ག༽ འཕགས་པ་ཐོགས་མེད་ཀྱི་སྐུ་ཡི་ཆ་ལུགས།

ག༽ འཕགས་པ་ཐོགས་མེད་ཀྱི་སྐུ་ཡི་ཆ་ལུགས།

 

དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་ཕྱག་འཚལ་བ་ལས[1]།

རྣམ་བཀྲའི་གཟུགས་ལ་མིག་གིས་ལྟ་བ་བཞིན། །རྣམ་མང་རྒྱལ་བའི་གསུང་རབ་ཇི་སྙེད་ལ། །

རྣམ་དག་མཁྱེན་པ་ཐོགས་པ་མེད་འཇུག་པ། །ཐོགས་མེད་སྐུ་མཆེད་ཞབས་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་པ་རྒྱ་ཆེར་མཛད་ཡུལ་གྱི་འཕགས་པ་ཐོགས་མེད་ནི། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ནང་ཚན་ཡིན་ཅིང་། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་སེམས་ཙམ་པའི་གྲུབ་མཐའི་སྲོལ་གསར་གཏོད་གནང་མཁན་ཡིན་པས་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཀྱི་ནང་ཚན་གཅིག་ཏུ་བགྲངས་སྲོལ་ཡོད་པའི་སློབ་དཔོན་འདི་ཉིད་ཀྱི་སྐུའི་བཞུགས་སྟངས་དང་ཆ་ལུགས་ནི། གཏེར་ཆེན་རིག་འཛིན་ཉི་མས་ (1931-?) མཛད་པའི་འཕགས་པ་ཐོགས་མེད་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན་ལས[2]།

གཉིས་འཛིན་བྲལ་བ་ཆོས་ཀྱིས་དབྱིངས༔ འཛིན་རྟོག་བྲལ་བའི་པཎྜི་ཏ༔

ཕྱག་གཡས་ཆོས་འཆད་ཕྱག་རྒྱ་མཛད༔ གཡོན་པས་མཉམ་བཞག་པོ་ཏི་འཛིན༔

ཞབས་གཉིས་སྐྱིལ་མོ་ཀྲུང་གིས་བཞུགས༔ རིགས་བདག་བྱམས་པ་མགོན་པོ་ལས༔

བདུད་རྩི་ཆོས་ཀྱི་ཆར་ཆེན་འབེབས༔ ལུང་དང་རྟོགས་པའི་མན་ངག་འཆང་༔

དམ་ཆོས་མངོན་པའི་འཆར་སྒོ་ཕྱེས༔ རིག་ཀློང་ཆོས་ཀྱི་གཏེར་ལ་སྤྱོད༔

དོན་གཉིས་ལྷུན་འགྲུབ་དངོས་གྲུབ་ཞུགས༔ དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག༔

ཅེས་གསུངས་པ་ལྟར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་སྐུའི་སྣང་བརྙན་གསལ་བར་བྱེད་པའི་མེ་ལོང་ལས[3]། འཕགས་པ་ཐོགས་མེད་ཕྱག་གཡས་ཆོས་འཆད། གཡོན་མཉམ་བཞག །ཞབས་གཡོན་སྐྱིལ་ཀྲུང་ཞབས་མཐིལ་ཕྱིར་བསྟན་པའི་སྟེང་དུ་གཡས་སྐྱིལ་ཀྲུང་གི་རྣམ་པ་ཅན། གཞོགས་གཡོན་དུ་ཟ་མ་ཏོག་ཡོད་པ། སྐུ་ལ་ཆོས་གོས་དང་དབུ་པཎ་ལག་རིང་གསོལ་བ་དྲང་བཞུགས། ཞེས་གསལ་བ་ལྟར། བོད་ལུགས་ཀྱི་བྲིས་ཐང་དུ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏའི་མཚོན་དོན་དུ་པཎ་ཞྭ་དམར་པོ་གསོལ་ཞིང་། དེ་ཡང་སྡེ་སྣོད་གསུམ་ལ་མཁས་པའི་མཚོན་བྱེད་དུ་སྐེད་འཆིང་གསུམ་དང་ལྡན་པ། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གྱིས་བརྒྱན་པ། འཆད་པའི་མཛད་པ་མཚོན་བྱེད་དུ་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། སྒྲུབ་པ་ཉམས་བཞེས་ཀྱི་རྣམ་ཐར་མཚོན་པའི་བརྡར་ཕྱག་གཡོན་མཉམ་བཞག་གི་ཕྱག་རྒྱས་གསུང་གི་མཛད་པ་མཚོན་སླད་གླེགས་བམ་བསྣམས་པ། རྒྱལ་བ་མི་ཕམ་པ་ཞལ་གཟིགས་བྱུང་བའི་མཚོན་དོན་དུ་སྟེང་གི་ནམ་མཁར་རྒྱལ་ཚབ་བྱམས་པ་མགོན་པོ་སྤྲིན་གསེབ་ནས་ཞལ་གཟིགས་པའི་རྣམ་པ་དང་། བཞུགས་གདན་འབོལ་རྩེག་གི་སྟེང་དུ་གདིང་བའི་སྟན་ལ་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་གི་ཚུལ་དུ་བཞུགས་པའི་རྣམ་པ་ཅན་ནམ། བྲིས་ཆ་ལ་ལར་ཞབས་གཉིས་པད་ཟླའི་སྟེང་དུ་བཞུགས་པའི་རྣམ་པ་ཅན་ནོ།།

གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[4]། སློབ་དཔོན་བདག་ཉིད་ཆེན་པོ་འདིའི་སྐུ་ལ་མཚན་དཔེ་རྗེས་མཐུན་པ་ཡོད་པ་དང༌། དགུང་ལོ་བརྒྱ་ཕྲག་བརྒལ་བའི་ཚེ་ནའང་སྐུ་ལ་སྐྲ་དཀར་དང་གཉེར་མ་མེད་ཅིང་། གཞོན་ནུའི་ཉམས་ལྟར་སྐུ་བལྟ་བས་ཆོག་མི་ཤེས་ཤིང་གཞོན་ཤ་ཆགས་པ་ཞིག་ཡོད་པར་བཤད། ཅེས་གསུངས་པ་ལྟར་རོ།།  །།

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  རྗེ་ཙོང་ཁ་པའི་གསུང་འབུམ། ཐོར་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་ ༦ ནས་ ༧ བར།

[2]  རིག་འཛིན་ཉི་མའི་གཏེར་འབུམ། པོད། ༼ཨ་པ།༽ དབུ་མེད། ཤོག་གྲངས་ ༤༩ ནས་ ༥༨ བར།

[3]  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༣༠༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༤༢

[4]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༧༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༩ ནས་ ༤༥༡ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *