ཉ༽ ཀ་མ་ལ་ཤཱི་ལས་བསྟན་བཅོས་མཛད་ཚུལ།
དེ་ཡང་རོང་སྟོན་ཐམས་ཅད་མཁྱེན་པས་ (1367-1449) མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བླ་མ་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས[1]།
རྒྱ་གར་ཤར་ནུབ་བོད་དང་རྒྱ་ནག་གི །རིགས་མིན་སྨྲ་བ་ཐམས་ཅད་ཚར་བཅད་ནས། །
ཐུབ་བསྟན་དྲི་མ་མེད་པར་རྒྱས་མཛད་པ། །པདྨའི་ངང་ཚུལ་ཞབས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་བོད་གངས་ཅན་གྱི་ལྗོངས་སུ་རྒྱལ་བ་རིགས་གསུམ་མགོན་པོའི་སྤྲུལ་པ་ཆོས་རྒྱལ་རིམ་བྱོན་རྣམས་ནས། དང་པོར་བསྟན་པའི་དབུ་བརྙེས། བར་དུ་བསྟན་པའི་སྲོལ་གཏོད། ཐ་མར་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ལས། བསྟན་པ་སྔ་དར་གྱི་དུས་སུ་འཕགས་ཡུལ་གྱི་སློབ་དཔོན་གསེར་གྱི་རི་བོ་ཚར་དུ་དངར་བ་ཕྲེང་བར་བསྒྲིགས་པ་ལྟ་བུ་ཇི་སྙེད་ཅིག་བྱོན་པའི་ནང་ནས་མཁྱེན་རབ་རྣམ་དཔྱོད་ཀྱི་གཤོག་རྩལ་རབ་ཏུ་རྫོགས་པ་མཁས་མཆོག་ཀ་མ་ལ་ཤཱི་ལ་སྟེ་པངྨའི་ངང་ཚུལ་དེ་ཉིད་བོད་གངས་ཅན་གྱི་ལྗོངས་སུ་བྱོན་ནས། ཟབ་དོན་གྱི་གནས་ལ་ལོགས་པར་ཞུགས་པ་རྒྱ་ནག་ཧྭ་ཤང་གིས་སྤེལ་བའི་ཕྱིན་ཅི་ལོག་གི་ལྟ་བ་མཐའ་དག་རྩད་ནས་ཕྱུང་ཞིང་། ཡང་དག་པའི་ལྟ་བ་བསྒོམ་པའི་ཚུལ་གསལ་བར་བྱེད་པའི་གཞུང་ལམ་ཆེན་མོ་དབུ་མའི་སྒོམ་རིམ་རྣམ་གསུམ་དང་། དབུ་མ་སྣང་བ་སོགས་བརྩམས་པར་མཛད་ཅིང་། དེ་དག་གི་བསྟན་དོན་གཙོ་བོ་ཆོས་ཐམས་ཅད་ཐོས་བསམ་གྱི་སྒོ་ནས་བདག་མེད་པའི་ལྟ་བ་གཏན་ལ་འབེབས་ཚུལ་དང་། དོན་དེ་ཉིད་སྟན་ཐོག་གཅིག་ཏུ་ཇི་ལྟར་སྒོམ་ཚུལ་འབྲས་བུ་དང་བཅས་པ་གསལ་བར་མཛད་པའི་བསྟན་བཅོས་མཛད་ཚུལ་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་མཁས་མཆོག་ཀ་མ་ལ་ཤཱི་ལ་ལ་བོད་ཁམས་སུ་བསྟན་པ་ལ་དག་ཐེར་མཛད་ནས་ལྟ་བ་ལོག་པར་སྨྲ་བ་རྣམས་སུན་ཕྱུང་བ་བཀའ་དྲིན་ཆེ་ཞེས་གུས་པས་མཆོད་པ་ཚད་མེད་པ་མཛད་ཅིང་། ལུང་དང་རིགས་པ་དྲི་མ་མེད་པས་ལྟ་ངན་ལོག་པར་སྨྲ་བ་བཀག་པ་དེ་ལྟར་ཕྱི་རབས་ཀྱི་གདུལ་བྱའི་དོན་དུ་ཡི་གེར་འཁོད་པ་ཞིག་དགོས་ཞེས་བསྐུལ་བ་ལྟར། མཁས་མཆོག་ཀ་མ་ལ་ཤཱི་ལས་དབུ་མ་སྒོམ་རིམ་གསུམ་མཛད། སླར་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་བའི་དགོངས་པ་ལེགས་པར་བཀྲལ་བའི་དབུ་མའི་ལྟ་བ་མཐར་ཐུག་པ་འདི་འཇིག་རྟེན་འདིར་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་རིགས་པས་གསལ་བར་མཛད་པའི་བསྟན་བཅོས་ཤིག་མཛད་དགོས་པར་བསྐུལ་ཏེ་མཁས་མཆོག་ཀ་མ་ལ་ཤཱི་ལས་དབུ་མའི་ལམ་བཟང་གསལ་བར་སྟོན་པའི་བསྟན་བཅོས་དབུ་མ་སྣང་བ་མཛད་དོ། །དེས་ན་བྱང་ཆུབ་ལམ་རིམ་ལ་ཉམས་ལེན་སྙིང་པོར་བྱ་འདོད་པ་རྣམས་ཀྱིས་སློབ་དཔོན་ཞི་བ་འཚོ་ཡབ་སྲས་ཀྱིས་མཛད་པའི་དབུ་མ་རྒྱན་རྩ་འགྲེལ་དང་། དབུ་མ་སྒོམ་རིམ་གསུམ་པོ་འདི་དག་ལ་ཡང་དང་ཡང་དུ་བལྟས་ཏེ་ལམ་གྱི་རིམ་པའི་གནད་རྣམས་ལ་ངེས་པ་གཏིང་ཚུགས་པར་བརྙེད་པར་བྱའོ། །ཞེས་གསུངས་པ་ལྟར་རོ།།
