༨༽ སློབ་དཔོན་ཡོན་ཏན་བློ་གྲོས་ཀྱི་རྣམ་ཐར།

༨༽ སློབ་དཔོན་ཡོན་ཏན་བློ་གྲོས།

 

དེ་ཡང་སློབ་དཔོན་ཡོན་ཏན་བློ་གྲོས་ཞབས་ནི། ལེགས་སྦྱར་གྱི་མཚན་དུ་གུ་ན་མ་ཏི་ (Gunamati) ཞེས་སུ་གྲགས་ལ། ཕྱི་ལོའི་དུས་རབས་ལྔ་པ་དྲུག་པའི་ནང་དུ་བྱོན་པ་དང་། ཡུལ་གང་དུ་སྐུ་འཁྲུངས་པ་སོགས་ཁོང་གི་རྣམ་ཐར་ནི། ཁང་དཀར་གྱི་དེབ་སྔོན་གསར་མ་ལས[1]། སྡེ་སྣོད་གསུམ་པ་ཧྱན་ཙང་གི་རྒྱ་གར་ལམ་ཡིག་ལྟར་ན།

སློབ་དཔོན་ཡོན་ཏན་བློ་གྲོས་ནི་རྒྱ་གར་ལྷོ་ཕྱོགས་སུ་སྐུ་བལྟམས་ཤིང་། ཆོས་གྲྭ་ཆེན་པོ་དཔལ་ནཱ་ལེནྡྲར་གཞུང་ལུགས་ལ་སློབ་གཉེར་མཛད། དེ་ནས་རྒྱ་གར་ནུབ་ཕྱོགས་ཝ་ལ་བྷི་ལ་འགྲོ་དོན་མཛད། གྲངས་ཅན་གྱི་མཱ་དྷ་ཝ་དང་རྩོད་པས་རྩོད་པ་ལས་རྒྱལ་ཞེས་གསལ་ལོ་ཞེས་བྱུང་ལ། དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། སློབ་དཔོན་ཡོན་ཏན་བློ་གྲོས་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པས། མངོན་པ་མཛོད་ཀྱི་འགྲེལ་བཤད་དང་། དབུ་མ་རྩ་བ་ལ་བློ་བརྟན་གྱི་རྗེས་སུ་འབྲངས་ཏེ་ལེགས་ལྡན་འགོག་པའི་འགྲེལ་པ་བྱས། ལེགས་ལྡན་གྱི་སློབ་མ་སཾ་པྲ་དཱུ་ཏཿཡང་འདི་དང་དུས་མཉམ་དུ་བྱུང་། ཤར་ཕྱོགས་པ་ལ་པཱུ་རིར་རྩོད་པ་ཡུན་རིང་དུ་བྱས་པས་ཡོན་ཏན་བློ་གྲོས་རྒྱལ་ལོ་ཞེས་གྲགས་སོ། །ཞེས་བྱུང་བ་ལྟར། ཆོས་མངོན་པ་མཛོད་ཀྱི་འགྲེལ་བྱེད་མང་དུ་བྱོན་པ་ལས། སློབ་དཔོན་ཡོན་ཏན་བློ་གྲོས་དང་། སློབ་དཔོན་བློ་གྲོས་བརྟན་པ། སློབ་དཔོན་གང་བ་སྤེལ་བ་བླ་སློབ་གསུམ་ལ་ཡོན་བློ་གང་གསུམ་ཞེས་ཞུ་ཞིང་། སློབ་དཔོན་གང་སྤེལ་གྱིས་མཛད་པའི་མཚན་ཉིད་རྗེས་འབྲང་ཞེས་བྱ་བའི་ཆོས་མངོན་པ་མཛོད་ཀྱི་ཊཱིཀཱ་ནི་སློབ་དཔོན་བློ་བརྟན་གྱིས་མཛད་པའི་དོན་གྱི་དེ་ཁོ་ན་ཉིད་ཅེས་པའི་མཛོད་ཀྱི་ཊཱིཀཱའི་བསྡུས་དོན་ཡིན་པར་གསུངས་ཀྱང་བརྟག་དགོས་པར་སྣང་ལ། སློབ་དཔོན་བློ་བརྟན་གྱི་བླ་མར་གྱུར་པའི་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཚན་ཉིད་རྗེས་འབྲང་ཞེས་བྱ་བའི་མཛོད་ཀྱི་ཊཱིཀཱ་མཛད་པ་དེ་ཉིད་རྒྱའི་སྐད་དུ་བསྒྱུར་ཡོད་ཀྱང་། དེ་ཉིད་བོད་ཀྱི་སྐད་དུ་བསྒྱུར་མེད་པར་མ་ཟད། ལེགས་སྦྱར་སྐད་དུ་བཞུགས་པ་ཡང་མཁས་པ་རྣམས་ལ་མ་གྲགས་སོ།།

