ག༽ མཛད་པ་པོའི་མཚན་དང་། བསྒྱུར་བྱའི་སྐད་ཡིག
སློབ་དཔོན་ཕྱོགས་གླང་གིས་མཛད་པའི་གསུང་རྣམས་བསྟན་འགྱུར་གྱི་སྡེ་ཚན་བཅུ་གསུམ་ལས། བསྟོད་ཚོགས་ཁོངས་སུ་ཆོས་ཚན་ ༤ དང་། རྒྱུད་ལ་ ༣། ཤེར་ཕྱིན་ལ་ ༡། མདོ་སྡེ་ལ་ ༡། སེམས་ཙམ་ལ་ ༡། མངོན་པ་ལ་ ༡། ཚད་མ་ལ་ཆོས་ཚན་ ༨ བཅས་སྡེ་ཚན་བདུན་གྱི་ཁོངས་སུ་ཚད་མ་ཀུན་ལས་བཏུས་པ་རྩ་འགྲེལ་གཉིས་ལ་འགྱུར་མི་འདྲ་བ་གཉིས་རེ་བཞུགས་ཀྱང་ཆོས་ཚན་རེར་བརྩིས་པར་ཁྱོན་གསུང་ཆོས་ཚན་ ༡༩ བཞུགས་ཤིང་།
གསུང་བཟང་ཁག་གི་མཇུག་བྱང་དང་། བསྟན་འགྱུར་དཀར་ཆག་དང་བཅས་པར་མཛད་པ་པོའི་མཚན་སློབ་དཔོན་ཆེན་པོ་ཕྱོགས་གླང་དང་། ཕྱོགས་ཀྱི་གླང་པོ་ཞེས་གསལ་བ་གཅིག་གྱུར་ལས། ལེགས་སྦྱར་གྱི་མཚན་འཁོད་པའི་གསུང་མི་སྣང་ལ། མཚན་གྱི་རྣམ་གྲངས་གཞན་ཡོད་པའང་མི་གསལ་ལོ།།
བསྟན་འགྱུར་གྱི་ཚད་མ་ ༼ཅེ༽ པར་བཞུགས་པའི་ཚད་མའི་བསྟན་བཅོས་རིགས་པ་ལ་འཇུག་པ་ཞེས་བྱ་བ། རྒྱ་གར་ལས་རྒྱའི་ལོ་ཙཱ་བ་ཐང་སཾ་ཙང་གིས་རྒྱའི་སྐད་དུ་བསྒྱུར་བ་ལས། སླད་ཀྱིས་རྒྱའི་དགེ་བཤེས་སིང་གྱང་ཇུས་དང༌། བོད་ཀྱི་དགེ་བའི་བཤེས་གཉེན་སྟོན་གཞོན་གྱིས་བོད་སྐད་དུ་བསྒྱུར་ཅིང༌། ཕྱིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ལས་རབ་ཏུ་བྱུང་བ་རྒྱ་ནག་ཆེན་པོའི་ལྷའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་རྒྱའི་དཔེ་དང་བོད་ཀྱི་དཔེ་གཉིས་པོ་ལེགས་པར་གཏུགས་ཤིང་བཅོས་ཏེ་དག་པར་བསྒྱུར་བ་འདི་ཉིད་མ་གཏོགས་དེ་འཕྲོས་སློབ་དཔོན་འདིས་མཛད་པའི་གསུང་བཟང་ཡོངས་རྫོགས་ལེགས་སྦྱར་སྐད་ནས་བོད་སྐད་དུ་བསྒྱུར་བ་ཤ་སྟག་གོ། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༧ ནས་ ༣༧༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།