དེ་ལྟར་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་ཤེར་ཕྱིན་དང་། དབུ་མ། མདོ་སྡེ། འདུལ་བ། སྤྲིང་ཡིག །ཚད་མ། སྣ་ཚོགས་བཅས་སྡེ་ཚན་བདུན་གྱི་ནང་དུ་བཞུགས་པ་ལས། དང་པོ་ཤེར་ཕྱིན་གྱི་སྐོར་ལ། ༡༽ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་རྒྱ་ཆེར་བཤད་པ་དང་། ༢༽ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་པ། ༣༽ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་ཞེས་བྱ་བའི་འགྲེལ་པ་བཅས་གསུམ་དང་། གཉིས་པ་དབུ་མའི་སྐོར་ལ། ༤༽ དབུ་མ་རྒྱན་གྱི་དཀའ་འགྲེལ་དང་། ༥༽ དབུ་མ་སྣང་བ་ཞེས་བྱ་བ། ༦༽ དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༧༽ ཆོས་ཐམས་ཅད་རང་བཞིན་མེད་པ་ཉིད་དུ་གྲུབ་པ། ༨༽ བྱང་ཆུབ་ཀྱི་སེམས་བསྒོམ་པ། ༩༽ བསྒོམ་རིམ་དང་པོ། ༡༠༽ བསྒོམ་རིམ་བར་མ། ༡༡༽ བསྒོམ་རིམ་མཐའ་མ། ༡༢༽ རྣལ་འབྱོར་བསྒོམ་པ་ལ་འཇུག་པ་བཅས་ཆོས་ཚན་དགུ།
གསུམ་པ་མདོ་སྡེའི་སྐོར་ལ། ༡༣༽ འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ་དང་། ༡༤༽ འཕགས་པ་སཱ་ལུ་ལྗང་པའི་མདོ་སྡེའི་རྒྱ་ཆེར་འགྲེལ་པ་གཉིས། བཞི་པ་འདུལ་བའི་སྐོར་ལ། ༡༥༽ དགེ་སྦྱོང་གི་ཀཱ་རི་ཀཱ་ལྔ་བཅུ་པ་མདོ་ཙམ་དུ་བརྗོད་པ། ལྔ་པ་སྤྲིང་ཡིག་གི་སྐོར་ལ། ༡༦༽ ལྷོ་ཟ་མོ་ཚངས་དབྱངས་ལ་སྡུག་བསྔལ་གྱི་བྱེ་བྲག་བསྟན་པ་དང་། ༡༧༽ དད་སྐྱེད་སྒྲོན་མ་གཉིས། དྲུག་པ་ཚད་མའི་སྐོར་ལ། ༡༨༽ རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ་དང་། ༡༩༽ དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་གཉིས། བདུན་པ་སྣ་ཚོགས་ཀྱི་སྐོར་ལ། ༢༠༽ སློབ་དཔོན་ཀ་མ་ལ་ཤཱི་ལའི་སྨོན་ལམ་མུ་གཉིས་མ་བཅས་ཁྱོན་བསྡོམས་ཆོས་ཚན་གྲངས་ ༢༠ མཛད་པ་རྣམས་ད་ལྟ་བསྟན་འགྱུར་དུ་བཞུགས་སོ།།
གཞན་ཡང་འབྲི་གུང་རིག་འཛིན་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་བཀའ་འགྱུར་གྱི་དཀར་ཆག་གསལ་བར་བཀོད་པ་ཆོས་ཀྱི་རྣམ་གྲངས་ལེགས་པར་རྟོགས་བྱེད་ལས[3]། ལེའུ་ཞེ་བདུན་པ་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པ་བམ་པོ་གསུམ་པ། པཎྜི་ཏ་ཀ་མ་ལ་ཤཱི་ལ་དང༌། ལོ་ཙཱ་བ་དྷརྨ་ཏཱ་ཤཱི་ལས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། ཞེས་དང་། གཞན་ཡང་ཉང་རལ་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དམ། ཡོངས་གྲགས་ཉང་ཆོས་འབྱུང་ལས[4]། སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། རྨ་རིན་ཆེན་མཆོག་གིས་དཔང་སྐོང་ཕྱག་སྟོང་པ་ལ་སོགས་པ་དང་། མདོ་སྡེ་རྒྱ་ནག་མ་ལ་སོགས་པ་མང་དུ་བསྒྱུར་རོ། །ཞེས་གསལ་བ་ལྟར་འགྱུར་གཞུང་ཡང་མང་དུ་བཞུགས་པ་འདི་དག་གིས་སློབ་དཔོན་ཆེན་པོ་པདྨའི་ངང་ཚུལ་མཆོག་ཉིད་བོད་ལྗོངས་སུ་རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་མཛད་རྗེས་མཁན་ཆེན་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས་སོགས་དང་མཚུངས་པར་བྱུང་བས་བོད་རིགས་སྐྱེ་འགྲོ་ཡོངས་ཀྱིས་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད་པ་འཇོག་པ་གནང་ཡོད་དོ།། །།

(བསམ་ཡས་གཙུག་ལག་ཁང་གི་ནང་རྟེན་དུ་བཞུགས་པའི་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཕྱག་འཁར།)
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༠༨
[2] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༩༩
[3] ཆོས་ཀྱི་གྲགས་པའི་གསུང་འབུམ། ༼ཁ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༧༦ན༥
[4] ཉང་རལ་ཆོས་འབྱུང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༨༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༠༩ ནས་ ༤༡༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།