ན༽ མིང་བརྡ་གསར་བཟོ་དང་། ཐ་སྙད་གཅིག་གྱུར།
དེ་ཡང་སྒྲ་སྦྱོར་བམ་གཉིས་ལས[1]། སྐད་ཀྱི་ལུགས་འདིར་བཀས་བཅད་པ་ལས་སོ་སོ་ནས་སུའང་འཆོས་ཤིང་། འོག་ཏུ་མིང་གསར་དུ་འདོགས་སུ་མི་གནང་གིས། བསྒྱུར་བ་དང་འཆད་པའི་གྲྭ་སོ་སོ་ན་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ཡོད་ན་ཡང་། སོ་སོའི་གྲྭ་གྲྭཪ་མིང་འཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་དུ་འབྱུང་བའི་གཏན་ཚིགས་དང་ཆོས་ལ་ཇི་སྐད་དུ་གདམས་པར་དཔྱོད་དེ།
ཕོ་བྲང་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུ་ཆེན་འཚལ་བའི་གྲྭར་ཕུལ་ལ། སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །ཞེས་དང་། ཕྱིན་ཆད་གཟུངས་སྔགས་དང་རྒྱུད་བླ་ནས་བཀའ་སྩལ་ཏེ། བསྒྱུར་ཏུ་བཅུག་པ་མ་གཏོགས། སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་ཐུ་ཞིང་བསྒྱུར་ཏུ་མི་གནང་ངོ་། །[2]ཞེས་བསྒྱུར་རུང་བ་མདོ་ཕྱོགས་ཀྱི་མིང་བླ་ནས་བཀའ་སྩལ་པ་མ་གཏོགས་བསྒྱུར་ཏུ་མི་རུང་བ་གསང་སྔགས་ཀྱི་རྒྱུད། མིང་གསར་འདོགས་པའི་རིམ་པ་སོགས་ཕྲ་ཞིབ་འཐུས་ཚང་དུ་བཀས་བཅད་པ་དང་། མདོ་ཕྱོགས་ཀྱི་ཆོས་ཀྱི་ཐ་སྙད་ཀྱང་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་དང་། དེ་བཞིན་གཤེགས་པ་སོ་སོའི་མཚན། མི་མཉམ་པ་དང་མཉམ་པའི་ཕུང་པོ་དང་། ཡེ་ཤེས་དང་སྐུ་གསུམ་ལ་སོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་མིང་དང་། དེ་བཞིན་གཤེགས་པའི་སྟོབས་བཅུ། མི་འཇིགས་པ་བཞི། མ་འདྲེས་པ་བཅོ་བརྒྱད། སོ་སོ་ཡང་དག་པར་རིགས་པ་བཞི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་སའི་རིམ་པའི་མིང་། ཕར་ཕྱིན་བཅུ། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན། སྟོང་ཉིད་བཅོ་བརྒྱད། འཕགས་པའི་བདེན་པ་བཞི་རྣམས་བཅུ་དག་ཏུ་ཕྱེ་བའི་མིང་དང་། དེ་བཞིན་བདེན་པ་གཉིས། མཚན་ཉིད་གསུམ། དགོངས་པ་བཞི། ལྡེམ་དགོངས་བཞི། ཕུང་པོ་ལྔ། མཚུངས་ལྡན་རྣམ་པ་ལྔ་མཚུངས། ལུང་དུ་བསྟན་པའི་རྣམ་གྲངས་ཀྱི་མིང་། སེམས་ཀྱི་སྐད་ཅིག་མ་བཅུ་དྲུག །ཞི་གནས་དང་ལྷག་མཐོང་། མངོན་མཐོ་ངེས་ལེགས། ལྷག་བཅས་ལྷག་མེད། ཟག་བཅས་ཟག་མེད། འདུས་བྱས་དང་འདུས་མ་བྱས། སོ་སོར་བརྟགས་འགོག་དང་སོ་སོར་བརྟགས་མིན་གྱི་འགོག་པ་བསྡུས་ཡོད་པར་མ་ཟད། སྔགས་དང་འདུལ་བ་ལས་བྱུང་བའི་མིང་དུ་མ་དང་། མུ་སྟེགས་ཅན་གྱིས་བདག་ཏུ་བརྗོད་པའི་རྣམ་གྲངས་དང་། གནོད་སྦྱིན་ལ་སོགས་པ་འཇིག་རྟེན་གྱི་ལྷ་རྣམས་དང་། རི་རབ་གླིང་བཞི་དང་བཅས་པ། ཡུལ་དང་མཐོ་རིས་ཀྱི་ཤིང་གི་རྣམ་གྲངས། ཁམས་གསུམ་གྱི་རིམ་པ་སོགས་བསྡོམས་པས་བརྡ་ཆད་བཞི་བརྒྱ་དང་སུམ་ཅུ་ལྷག་སོ་སོའི་སྐད་དོད་དང་། སྒྱུར་ཚུལ། དེ་དག་གི་མཚན་ཉིད་སྒྲ་བཤད་དང་བཅས་པ་བཀོད་པ་སྟེ། ཆོས་དང་བརྡ་ཆད་རེ་རེའི་ཁུངས་སྟོན་པ་དང་། ཕྱི་རབས་ལོ་ཙཱ་བ་རྣམས་ལོ་ཙཱའི་བྱ་བར་འཇུག་བདེ་བའི་ཆེད་དུ་སྐད་གཉིས་ཤན་སྦྱར་བྱས་པ་དང་། བསྒྱུར་བསྐྲུན་བྱས་པའི་བརྡ་ཆད་རྣམས་དོན་ལ་གནས་ཤིང་། ཚད་མར་གཟུང་ཆོག་པར་སྟོན་ཕྱིར་མཚན་ཉིད་སྒྲ་བཤད་དང་བཅས་པ་རྒྱས་པར་བཀོད་པ་དང་། གཞུང་དོན་གཞན་ལ་མི་འཁྲུལ་པའི་ཆེད་དུ་མིང་གཅིག་དོན་མང་ལ་འཇུག་པའི་རིགས་མེད་པ་དང་། བརྡ་ཆད་ཕན་ཚུན་གྱི་འབྲེལ་པ་ངེས་ཕྱིར་སྤྱི་བྱེ་བྲག་གི་རིམ་པ་ལྟར་བཀོད་པ་དང་། སྦྱོར་ཡུལ་ངེས་ཕྱིར་གཞུང་ཚན་ཞིབ་ཏུ་དབྱེ་བ་སོགས་མདོར་ན་ཚན་རིག་གི་རང་བཞིན་མང་དུ་ཡོད་དོ།།
