གསུམ་པ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར། ཀ༽ བུདྡྷཿཔཱ་ལི་ཏའི་དག་སྡེབ་སྐོར།

གསུམ་པ། སློབ་དཔོན་སངས་རྒྱས་བསྐྱངས་ ༼བུདྡྷཿཔཱ་ལི་ཏ།༽ ཀྱི་རྣམ་ཐར།

ཀ༽ བུདྡྷཿཔཱ་ལི་ཏའི་དག་སྡེབ་སྐོར།

 

ཀླུ་སྒྲུབ་དགེ་འདུན་སྲུང་བསྟེན་མཁས་པར་གྱུར། །རྣམ་བཤད་མང་མཛད་ཐེག་པ་ཆེན་པོར་ཞུགས། །

འཇམ་དབྱངས་ཞལ་གཟིགས་རིག་འཛིན་གནས་སུ་གཤེགས། །འཇིགས་བྲལ་སངས་རྒྱས་བསྐྱངས་ལ་གུས་ཕྱག་འཚལ། །

ཞེས་བསྟོད་ཕྱག་སྔོན་དུ་འགྲོ་བའི་ཐོག་ནས་སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་བུདྡྷཿཔཱ་ལི་ཏ་ (बुद्धपालित) (Buddhapālita) དང་། རྒྱ་སྐད་ཀྱི་མཚན་ལ་ (佛護) བོད་སྐད་ཀྱི་མཚན་ལ་སངས་རྒྱས་བསྐྱངས་ཞེས་ཞུ་ཞིང་། སངས་རྒྱས་ཞེས་པའི་ཐ་སྙད་འདི་ནི་ལེགས་སྦྱར་གྱི་བུདྡྷཿ ཞེས་པ་བོད་བསྒྱུར་གནང་བ་ཞིག་ཡིན་ལ། དེ་ཡང་དུས་རབས་བདུན་པའི་དུས་དཀྱིལ་ཙམ་ནས་སློབ་དཔོན་ཐོན་མི་སཾ་བྷོ་ཊས་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་ལེགས་སྦྱར་ནས་བོད་བསྒྱུར་མཛད་པ་ནས་བཟུང་བོད་ཡིག་ཐོག་ཏུ་སངས་རྒྱས་ཞེས་པའི་ཐ་སྙད་འདི་ཉིད་བྱུང་བ་ཞིག་དང་། ཚིག་འདིའི་འགྲེལ་བཤད་ཀྱང་དུས་རབས་བརྒྱད་པ་དང་དགུ་པར་མཛད་པའི་སྒྲ་སྦྱོར་བ་ལ་ཉེ་བར་མཁོ་བའི་སྐད་གཉིས་ཤན་སྦྱར་སྒྲ་སྦྱོར་བམ་གཉིས་སུ་ཚིག་འགྲེལ་མཛད་པ་ནི་བོད་ཀྱི་ཡི་གེའི་ཐོག་ཏུ་བུདྡྷཿ སྟེ་སངས་རྒྱས་ཞེས་པའི་ཐ་སྙད་ལ་འགྲེལ་བཤད་མཛད་པ་ཐོག་མའི་གྲས་ཡིན་འདུག

ལེགས་སྦྱར་གྱི་པཱལིཏ་ཞེས་པ་ནི་བསྐྱངས་ཀྱི་སྐད་དོད་དང་། པཱལིཏཿ གནས་སུ་བསྐྱལ་བ་ལ་འཇུག་པར་གསལ་བས་རྣམ་བཅད་ཡོད་མེད་ལའང་ཁྱད་པར་ཆེ་ཞིང་། ལེགས་སྦྱར་གྱི་བུདྡྷཿ སངས་པ་དང་རྟོགས་ལྡན་ལ་འཇུག་ཅིང་། བུདྷཿ གཟའ་ལྷག་པ་ལ་འཇུག་པ་སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་[1]དང་། སཾ་བོད་སྐད་གཉིས་ཤན་སྦྱར་[2] གཉིས་སུ་གསལ་ཡང་། བོད་ཀྱི་མཁས་པ་དག་གིས་མཛད་པའི་རྒྱལ་རབས་ཆོས་འབྱུང་དང་། ནང་དོན་རིག་པའི་གཞུང་ལུགས་ཁག་ཏུ་བུདྷཿདང་བུདྡྷཿགཉིས་ཀ་གདམ་ངའི་ཚུལ་དུ་བཀོལ་སྤྱོད་གནང་འདུག་ཅིང་། རྣམ་བཅད་ཀྱང་མེད་པ་ཤས་ཆེའོ།།