ཡང་ཁང་དཀར་གྱི་དེབ་སྔོན་གསར་མ་ལས[3]། སློབ་དཔོན་བློ་བརྟན་སྐོར་ལ་རྣམ་པ་རིག་པ་ཙམ་དུ་གྲུབ་པའི་འགྲེལ་པ་བམ་པོ་དང་པོར་སློབ་དཔོན་ཆོས་སྐྱོང་ (530-561) དང་མི་རབས་གཅིག་པ་དང་དགུང་ལོ་བགྲེས་པ་དང་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱི་སློབ་མ་ཡིན་པར་གསལ། ཞེས་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་གི་བླ་མ་ཡིན་པར་གསལ་ཞིང་། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[4]། ཡོན་ཏན་འོད་ཀྱི་སློབ་མ་མངོན་པ་བ་ཡོན་ཏན་བློ་གྲོས་དང༌། སློབ་དཔོན་ཆོས་སྐྱོང་དང༌། དབང་ཕྱུག་སྡེ་དང༌། ཁ་ཆེའི་ཡུལ་དུ་ཐམས་ཅད་མཁྱེན་པའི་བཤེས་གཉེན་དང༌། མ་ག་དྷར་རྒྱལ་པོ་བྷརྵའི་བུ་ཆུང་བ་རྒྱལ་པོ་གསལ་བ་ཞེས་བྱ་བ་ཡུལ་འཁོར་རྒྱ་ཆུང་ཡང་ལོངས་སྤྱོད་ཤིན་ཏུ་ཆེ་བ་དང་བཅས་པ་བྱུང་ཞིང༌། ཞེས་སློབ་དཔོན་ཡོན་ཏན་བློ་གྲོས་ནི་སློབ་དཔོན་ཡོན་ཏན་འོད་ཀྱི་སློབ་མ་དང་། དཔལ་ལྡན་ཆོས་སྐྱོང་གི་བླ་མ་མངོན་པ་ལ་མཁས་པ་ཞིག་ཡིན་པར་གསུངས་ཤིང་། དེ་བཞིན་རྒྱ་གར་སྲིད་འཛིན་ (Dr. Rajendra Prasad) མཆོག་གི་གསུང་བཤད་ལས[5]། ཨ་ཙརྱ་ཤཱི་ལ་བྷ་དྲའི་སྔོན་དུ་འདི་གའི་གཙོ་བོ་དྷརྨ་པཱ་ལ་ཞེས་པ་རེད། རྒྱ་ནག་ཡུ་ཝན་ཅང་གི་དུས་སུ་ཨ་ཙརྱ་ཤཱི་ལ་བྷ་དྲ་དང་། པྲ་མ་མི་ཏྲ་དང་། སྠི་ར་མ་ཏི་དང་། གུ་ཎ་མ་ཏི་ལ་སོགས་པ་འདི་གའི་མཁན་པོའི་གཙོ་བོ་ཡིན་འདུག །ཅེས་སྐབས་དེར་མཁན་པོ་གཙོ་བོ་གྲས་སུ་མཚན་གསལ་ཡང་། བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་ཁག་ཏུ་མཁན་པོ་མཛད་ཚུལ་མི་གསལ་ཡང་། བསོད་ནམས་རྒྱལ་མཚན་གྱིས་རྩོམ་སྒྲིག་གནང་བའི་རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས་ལས[6]། དཔལ་ལྡན་ནཱ་ལེནྡྲའི་མཁན་པོའི་ཐོག་མ་ནི་ཡོན་ཏན་བློ་གྲོས་དང་། ཆོས་སྐྱོང་ཡིན་པ་དང་། སློབ་དཔོན་ཆེན་པོ་ཆོས་སྐྱོང་ནི་ཕྱི་ལོ་ ༥༣༠ ནས་ ༥༦༡ ལོའི་བར་འཚོ་གཞེས་ཡོད་ལ། གུཔྟའི་རྒྱལ་རབས་ཕྱི་མ་ནི་ཕྱི་ལོ་ ༥༣༥ ནས་ ༧༣༠ ལོའི་བར་ཡིན་པས་སོ་ཞེས་གསལ་བས། མཁན་པོ་མཛད་ཚུལ་ཡིག་ཆ་འགའ་ཞིག་ནང་ཡོད་འདུག་ཀྱང་ཁོ་བོས་མ་མཇལ་ལོ།།