བརྡ་ཆད་གསར་པ་བསྒྱུར་བསྐྲུན་གྱི་ཐབས་ལ་མདོ་སྡེ་དཀོན་མཆོག་སྤྲིན་དང་། ལངྐར་གཤེགས་པའི་མདོ་སོགས་སྔོན་བཀས་བཅད་ཀྱིས་གཏན་འབེབས་བྱས་ཟིན་པའི་གཞུང་ལས་ཇི་སྐད་དུ་བསྒྱུར་བ་དང་། ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་ལྟར་འབྱུང་བ་དང་། མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པས་ཇི་སྐད་གསུངས་པ་དང་། བོད་སྐད་ཀྱི་སྡེབ་སྦྱོར་སོགས་བརྡ་སྤྲོད་པའི་བསྟན་བཅོས་ལས་ཇི་སྐད་དུ་འདྲེན་པ་སོགས་ལ་ལེགས་པར་བསྟུན། སྔར་མིང་མ་ཐོགས་པ་རྣམས་གསར་དུ་བཏགས། བོད་རང་གི་མིང་སྙན་ཞིང་ལེགས་པར་གང་མཆིས་པ་ཐམས་ཅད་བསྣན། གོ་དཀའ་བ་རྣམས་ཚིག་དོན་སོ་སོར་འཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་བྲིས་པ་སོགས་མང་དུ་བསྟན་ཅིང་། དེ་ལྟར་གཅིག་གྱུར་བཟོ་དགོས་པའི་རྒྱུ་མཚན་གཙོ་བོ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་རྒྱལ་རབས་རིམ་བྱོན་ལ་བསྒྱུར་བའི་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་ཡོད་དོ་ཅོག་ལས། ཆོས་ཀྱི་གཞུང་དང་བརྡ་སྤྲོད་པའི་བསྟན་བཅོས་ལ་མི་མཐུན་པ་རྣམས་སྤང་བ་དང་བརྡ་ཆད་གསར་པ་མང་དུ་བྱུང་བའི་ཕྱིར་རོ།།
བརྡ་ཆད་གཅིག་གྱུར་ཐོག་བཙན་པོ་རིམ་བྱོན་རྣམས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་གནང་བ་དང་། ལོ་པཎ་རྣམས་བསྒྱུར་བྱ་དང་སྒྱུར་བྱེད་ཀྱི་སྐད་ལ་བྱང་ཆུབ་ཅིང་། གཞུང་དོན་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་ནས་བསྒྱུར་བ་དང་། བསྟན་པ་ཕྱི་དར་གྱི་སྐབས་སུ་ལོ་ཙཱ་བ་རྣམས་ཀྱི་མཆོག་རིན་ཆེན་བཟང་པོ་དང་། བློ་ལྡན་ཤེས་རབ་ལ་སོགས་པས་ཀྱང་གཉི་ཟླ་ལ་ཉི་ཟླ་དང་། བསྟན་ཆོས་ལ་བསྟན་བཅོས་དང་། སྟུག་པོ་ལ་མཐུག་པོ་སོགས་ཅུང་ཟད་ཙམ་ལས་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ་གྱི་བརྡ་ཆད་ལས་མ་གཡོས་ཤིང་། བཀའ་ཁྲིམས་བརྩི་སྲུང་སོགས་ཕྱི་ནང་གི་ཆ་རྐྱེན་དུ་མར་བརྟེན། བརྡ་ཆད་དེ་རྣམས་རྒྱ་མཚོའི་ཆུ་རྡུལ་ཇི་སྙེད་དང་མཚུངས་པར་བོད་ཀྱི་ཤེས་རིག་གི་ཁང་ཆེན་གྲུབ་པའི་རྨང་རྡོ་དང་། ཀ་གདུང་སོགས་སུ་གྱུར་ཡོད་དོ།།[3] །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༣
[2] སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༧༣
[3] བསོད་ནམས་རྡོ་རྗེ། ཀྲུང་གོའི་བོད་ཀྱི་ཤེས་རིག ༡༩༩༧ ལོའི་དུས་དེབ་གསུམ་པ། ཤོག་གྲངས་ ༣༩-༥༠ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༣ ནས་ ༤༢༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།