༢༦༽ སློབ་དཔོན་མཉྫུ་ཀིརྟི།
དེ་ཡང་པཎ་ཆེན་མཉྫུ་ཀིརྟི་ནི། དཔེ་མེད་འཚོའི་[1]བརྒྱུད་པའི་གསོལ་འདེབས་ཏེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-?) གྱིས་མཛད་པའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་གསོལ་འདེབས་བྱིན་རླབས་རོལ་མཚོ་ལས[2]།
དཔལ་ན་ལེནྡྲའི་གཞལ་ཡས་སུ། །པཎ་ཆེན་མཉྫུ་ཀིརྟི་ལ་གསོལ་བ་འདེབས། །
ཞེས་གསུངས་པ་ལྟར། དུས་ཞབས་པ་ཆུང་བའམ་རྒྱལ་སྲས་ནཱ་ལེནྡྲ་པའི་སློབ་མ་པཎ་ཆེན་མཉྫུ་ཀིརྟིའི་ཞབས་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོའི་པཎ་ཆེན་ཞིག་ཡིན་པར་གསུངས་ཤིང་།
པཎ་ཆེན་འདི་ཉིད་རྒྱུད་སྡེ་གཞན་དང་བཤད་སྲོལ་མི་མཚུངས་པ་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་མཁས་གྲུབ་སྙན་གྲགས་ཅན་ཞིག་ཡིན་ལ། གང་དུ་འཁྲུངས་ཤིང་མཛད་པ་སྐྱོང་ཡུལ་ནི། འཇམ་མགོན་ཨ་མེས་ཞབས་ (1597-1659/1660) ཀྱིས་མཛད་པའི་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས[3]། མདོ་རྒྱུད་ཐམས་ཅད་ཀྱི་ངེས་དོན་གྱི་སྙིང་པོ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ངེས་དོན་གྱི་དབང་དང་བཅས་པ་ཐོབ་པའི་བརྒྱུད་པ་རྭ་ལུགས་ནི། འོག་མིན་གནས་སུ་ཆོས་སྐུ་རྡོ་རྗེ་འཆང་། །ཆོས་དབྱིངས་ཆེན་པོར་ལོངས་སྐུ་དུས་འཁོར་ལོ། །དྷ་ནྱེ་ཀེ་ཊར་སྤྲུལ་སྐུ་ཤཱཀྱ་ཐུབ། །ཤམྦྷ་ལ་རུ་ཆོས་རྒྱལ་རིགས་ལྡན་རྣམས། །ཨོརྦི་པ་རུ་ཙི་ལུ་པཎྜི་ཏ། །བྷཾ་ག་ལ་རུ་པི་ཏོ་ཨཱ་ཙརྻ། །ཝ་རེནྟྲ་རུ་དུས་ཞབས་ཆེན་པོ་དང་། །མཉྫུ་དེ་ཤར་དུས་འཁོར་ཞབས་གཉིས་པ། །རྒྱ་གར་ཤར་དུ་མཉྫུ་ཀིརྟིའི་ཞབས། །ཞེས་པཎྜི་ཏ་མཉྫུ་ཀིརྟི་རྒྱ་གར་ཤར་ཕྱོགས་པ་ཡིན་པར་གསུངས་སོ།།
པཎྜི་ཏ་འདི་ཉིད་དུས་ནམ་ཞིག་བྱོན་མིན་ནི། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་རྒྱུད་སྡེ་རྒྱ་མཚོར་རབ་འབྱམས་སྨྲ་བ་རྣམས་ཀྱིས་བཤད་པའི་སྔོན་འགྲོའི་མཆོད་བརྗོད་ཀྱི་རིམ་པ་འཕང་འགྲོའི་སྒྲ་དབྱངས་ལས[4]། དེབ་སྔོན་དུ་སྤྱིར་ན་རྒྱ་གར་བ་དག་ལའང་གཏམ་ངེས་པ་མེད་པ་སྲིད་དེ། ཉི་མ་དཔལ་གྱིས་མཛད་པའི་ཡན་ལག་དྲུག་གི་འགྲེལ་པ་དབང་གིས་བསྒྱུར་བར། ཉི་མ་དཔལ་ཆོས་འབྱུང་ཞི་བའི་སློབ་མར་བྱས་ལ། པཎ་ཆེན་རིན་པོ་ཆེའི་གསུང་གིས་ཉི་མ་དཔལ་ནི་ཆོས་འབྱུང་ཞི་བའི་བླ་མ་ཡིན་ཞེས་གསུངས། ཁོ་བོས་རྒྱ་དཔེ་གཉིས་མཐོང་བ་ལའང་དེ་ཁོ་ན་ལྟར་སྣང་ངོ་། །ཞེས་དང་། གཏམ་མཐུན་པ་དང་མི་མཐུན་པ་སྣ་ཚོགས་ཡོད་ཀྱང་གཉན་དང་སེ་ལོ་ཙཱ་བའི་ཕྱོགས་ཀྱི་ཨ་བྷ་ཡ་དང་། རྭ་བའི་ཕྱོགས་ཀྱི་མཉྫུ་ཀིརྟི་དང་། འབྲོ་པའི་ཕྱོགས་ཀྱི་ཟླ་བ་མགོན་པོ་རྣམས་དུས་ཞབས་པ་ཆུང་བའི་དངོས་ཀྱི་སློབ་མ་ཡིན་པར་མཐུན་ཞིང་། དུས་ཞབས་པ་ཆུང་བ་དུས་ཞབས་པ་ཆེན་པོའི་དངོས་ཀྱི་སློབ་མར་མཐུན་པའི་ཕྱིར་ཡིད་བདེ་བར་བྱའོ། །ཞེས་གསུངས་པ་ལྟར། དུས་ཞབས་པ་ཆུང་བའི་སློབ་མ་ཡིན་ལ། འདིའི་སློབ་མ་ནི་དུས་འཁོར་ལ་མཁས་པ་བལ་པོ་ས་མནྟ་ཤྲཱིའོ།།