དེ་བཞིན་འདུལ་བའི་ཚིག་མཛོད་ལས[3]། བུདྡྷཿཔཱ་ལ། སངས་རྒྱས་བསྐྱངས་ཏེ། རྒྱ་གར་གྱི་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་སྨྲ་བའི་སློབ་དཔོན་ཞིག །ཅེས་དང་། བོད་རྒྱ་ཚིག་མཛོད་ཆེན་མོར་ཡང་དེ་ལྟར་གཅིག་མཚུངས་སུ་གསལ་འདུག་ཀྱང་། པཱ་ལ་ཞེས་པ་དཔེར་ན་དྷརྨ་པཱ་ལ་སྟེ། བོད་སྐད་དུ་དཔལ་ལྡན་ཆོས་སྐྱོང་ཞེས་སྐྱོང་ལ་འཇུག་པ་གཙོ་ཆེ་བས་ཞིབ་ཆ་བྱས་ན་མི་མཐུན་པ་ཤིན་ཏུ་མང་ལ། གཞན་ཡང་སྒྲ་པ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་ཀ་ལཱ་པའི་རྣམ་པར་བཤད་པ་ལེགས་སྦྱར་སྣང་བའི་སྒྲོན་མེ་ལས[4]། གསུམ་པ་བསྡུས་པ་ནི། སངས་རྒྱས་ཀྱིས་བསྐྱངས་པ་ལ། སངས་རྒྱས་བསྐྱངས་ནི། བུད་དྷེ་ན་པཱ་ལི་ཏཱ་ལ་བུད་པཱ་ལི་ཏ། ཞེས་རྣམ་དབྱེ་གསུམ་པས་བསྡུས་མིན་གྱི་ཁྱད་པར་ཡིན་པར་གསུངས་སོ།།

ཡང་དབྱངས་ཅན་དགའ་བའི་བློ་གྲོས་ (1740-1827) ཀྱིས་མཛད་པའི་བྱང་ཆུབ་ལམ་རིམ་ཆེན་པོ་ལས་བྱུང་བའི་བརྡ་བཀྲོལ་ཉེར་མཁོ་བསྡུས་པ་ལས[5]། བུདྡྷཱ་པཱ་ལི་ཏ་ནི། སངས་རྒྱས་བསྐྱངས་ཞེས་པ་སྟེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་རྩ་ཤེའི་འགྲེལ་པ་ལ་སློབ་དཔོན་གྱི་མཚན་བཏགས་པའོ། །ཞེས་གསུངས་པ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་ཞེས་པའི་མཚན་ནི། ལེགས་སྦྱར་གྱི་བུདྡྷཿཔཱ་ལི་ཏ་ཞེས་པ་བོད་སྐད་དུ་སློབ་དཔོན་སངས་རྒྱས་བསྐྱངས་ཏེ། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་བསྟན་བཅོས་ལ་གཞུང་དེ་ཉིད་ཀྱི་མཛད་པ་པོའི་ཆ་ནས་མཚན་བཏགས་པས་བུདྡྷཿཔཱ་ལི་ཏ་ཞེས་གྲགས་ལ། དེ་བཞིན་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཁན་པོ་དང་། སློབ་དཔོན་ཡེ་ཤེས་འོད་ལས་རབ་ཏུ་བྱུང་བའི་མཚན་ལ་སློབ་དཔོན་རང་ཉིད་ཀྱི་མཚན་ཟུར་ལས་དྲངས་ཏེ་སངས་རྒྱས་ཡེ་ཤེས་སུ་མཚན་བཏགས་པ་ལྟར་རོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  སཾ་བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༤༢༥

[2]  སཾ་བོད་སྐད་གཉིས་ཤན་སྦྱར། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༥༠༥

[3]  འདུལ་བའི་ཚིག་མཛོད། དགེ་བཤེས་ཚེ་དབང་ཉི་མ། ཐེ་ཝན་དེབ་གཟུགས། ༢༠༠༩ ལོ། ཤོག་གྲངས་ ༦༦༩

[4]  སྟག་ཚང་ལོ་ཙཱ་བའི་གསུང་འབུམ། པོད། ༼༧༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༡༣༣

[5]  དབྱངས་ཅན་དགའ་བློའི་གསུང་འབུམ། ༼ཀ༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༠༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧༡ ནས་ ༡༧༣ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *