ག༽ མཁན་ཆེན་ཞི་འཚོའི་སྐུ་ཡི་ཆ་ལུགས།
དེ་ཡང་ལས་རབ་གླིང་པའི་དཔལ་མཁན་སློབ་ཆོས་གསུམ་གྱི་སྒྲུབ་ཐབས་ཟབ་ཏིག་ས་ཡ་མ་ལས[1]།
གཡས་སུ་གསང་བདག་ཞི་བ་འཚོ། །རབ་དཀར་གཟི་བྱིན་མཚུངས་པ་མེདཿ
གཡས་གཡོན་ཆོས་འཆད་གླེགས་བམ་འཛིནཿ རབ་བྱུང་ཆས་རྫོགས་པཎ་ཞུ་གསོལཿ
ཞེས་དང་། དེ་བཞིན་གཉན་དགོན་སྤྲུལ་སྐུ་གསུང་རབ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པའི་མཁན་ཆེན་བོ་དྷི་ས་ཏྭ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་ཐུབ་བསྟན་ཉིན་བྱེད་འདྲེན་པའི་སྐྱ་རེངས་ལས་[2]ཀྱང་།
རྣམ་པ་མཐའ་འཁོབ་བོད་ཀྱི་ཡུལ་འདི་རུ། །རྒྱལ་བསྟན་ཐོག་མར་འཛུགས་པའི་བཀའ་དྲིན་ཅན། །
རྣལ་འབྱོར་སྤྱོད་པའི་དབུ་མའི་ཤིང་རྟ་ཆེ། །མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཞི་བ་འཚོ། །
དགེ་སློང་རྣམ་ཅན་ཕྱག་གཡས་ཆོས་འཆད་དང་། །གཡོན་པ་མཉམ་བཞག་སྟེང་ན་གླེགས་བམ་བསྣམས། །
དབུ་ལ་སྡེ་སྣོད་གསུམ་མཚོན་པཎ་ཞུ་དང་། །སྐུ་ལ་ངུར་སྨྲིག་ཆོས་གོས་རྣམ་གསུམ་གསོལ། །
ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །
ཞེས་གསུངས་པ་ལྟར་སློབ་དཔོན་འདིའི་སྐུའི་ཆ་ལུགས་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་སྐུའི་སྣང་བརྙན་གསལ་བར་བྱེད་པའི་མེ་ལོང་ལས[3]། མཁན་ཆེན་ཞི་བ་འཚོ་ཕྱག་གཡས་ཆོས་འཆད། གཡོན་པ་པུས་མོ་གཡོན་པའི་སྟེང་ས་གནོན་གྱི་ཚུལ། ཞབས་སྐྱིལ་ཀྲུང་ཆོས་གོས་དང་དབུ་པཎ་གསོལ་བ། ཞེས་གསུངས་པ་ལྟར། སྐུ་མདོག་དཀར་ལ་རྟེན་དགེ་སློང་གི་རྣམ་ཅན་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། དབུ་ཚད་སོགས་གཞུང་ལུགས་མང་དུ་མཛད་པའི་མཚོན་དོན་དུ་ཕྱག་གཡོན་མཉམ་བཞག་མཛད་པའི་སྟེང་དུ་གླེགས་བམ་བསྣམས་པའམ། གཏེར་ཆེན་རིག་འཛིན་ཉི་མས་ (1931-?) མཛད་པའི་མཁན་ཆེན་བླ་རྣལ་བདུད་རྩིའི་ཆར་རྒྱུན་ལས[4]།
མཚན་འཛིན་རྟོག་པའི་དྲ་བ་དབྱིངས་སུ་ནུབ༔ མི་ཤིག་ཆོས་བདུན་ཚང་བའི་པཎྜི་ཏ༔
ཕྱག་གཡས་སྐྱབས་སྦྱིན་གཡོན་པས་པོ་ཏི་འཛིན༔ ཞབས་གཉིས་དཀྱིལ་ཀྲུང་པདྨའི་གདན་ལ་བཞུགས༔
