པ། ༢༠༠༨ ལོ། ཤོག་ ༡༠༢༩
[3] གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོ། ༼༡༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༠༧༡
[4] སྡེ་དགེ་བསྟན་འགྱུར། པོད་ ༨༩ པ། མདོ་སྡེ། ༼པི༽ ཤོག་གྲངས་ ༣༧ན༤
[5] སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༧ ནས་ ༦༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།