ཅོ་ནེ་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་རྒྱལ་རབས་དང་འབྲེལ་བའི་རྒྱ་བོད་ཆོས་འབྱུང་དགོས་འདོད་ཀུན་འབྱུང་ལས[7]། སློབ་དཔོན་ཡོན་ཏན་བློ་གྲོས་ནི། རིག་གནས་ཐམས་ཅད་དང་མངོན་པ་ལ་མཁས། བློ་བརྟན་གྱི་རྗེས་སུ་འབྲངས་ནས་ལེགས་ལྡན་འགོག་པའི་འགྲེལ་པ་ཡང་བྱས། ཞེས་གསུངས་པ་ལྟར་སློབ་དཔོན་ཡོན་ཏན་བློ་གྲོས་ནི་གཞུང་ཆེན་བཀའ་པོད་ལྔ་ལས་མངོན་པ་ལ་མཁས་པར་གྲགས་པས། མངོན་པ་སོགས་ཀྱི་བསྟན་བཅོས་ཇི་ལྟར་མཛད་པ་ནི། དེ་ཉིད་ལས[8]། སློབ་དཔོན་ཡོན་ཏན་བློ་གྲོས་ནི། རིག་པའི་གནས་ཐམས་ཅད་ལ་མཁས་པས། མངོན་པ་མཛོད་ཀྱི་འགྲེལ་བཤད་དང༌། དབུ་མ་རྩ་བ་ལ་བློ་བརྟན་གྱི་རྗེས་སུ་འབྲངས་ཏེ་ལེགས་ལྡན་འགོག་པའི་འགྲེལ་པ་བྱས། ལེགས་ལྡན་གྱི་སློབ་མ་སཾ་པྲ་དཱུ་ཏཿཡང་འདི་དང་དུས་མཉམ་དུ་བྱུང༌། ཤར་ཕྱོགས་པ་ལ་པཱུ་རིར་རྩོད་པ་ཡུན་རིང་དུ་བྱས་པས་ཡོན་ཏན་བློ་གྲོས་རྒྱལ་ལོ་ཞེས་གྲགས་སོ། །ཞེས་གསལ་བ་ལྟར་ལས་རྣམ་ཐར་རྒྱས་པ་མ་རྙེད་དོ།།