ཞེས་གསུངས་པ་ལྟར། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་པས་པོ་ཏི་འཛིན་པ། སྡེ་སྣོད་གསུམ་གར་མཁས་པའི་ཕུལ་དུ་བྱུང་བའི་མཚོན་བྱེད་དུ་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་བཞེས་ཤིང་། དགུང་ལོ་ཤིན་ཏུ་མཐོ་བའི་བར་བསྟན་འགྲོའི་མཛད་བཟང་བསྐྱངས་ནས་བཞུགས་པས་སྨ་ར་དང་སྨིན་མ་དཀར་བ། ལ་ལར་ཚེམས་དཀར་གཅིག་ཅན་ཡང་འབྲི་བཞེངས་གནང་སྲོལ་ཡོད་ལ། དབུ་ཐོད་ལ་རི་མོ་གོང་འོག་གསུམ་མམ་ཞལ་རས་ཤིན་ཏུ་བགྲེས་ཉམས་ཀྱི་ཚུལ་དུ་སྐུ་ཚེ་སྟོད་ཀྱི་གདན་ས་དཔལ་ནཱ་ལེནྡྲ་དང་། སྐུ་ཚེ་སྨད་ཀྱི་གདན་ས་བསམ་ཡས་གཙུག་ལག་ཁང་དུ་གཞལ་དཀའི་མཛད་བཟང་བསྐྱངས་པའི་མཚོན་དོན་དུ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཁོ་ར་འཁོར་ཡུག་གི་རྣམ་པ་སྐུའི་རྒྱབ་ལྗོངས་སུ་བཀོད་དེ་བཞུགས་གདན་འབོལ་རྩེག་སྟེང་དུ་སྟན་གདིང་བར་ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའི་རྣམ་པ་ཅན་ནམ། མདོར་ན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ (1846-1912) མཛད་པའི་མཁན་ཆེན་ཡབ་སྲས་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་གྲུ་ཆར་ལས[5]།
སྐྱབས་གནས་ཀུན་འདུས་ཐུགས་རྗེའི་གཏེར་ཆེན་པོ། །ཤཱཀྱའི་སྲས་གཅིག་མཁན་ཆེན་ཞི་བ་འཚོ། །
རབ་བྱུང་ཆ་ལུགས་ཆོས་གོས་པཎ་ཞུས་མཛེས། །ཕྱག་གཡས་ཆོས་འཆད་གཡོན་པར་གླེགས་བམ་བསྣམས། །
ཞེས་གསུངས་པ་ལྟར། མཁན་ཆེན་ཞི་འཚོའི་སྐུ་ཡི་ཆ་ལུགས་ནི། རབ་བྱུང་གི་ཆ་ལུགས་སྐུ་ལ་ཆོས་གོས་རྣམ་གསུམ་དང་། པཎྜི་ཏའི་མཚོན་དོན་དུ་དབུ་ལ་པཎ་ཞྭས་མཛེས་ཤིང་། ཕྱག་གཡས་ཆོས་འཆད་དང་། ཕྱག་གཡོན་དུ་གླེགས་བམ་བསྣམས་པའི་རྣམ་པ་ཅན་ནོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ལས་རབས་གླིང་པའི་གཏེར་ཆོས། ༼ཁ༽ སྒྲུབ་ཐབས། དཔེ་རིང་། ཤོག་གྲངས་ ༣བ༥
[2] གཉན་དགོན་སྤྲུལ་སྐུའི་གསུང་འབུམ། པོད་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༣༧༨
[3] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༣༠༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༤༣
[4] རིག་འཛིན་ཉི་མའི་གཏེར་འབུམ། པོད། ༼ཨ་པ།༽ དབུ་མེད། ཤོག་གྲངས་ ༤༩ ནས་ ༥༨ བར།
[5] མི་ཕམ་རྒྱ་མཚོའི་གསུང་འབུམ། པོད། ༼༣༢༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡ན༡ ནས་ ༢བ༣ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧༣ ནས་ ༡༧༥ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།