འོན་ཀྱང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་ (1617-1682) མཛད་པའི་རྡོ་རྗེའི་རིགས་ཀྱི་རྒྱུད་སོགས་ཀྱི་ལུང་བརྒྱུད་སྐོར་ལས[5]། ཡང་ན་སངས་རྒྱས། འཇམ་དཔལ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་ཨཱརླ་དེ་ཝ། མཉྫུ་ཀིརྟི། རཏྣ་ཨཱ་ཀ་ར་ཤཱནྟི། སོ་རི་པ། ཨ་བྷ་ཡཱ་ཀ་ར་གུཔྟ། ཤུ་ལྷ་ཀ་ར་གུཔྟ། རྡོ་རྗེ་གདན་པ་གསུམ། བ་རི་ལོ་ཙཱ་བ་མན་འདྲ། ཞེས་ལྔས་རྩེན་གྱི་རིགས་ཀྱི་བརྒྱུད་པ་འཕགས་པ་ལྷའི་རྗེས་སུ་མཉྫུ་ཀིརྟི་ཡིན་པར་གསལ་བས་ཧ་ཅང་སྔ་བར་བྱོན་དགོས་པར་འགྱུར་ལ། ཡོངས་གྲགས་ནི་རིམ་པ་ནི། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ (1813-1899) ཀྱི་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྨིན་གྲོལ་སྙིང་པོ་ཕྱོགས་གཅིག་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དཀར་ཆག་བཀྲ་ཤིས་གྲགས་པའི་རྒྱ་མཚོ་ལས[6]། རྭ་ལུགས་ལྟར་ན། དང་པོའི་སངས་རྒྱས། ཆོས་རྒྱལ་བདུན། རིགས་ལྡན་འཇམ་དབྱངས་གྲགས་པ། པདྨ་དཀར་པོ། ཙི་ལུ་པཎྜི་ཏ། པི་ཊོ་པ། དུས་ཞབས་པ་ཆེ་ཆུང༌། མཉྫུ་ཀིརྟི། ས་མནྟ་ཤྲཱི། རྭ་ཆོས་རབ། རྭ་ཡེ་ཤེས་སེང་གེ །རྭ་འབུམ་སེང༌། ཞེས་གསུངས་པ་ལྟར་དུས་ཞབས་ཆུང་བ་དང་། ས་མནྟ་ཤྲཱིའི་བར་དུ་བྱོན་པ་འདིའོ། །པཎྜི་ཏ་མཉྫུ་ཀིརྟིའི་མཚན་ཉིད་བོད་འགྱུར་གནང་བ་མ་མཇལ་ལ། བོད་སྐད་ལྟར་ན་འཇམ་དཔལ་གྲགས་པ་ལྟ་བུ་ཡིན་མོད། འོན་ཀྱང་རིགས་ལྡན་འཇམ་དཔལ་གྲགས་པ་ནི་མིན་པ་ཡོངས་གྲགས་ལྟར་ལགས་ཤིང་། པཎྜི་ཏ་མཉྫུ་ཀིརྟིའི་རྣམ་ཐར་ཁ་གསལ་ནི་མ་མཇལ་བས་འགོད་ཐབས་བྲལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] སློབ་དཔོན་དཔེ་མེད་འཚོ་ནི། ཕྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ཙམ་དུ་བྱོན་ཞིང་། རིག་གནས་ཀུན་དང་། དུས་ཀྱི་འཁོར་ལོར་ཤིན་ཏུ་མཁས། རྟེན་དགེ་སློང་ཡིན་ལ། སྤྱན་རས་གཟིགས་དང་ཁ་སརྤ་ཎི་ལོ་བཅུ་གཉིས་བསྒྲུབས། བི་ཀྲ་མ་པུ་རིར་ཕེབས་ནས་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅིང་། སློབ་མ་མཁས་པ་མང་དུ་བསྐྱངས་སོ།།
[2] ཤེས་རབ་རིན་ཆེན་གྱི་གསུང་འབུམ། པོད། ༼ཅ༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༨༡
[3] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། ༼ཁ༽ འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༣༤ན༣
[4] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༡༥༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༥༣༣
[5] ༸རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ། ༼༤༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༥༣༣
[6] གདམས་ངག་མཛོད། པོད། ༼ཚ༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༤༥
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༥༥ ནས་ ༤༥༧ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།