འོན་ཀྱང་བསོད་ནམས་རྒྱལ་མཚན་གྱིས་རྩོམ་སྒྲིག་གནང་བའི་རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས་ལས[9]། ཕྱོགས་མང་པོ་ཞིག་ནས་བརྟག་ཞིབ་བྱས་པ་ལྟར་ན། ཐང་ཟན་ཙང་གིས་སྟོན་པ་འདས་ནས་ཅུང་མ་འགོར་བར་བཞེངས་པར་གསུངས་པ་ནི་འཐད་པར་མ་མཐོང་ཞིང་། གུཔྟའི་རྒྱལ་རབས་ཕྱི་མའི་སྐབས་ཀྱི་རྒྱལ་པོ་བྷུརཱ་དིཏྱ་སྟེ་སྒྱུ་མའི་ཉི་མས་བཞེངས་པར་བཤད་པ་བདེན་ཤས་ཆེ་བར་སྣང་། རྒྱུ་མཚན་ནི། ད་ལྟ་མཐོང་ཆོས་སུ་ཡོད་པའི་དཔྱད་གཞི་ཡིག་རིགས་ནང་དུ། དཔལ་ལྡན་ནཱ་ལེནྡྲའི་མཁན་པོའི་ཐོག་མ་ནི་ཡོན་ཏན་བློ་གྲོས་དང་། ཆོས་སྐྱོང་ཡིན་པ་དང་། སློབ་དཔོན་ཆེན་པོ་ཆོས་སྐྱོང་ནི་ཕྱི་ལོ་ ༥༣༠ ནས་ ༥༦༡ ལོའི་བར་འཚོ་གཞེས་ཡོད་ལ། གུཔྟའི་རྒྱལ་རབས་ཕྱི་མ་ནི་ཕྱི་ལོ་ ༥༣༥ ནས་ ༧༣༠ ལོའི་བར་ཡིན་པས་སོ། །ཞེས་དཔལ་ལྡན་ཆོས་སྐྱོང་སྟེ་བིར་ཝ་པའི་སྔོན་དུ་སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཁན་པོ་མཛད་པར་མ་ཟད། འདི་ཉིད་མཁན་པོའི་ཐོག་མ་ཡིན་པར་གསལ་ལོ།།

སློབ་དཔོན་ཡོན་ཏན་བློ་གྲོས་ཀྱི་གསུང་ལ་མཚོན་ན། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[10]། མདོ་སྡེ་ཆི་པ་ལ། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ། སློབ་དཔོན་ཡོན་ཏན་བློ་གྲོས་ཀྱིས་མཛད་པ། བམ་པོ་བཅུ་གཅིག་པ། ལི་མཁན་པོ་སུ་རེནྡྲ་ཀ་ར་པྲ་བྷ་དང༌། ལོ་ཙཱ་བ་དགེ་སློང་ནམ་མཁའི་འགྱུར་སོགས་བཞུགས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དེབ་སྔོན་གསར་མ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༣༩༧

[2] ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ། ༼༣༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༥༥

[3] དེབ་སྔོན་གསར་མ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༧ ལོ། ཤོག་གྲངས་ ༡༠

[4] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༩༦

[5] ལྕགས་ཡོས་ཧོར་ཟླ་ ༡༠ ཚེས་ ༣ བོད་རབ་ལོ་ ༩༢༥ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། སྤྱི་ཟླ་ ༡༢ ཚེས་ ༡ འདས་ལོ་ ༡༩༥༡ ཤོག་ངོས་ ༣ དང་། ལྕགས་ཡོས་ཧོར་ཟླ་ ༡༢ ཚེས་ ༦ བོད་རབ་ལོ་ ༩༢༥ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། སྤྱི་ཟླ་ ༢ ཚེས་ ༡ འདས་ལོ་ ༡༩༥༢ ཤོག་ངོས་ ༢

[6] རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༣༡༧

[7] ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་འབུམ། ༼༡༢༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༥༨

[8] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༩༨

[9] རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༣༡༧

[10] སྡེ་བསྟན་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་ ༣༤༩

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༡༢༥ ནས་ ༡༢༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *